ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མོ་གེར་དང་མཇལ་འཛོམས་གནང་བ།

2016-06-13
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་དུ་འཇར་མན་གྱི་ཙུང་ལི་མོ་གེར་དང་མཇལ་འཛོམས་གནང་ཡོད་པ་རེད། ལི་ཁེ་ཆང་གིས། མིག་སྔའི་ཆར་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཆུ་ཚད་མཐོ་པོའི་ཐོན་རྒྱུན་མཐུད་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། རེས་བསྐོར་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གིས་གྲོས་མོལ་བྱས་ཏེ་བཏོན་པའི་ཀྲུང་གོ་དང་འཇར་མན་བར་མཉམ་ལས་བྱེད་པའི་བྱ་སྤྱོད་རྩ་གནད་བརྟན་པོའི་སྒོ་ནས་དོན་འཁྱོལ་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་བྱུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་ལས་ཀྱི་མ་འོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན་གནང་བ་དང་།
        ལི་ཁེ་ཆང་གིས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གསར་སྐྲུན་གྱི་རིག་ལམ་འདོན་སྤེལ་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་སྐྱེད་བཏང་ནས། ཐུན་མོང་ཐོག་བྱེད་ནུས་གསར་པ་དེ་བས་མང་བ་གཏོད་དགོས། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་དང་ལྷན་དུ་རེས་བསྐོར་བཞི་པའི་སྲིད་གཞུང་གི་གྲོས་མོལ་ཁྲོད་སྤྱི་ལོ་༢༠༢༥ལོའི་ཀྲུང་གོའི་བཟོ་སྐྲུན་དང་འཇར་མན་གྱི་བཞི་ཚེག་ཀླད་ཀོར་བཟོ་ལས་འབྲེལ་མཐུད་བྱ་རྒྱུ་དང་། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་དང་། རེག་ནུས་བཟོ་སྐྲུན། གསར་སྐྲུན་ལས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་གཏིང་ཟབ་བྱ་འདོད་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ནས་ཀྲུང་གོར་མ་འཇོག་བྱ་རྒྱུ་རྒྱ་བསྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།
        མོ་གེར་གིས། འཇར་མན་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་འགྲོ་ཚུལ་ཡག་པོ་ཡོད་པ་དང་། འཇར་མན་དང་ཀྲུང་གོའི་སྲིད་གཞུང་བར་གྲོས་མོལ་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་བར་གྱི་གལ་ཆེའི་སྒྲིག་གཞི་ཡིན་པའི་ངོས་ནས། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འཇར་མན་གྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ་མཉམ་ལས་ཀྱི་བྱ་སྤྱོད་རྩ་གནད་དོན་འཁྱོལ་ཡག་པོ་བྱེད་པ་དང་། རེས་བསྐོར་བཞི་པའི་སྲིད་གཞུང་གྲོས་མོལ་འགོ་ཡག་པོ་བཙུགས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་སྔར་བས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག