༢༠༡༤ ལོར། རུལ་རྒོལ་ནི་ཀྲུང་གོའི་ཆབ་སྲིད་ལས་དོན་ཁྲོད་ཀྱི་ལས་རིམ་གལ་ཆེན་ཞིག་ཡིན་པ་སྨྲོས་མེད་ཡིན་ཏེ། ལོ་འདིར། ཀྲུང་གོའི་རུལ་རྒོལ་ལས་དོན་དེ་གཞི་ཁྱོན་དང་ཟབ་ཚད། ལམ་ལུགས་འཚོལ་བཤེར་སོགས་གང་ཐད་ནས་བལྟས་ཀྱང་དེ་ལ་སྔར་བྱུང་མ་མྱོང་པའི་ཟིལ་ཤུགས་ཀྱིས་ཁེངས་འདུག་ཅིང་། གལ་ཏེ༢༠༡༣ལོ་ནི་ཀྲུང་གོས་ནུས་ཤུགས་ཆེན་པོས་རུལ་རྒོལ་འགོ་རྩོམ་པའི་ལོ་ཡིན་ན། ༢༠༡༤ལོ་ནི་ཁྲིམས་ལྟར་རུལ་རྒོལ་དང་། ལམ་ལུགས་རུལ་རྒོལ་ལ་རྨང་གཞི་བརྟན་པོ་བསྐྲུན་པའི་ལོ་རེད།
༢༠༡༥ལོར། ང་ཚོས་རུལ་རྒོལ་གྱི་ལས་རིམ་གང་དག་དོ་སྣང་བྱ་འོས་ཞེ་ན།
རུལ་རྒོལ་ཁྲིམས་ལུགས་ཅན་དང་ལམ་ལུགས་ཅན་ལ་གོམ་ཆེན་མདུན་དུ་བསྐྱོད་རེ་ཡོད་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། རུལ་རྒོལ་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཟོ་བར་སྐུལ་འདེད་གང་མགྱོགས་བྱས་ངོར་རུལ་སུངས་སྔོན་འགོག་མ་ལག་འཐུས་ཚང་དུ་བཏང་པ་བརྒྱུད། རུལ་སུངས་བྱེད་མི་སྤོབས་པ་དང་བྱེད་མི་རུང་པ། བྱེད་མི་འདོད་པའི་སྒྲིག་འཛུགས་གོ་ཆོད་པ་བསྐྲུན་ནས། རུལ་སུངས་སྣང་ཚུལ་རྨང་ནས་སྔོན་འགོག་དང་བཀག་འགོག་བྱས་པ་རེད། དེ་ཡང་རུལ་རྒོལ་རྒྱུན་ལྡན་ཅན་གྱི་གནས་བབ་འོག ༢༠༡༥ལོར་དཔག་ལྟས་བྱས་ན། རུལ་རྒོལ་དེ་རུལ་སུངས་དཔོན་རིགས་རྩད་ཞིབ་བྱེད་པ་ལས་ལམ་ལུགས་སྒྲིག་གཞིས་དཔོན་རིགས་ཀྱི་རུལ་སུངས་བྱེད་མི་སྤོབས་པ་དང་། བྱེད་མི་རུང་པ། བྱེད་མི་འདོད་པར་རིམ་གྱིས་བརྒལ་ནས་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་སྔར་བས་སྤྱོད་གཙང་གསལ་ཐག་ཡོང་ཐུབ་རྒྱུ་རེད།
ཉེ་སྔོན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཉེས་ཁྲིམས་འཆར་ཟིན་བཟོ་བཅོས་ཁྲོད་ལྐོག་ཟ་རྔན་ལེན་ལ་ཉེས་ཆད་གཅོད་པའི་ཁྲིམས་རྒྱ་བཟོས་ཤིང་། ཁྲིམས་འཛུགས་སྡེ་ཚན་གྱིས་རྩ་ཁྲིམས་ལས་རུལ་རྒོལ་དོན་ཚན་ལ་བཟོ་བཅོས་བརྒྱབ་ནས། ལྐོག་རྔན་ལེན་མཁན་དང་། རུལ་སུངས་པ། འགོ་ཁྲིད་ཀྱི་ཉེ་ཚན་གྱིས་རུལ་སུངས་བྱེད་པར་ཁྲིམས་རྒྱ་ནན་མོ་བཟོས།
