ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུའུ་ཞི་ཞིས་ཅིན་ཕིང་གིས་༢༠༡༦ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས་པ།

2016-01-05 ཚེ་རྡོ།
       གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་བརྒྱུད་༢༠༡༦ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས་པ་རེད།
       ཆུ་ཚོད་འགའ་ཞིག་སོང་རྗེས་ལོ་གསར་པའི་ཅོང་སྒྲ་གྲགས་རྒྱུ་རེད། ང་ཚོས་༢༠༡༥ལོར་སྐྱེལ་མ་ཞུས་ཏེ་༢༠༡༦ལོའི་ཉི་འོད་དང་པོ་དེ་བསུ་རྒྱུ་རེད། རྙིང་སྐྱེལ་གསར་བསུའི་སྐབས་འདིར་ངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨའོ་མོན་དམིགས་བསལ་ཁུལ་གྱི་སྤུན་ཟླ། ཐའེ་དབན་གྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་གྲོགས་པོ་བཅས་ལ་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན།
       དཀའ་བ་སྤྱད་ན་གྲུབ་འབྲས་ཐོབ་པར་ངེས། ༢༠༡༥ལོར་ཀྲུང་གོ་མི་དམངས་ཀྱིས་དཀའ་བ་མང་པོ་སྤྱད་པ་དང་གྲུབ་འབྲས་ཀྱང་མང་པོ་ཐོབ་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་མུ་མཐུད་འཛམ་གླིང་མདུན་གྲལ་ལ་སླེབས་པ་དང་། སྒྱུར་བཅོས་ཀྱི་ནུས་ཤུགས་སྒོ་ཀུན་ནས་འདོན་འགོ་ཚུགས་པ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་འགྲོ་བ། “ནན་གསུམ་དྲང་གསུམ”ཆེད་དོན་སློབ་གསོ་བཏང་བས་ཆབ་སྲིད་ཀྱི་སྣོད་བཅུད་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བཞིན་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་བྱུང་ཡོད།
       ༢༠༡༦ལོ་ནི་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་རིམ་གྱི་འགོ་ཚུགས་ལོ་གཅིག་རེད། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འབྱུང་འགྱུར་ལོ་ལྔའི་རང་རྒྱལ་གྱི་འཕེལ་རྒྱས་ཁ་ཕྱོགས་གསལ་པོར་བསྟན་ཡོད། མདུན་ལམ་ནི་མི་རྣམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་བྱ་རྒྱུར་སྐུལ་མ་ཐེབས་དགོས་པ་ཞིག་ཡོད། འོན་ཏེ་བདེ་སྐྱིད་འཚོ་བ་ནི་གནམ་ནས་ལྷུང་མི་སྲིད། ང་ཚོས་རྣམ་པར་རྒྱལ་ངེས་ཀྱི་གདེང་ཚོད་བཅངས་ནས་མུ་མཐུད་དཀའ་སྤྱད་འབད་འཐབ་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་བསྟར་ཏེ་ནུས་ཤུགས་ཡོད་རྒུས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་དང་། ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་སྒོ་དབྱེར་སྐུལ་མ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཐད་ཀྱི་ཁོར་ཡུག་གཙང་མ་གཏོད་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་སྟབས་ཡག་པོ་ཞིག་སྤོ་དགོས།
       ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་མི་འབོར་དུང་ཕྱུར་༡༣གྱིས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་དགོས། གྲོང་གསེབ་ཀྱི་དབུལ་པོ་ཁྲི་སྟོང་ཕྲག་ཁ་ཤས་ཀྱི་འཚོ་བ་ཡག་ཏུ་གཏོང་རྒྱུ་ནི་ང་སེམས་ཁྲལ་བྱེད་ས་ཞིག་ཡིན། ང་ཚོས་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ཀྱི་དུང་བརྡ་གྲགས་ཟིན་པས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་མི་འདང་ས་དེ་ཧུར་ཐག་གསབ་སྟེ་གྲོང་གསེབ་ཀྱི་དབུལ་པོ་ཡོད་དོ་ཅོག་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། མང་ཚོགས་དབུལ་པོ་ཐམས་ཅད་ལ་ང་ཚོས་བྱམས་སྐྱོང་བྱས་ནས་ཁོང་ཚོའི་སེམས་ཀྱི་གཏིང་ནས་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས།
       ང་ཚོར་སའི་གོ་ལ་གཅིག་ལས་མེད་ཅིང་། དེ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་ཁྱིམ་གཞིས་རེད། ལོ་དེར་རང་རྒྱལ་གྱི་འགོ་ཁྲིད་རྒྱལ་སྤྱིའི་ཚོགས་འདུ་མི་ཉུང་བ་ཞིག་ཏུ་ཞུགས་པ་དང་། ཕྱི་འབྲེལ་གྱི་བྱེད་སྒོ་མི་ཉུང་བ་ཞིག་སྤེལ་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་མ་བཏང་བར་ཡར་ཐོན་ངོ་མ་ཐོབ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་༢༠༣༠ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་རྒྱལ་སྤྱིའི་བྱ་བའི་ནང་ཞུགས་ཡོད། དེ་ཡང་འཛམ་གླིང་དེ་ལྟར་ཆེ་བ་དང་གནད་དོན་དེ་ལྟར་མང་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྐད་སྒྲ་ཐོས་རེ་དང་ཀྲུང་གོའི་ཇུས་གཞི་མཐོང་རེ་བྱས་སྟབས། ཀྲུང་གོ་མ་བཞུགས་ན་ག་ལ་འགྲིག སྡུག་བསྔལ་དང་དམག་འཁྲུག་གི་མེ་ལྕེའི་ནང་ལྷུང་མཁན་ཚོར་ང་ཚོས་ཤ་ཚ་དང་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། འགན་ཁུར་བ་དང་བྱ་སྤྱོད་དེ་བས་སྤེལ་དགོས། ཀྲུང་གོས་ནམ་ཡང་འཛམ་གླིང་ལ་ཕྱོགས་པ་དང་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་དཀའ་ངལ་གྱི་གནས་སུ་གྱར་མཁན་ཚོར་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཏེ་ང་ཚོའི“གྲོགས་པོའི་འཁོར་རྒྱ”ཇེ་ཆེར་གཏོང་རྒྱུ་ཡིན།
       རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་ནས་ཞི་འཆམ་མང་ཙམ་ཡོང་བ་དང་མཉམ་ལས་མང་ཙམ་བྱས་ཏེ་ཁ་གཏད་དེ་མཉམ་ལས་དང་འཁྲུག་རྩོད་དེ་ཞི་བདེར་འགྱུར་བ་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཉམ་ཡོད་མཉམ་རོལ་གྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་རྒྱུ་ངས་སྙིང་དབུས་ནས་རེ་བ་བྱེད་ཀྱི་ཡོད།
       ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འབྲེལ་ཡོད་རྩོམ་ཡིག