དེ་བས། རུལ་རྒོལ་ཁྲིམས་ལུགས་ཅན་དང་། ལམ་ལུགས་ཅན་ནི༢༠༡༥ལོ་མ་ཟད་ཕྱིས་འབྱུང་ལོ་ཟླའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ནུས་པ་ཡོད་ཚད་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དམ་པ་ཅིག་དང་། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་པ་དེས་རྗེས་ཕྱོགས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རུལ་རྒོལ་ཁ་ཕྱོགས་དང་རྩ་དོན་རྒྱུན་འཁྱོངས་བྱས་ཐོག་མུ་མཐུད་དུ་རུལ་རྒོལ་ལ་རྡུང་རྡེག་ནན་མོ་གཏོང་པ་དང་མཉམ་དུ་ལམ་ལུགས་འཛུགས་བསྐྲུན་ལ་སྐུལ་འདེད། རུལ་རྒོལ་ལམ་ལུགས་ཇུས་འགོད་ལ་ནུས་པ་འདོན་པ། དབང་ཆ་བེད་སྤྱོད་བྱེད་པ་ཚད་ལྡན་དུ་གཏོང་པ་སོགས་བརྒྱུད། བཅའ་ཁྲིམས་ཀྱི་རུལ་རྒོལ་བྱེད་པའི་ལམ་དུ་བསྐྱོད་དགོས་པ་མཚོན་ཡོད།
ལས་རྐང་དང་པོའི་རུལ་རྒོལ་གྱོད་དོན་ཐག་གཅོད་ལ་སྔར་བས་ཤུགས་སྣོན་བྱེད་པ།
སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཚན་བཅོས་སྒྱུར་ནི༢༠༡༤ལོའི་ལས་རིམ་ནང་གི་གནད་དམ་པ་ཞིག་རེད།
ལོ་ངོ་གཅིག་མ་འདས་རིང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་ཐེངས་གཉིས་ལ་སྡེ་ཚན་བཅོས་སྒྱུར་གནང་ནས་ལས་ཀའི་གྲོས་རིམ་མཐུན་སྦྱོར་སྡེ་ཚན༡༡༡ཁུ་བསྡུ་བྱས་ཤིང་། སྒྲིག་ཁྲིམས་ཞིབ་བཤེར་ཁང༤དང་སྒྲིག་བཤེར་ལས་བྱེད་པར་ལྟ་སྐུལ་ཁང༡་གསར་དུ་བཙུགས་ནས་ལས་རྐང་དང་པོའི་རུལ་རྒོལ་གྱོད་གཞི་ཐག་གཅོད་བྱེད་ཚད་ལ་ཐད་ཀར་ཤུགས་སྣོན་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་བཅོས་སྒྱུར་ལ་དཔེ་ལྟ་བྱས་ནས། ཞིང་ཆེན་སོ་གཅིག་གི་སྒྲིག་བཤེར་ཨུ་ལྷན་གྱིས་སྒྲིག་བཤེར་ལྟ་སྐུལ་ཁང༦༡གསར་དུ་བཙུགས།
ལོ་དེའི་ཟླ༡༡པའི་ཚེས༢ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་རུལ་རྒོལ་སྤྱི་ཅུས་རིམ་སྤར་གྱིས། སྒྲིག་བཤེར་ལྟ་སྐུལ་སྡེ་ཚན་དང་གྱོད་དོན་མཐུན་འབྲེལ་གོ་ཆོད་ཡོང་པར་བྱས།
༢༠༡༥ལོར། དེ་དག་ཚོས་ཐུན་མོང་སྒོས་ནུས་པ་ཇི་ལྟར་འདོན་རྒྱུའང་ཀུན་གྱིས་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་འདུག
ཀྲུང་དབྱང་སྐོར་ཞིབ་ཚོགས་པས་ལས་དོན་སྔར་བས་འཐུས་ཚང་དུ་ཡོང་རྒྱུ་རེད།
ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཀྲུང་དབྱང་སྐོར་ཞིབ་ཚོགས་པས་སྐོར་ཞིབ་ཐེངས་བཞིར་སྤེལ། དེའི་ཁྲོད༢༠༡༤ ལོར་སྐོར་ཞིབ་ཐེངས་གསུམ་སྤེལ་བར་གཞི་ཁྱོན་ཆེ་ཞིང་མགྱོགས་ཚད་མྱུར་པ། རྡུང་རྡེག་གནད་དུ་ཁེལ་བ་། རྡུང་ཚད་སྔར་བས་ཤུགས་དྲག་པ་སོགས་ཀྱི་ཁྱད་ཆོས་མངོན་འདུག ༢༠༡༣ལོའི་སྐོར་ཞིབ་ལས་དོན་ཁྲོད་ཀའེ་ཀྲུའུ་ཞིང་ཆེན་གྱི་དེ་སྔའི་རྒྱུན་ཨུ། ཙོན་དབྱི་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་མུའེ་ཧྲོ་ཧྭ། ཧུའུ་པེ་ཞིང་ཆེན་གྱི་དེ་སྔའི་ཧྲིན་ཀྲང་ཟུར་པ་ཀའོ་ཡུས་མེན། སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཁྲུན་པའོ་ཁའེ་ལྟ་བའིུ་སྟག་རྒན་ཁ་ཤས་འཛིན་བཟུང་བྱས་ཡོད་ཅིང་། ༢༠༡༤ལོའི་སྐོར་ཞིབ་ནི་སྐོར་ཞིབ་བྱ་ཡུལ་ག་ས་གང་དུ་དཔོན་རིགས་འཛིན་བཟུང་བྱས་པའི་གྲུབ་འབྲས་ལོན་འདུག
དཔོན་རིགས་འཛིན་བཟུང་ལས་གཞན། ན་ནིང་གི་ཐེངས་འགའི་སྐོར་ཞིབ་ལ་སྤྱི་འགྲོས་རང་བཞིན་གྱི་ཕྱོགས་སྡོམ་ཐད་གྲུབ་འབྲས་ལོན་ཡོད་དེ། པེ་ཅིང་དང་ཀོང་ཞི་སོགས་ས་གནས་ལ་ཀྲུང་དབྱང་སྐོར་ཞིབ་ཚོགས་པས་ཡང་དང་བསྐྱར་དུ“དཔོན་ཆུང་གི་རུལ་སུངས་དངུལ་འབོར་ཆེ་བ”“ཤ་སྦྲང” ལྟ་བུའི་རུལ་སུངས་ཀྱི་གནད་དོན་འབུར་དུ་ཐོན་འདུག་ཅེས་གནས་ཚུལ་ཕྱིར་ལྡོག་བྱས་ཡོད་པ་དང་། ཀོང་ཞི་དང་། སི་ཁྲོན་སོགས་ས་གནས་ལ་འགོ་ཁྲིད་ལས་བྱེད་ཁ་ཤས་ཀྱི་ཉེ་ཚན་བསྐོ་བཞག་གིས་དཔུང་ཁག་སྒྲིག་པ་དང་། ལས་བྱེད་ཁ་ཤས་ཀྱི་ཉེ་འབྲེལ་དང་། ལེགས་སྐྱེས་འབུལ་ལམ་གྱིས་འབྲེལ་བ་བསྐྲུན་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཕྱིར་ལྡོག་བྱས་འདུག
དེ་ལས༢༠༡༥ལོ་མ་ཟད་ཕྱིས་འབྱུང་དུས་ཡུན་རིང་པོའི་ཁྲོད། ཀྲུང་དབྱང་སྐོར་ཞིབ་ཚོགས་པར་དེ་ལས་མི་ཚད་པའི་ལས་ཀ་སྒྲུབ་སྟངས་ཡོད་སྲིད་དེ། དོན་ངོ་མར་གང་ཞིག་ལ་སྐོར་ཞིབ་དང་། མི་དམངས་ལ་གྲུབ་འབྲས་གང་ཞིག་སྟོན་རྒྱུ། ལམ་ལུགས་རུལ་རྒོལ་ལ་སྒུལ་ཤུགས་ག་འདྲ་སྩོལ་བ་བཅས་ནི་ང་ཚོས་རེ་སྒུག་བྱེད་འོས་པ་ཞིག་རེད།
༢༠༡༥ ལོར་ཞིང་ཆེན་དང་པུའུ་རིམ་པའི་མཐོ་རིམ་དཔོན་རིགས་དག་ལ་བསྟུད་མར་ཁྲིམས་ཐག་གཅོད་རྒྱུ་རེད།
༢༠༡༤ ལོའི་ཟླ ༡༢ པའི་ཚེས ༡༠ ཉིན་གྱི་སྔ་དྲོར། རྒྱལ་ཁབ་འཕེལ་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་ཟུར་པ། རྒྱལ་ཁང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ལུའུ་ཐེའུ་ནན་ན་ཧུ་པའེ་ལང་ཧྥང་འབྲིང་རིམས་ཁྲིམས་ཁང་གིས་ཚེ་བཙོན་བཅད།
གསར་འགོད་པར་གོང་སྒྲིག་བྱས་པར། ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་འཛིན་བཟུང་ཐེབས་པའི་ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས༥༠ལྷག་ཡོད་ཅིང་། དེའི་ཁྲིད་མི༤ལ་ཁྲིམས་ཐག་བཅད་ཟིན་པ་དང་། མི་༡༨སྲིད་ཁྲིམས་ཀྱི་གོ་རིམ་དུ་ཚུད་པ། མི༡༢ལ་གྱོད་དོན་ཞིབ་བཤེར་བྱེད་པ། མི༦སྲིད་ཁྲིམས་སྡེ་ཚན་དུ་བསྐྱལ་པ། གཞན་མི༢༨ལ་རྩ་འཛུགས་ཀྱི་ཞིབ་བཤེར་བྱེད་སྒང་རེད།
༢༠༡༥ལོར་ཞིང་ཆེན་དང་པུའུ་རིམ་པའི་མཐོ་རིམ་དཔོན་རིགས་ལ་ཁྲིམས་ཐག་གཅོད་པ་བསྐྱར་དུ་འགོ་རྩོམ་རྒྱུ་ཡིན་ལ། དོན་དངོས་ཐོག་ཁྲིམས་ལྟར་རུལ་རྒོལ་གྱི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་མིན་དང་། དྲང་བདེན་གྱི་ཁྲིམས་ཐག་གཅོད་རྒྱུ་དེ་གནད་གཙོ་བོ་རེད།
ཕྱི་རྒྱལ་དུ་བྲོས་པའི་དཔོན་རིགས་འཛིན་བཟུང་རྒྱུན་ལྡན་ཅན་དུ་འགྱུར་ཐུབ་པ།
༢༠༡༤ལོའི་ཟླ༧པ་ནས་བཟུང་། ཀྲུང་གོའི“ལྦ་རྔོན༢༠༡༤”ལ་འཛམ་གླིང་གིས་དོ་སྣང་ཆེན་པོ་མཛད། ཟླ༡༢པའི་ཚེས༤་ཉིན་ཀྲུང་གོའི་ཉེན་རྟོག་པའི་ཕྱོགས་ནས་སྔ་གཞུག་ཏུ་རྒྱལ་ཁབ་དང་ས་ཁུལ༦༠ནས་ཕྱི་རྒྱལ་དུ་བྲོས་པའི་དཔལ་འབྱོར་ཉེས་ཅན་མི་སྣ༤༢༨འཛིན་བཟུང་ཐེབས་པ་དང་། དེའི་ཁྲོད། གྱོད་དངུལ་སྒོར་ཁྲི་སྟོང་ཡན་ལ་སླེབས་མཁན༡༤༡དང་། ཕྱི་རྒྱལ་དུ་བྲོས་ནས་ལོ༡༠ཡན་འགོར་མཁན༣༡ཡོད་ཅེས་བསྒྲགས།
ན་ནིང་ནས་བཟུང་། ཀྲུང་གོའི་རུལ་རྒོལ་ལས་དོན་ཕྱི་ཕྱོགས་སུ་སྤེལ་འགོ་བརྩམས་ཏེ་རུལ་རྒོལ་ལས་དོན་རིམ་པ་གསར་པ་ཞིག་ཏུ་སྤེལ། ལོ་འགོར། ཁྱོན་ཡོངས་ནས“གཅེར་དཔོན”ལ་དག་ཐེར་ལས་དོན་དེ་ཀོང་ཏུང་སོགས་ཞིང་ཆེན་ཁ་ཤས་ནས་རིམ་གྱིས་རྒྱལ་ཡོངས་སུ་སྤེལ། ལོ་དཀྱིལ་དུ། འཛམ་གླིང་ཡོངས་སུ་རུལ་དཔོན་གྱི་མ་དངུལ་ཕྱིར་ལེན་པའི་ལས་འགུལ་སྤེལ་བ་དེས་ཕྱི་རྒྱལ་གྱི་རུལ་རྒོལ་གོམ་འགྲོས་ཇེ་མགྱོགས་སུ་བཏང་། ཟླ༡༡པའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་ཀྱི་སྐབས༢༦པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་སྟེང་། ཀྲུང་གོས་གྲོས་འགོ་བཏོན་པའི《པེ་ཅིང་རུལ་རྒོལ་བསྒྲགས་གཏམ་》ལ་དངོས་སུ་མིང་རྟགས་བཀོད་ཅིང་། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་སྡེ་ཁོངས་བར་རུལ་རྒོལ་མཉམ་ལས་ཤུགས་སྣོན་བྱེད་ཐུབ་པ་བྱུང་།
རྒྱལ་སྤྱི་དང་མཉམ་ལས་ཀྱི་བྱེད་ཐབས་འདི་དག་ནི་ཀྲུང་གོའི་རུལ་རྒོལ་ལས་དོན་གྱི་སྡོངས་གྲོགས་སུ་ཆགས་ཡོད་དེ། ཕྱི་འབྲེལ་པུའུ་ཡི་བཅའ་ཁྲིམས་སི་སི་ཀྲང་ཞུས་ཧུང་གིས“ལས་རིམ་རྗེས་མར་སྔར་བས་ཐོལ་བརྒལ་གསར་པ་ཡོད་ཐག་ཆོད་ཡིན་ཏེ། རུལ་སུངས་དཔོན་རིགས་ཁྲིམས་ལུགས་ལ་གཞོལ་ནས་ཕྱི་ལ་བྲོས་བྱོལ་འགྲོ་འདོད་པ་དེ་ནི་སྟོང་བསམ་རང་རེད”ཟེར།(རྩོམ་འགན་པ། རྟ་མགྲིན)