༢༠༡༦ལོའི་སྤྱི་ཟླ་༣ཚེས་༡༡ཉིན། ཧྲན་ཏུང་ཞིང་ཆེན་གྱི་ཉེན་རྟོག་པས་རིན་གོང་ལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ལྷག་ཟིན་པའི་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་ཉོ་ཚོང་དོན་རྐྱེན་ཆེན་པོ་ཞིག་རྩད་ཆོད་བྱུང་ཞིང་། རྒྱུ་ནོར་གྱི་ཧམ་སེམས་ཆེན་པོ་དེ་ཁེངས་ཆེད། ཉོ་ཚོང་མཁན་དེ་ཚོས་འགོག་ཁབ་ཀྱི་སྨན་ནུས་ཉམས་པ་དང་འགོག་ཁབ་ནད་དུག་ཅན་དུ་འགྱུར་བར་མ་འཛེམས་པར་ལོ་ངོ་ལྔའི་རིང་ཞིང་ཆེན་༢༤རུ་བྱིས་པའི་འགོག་ཁབ་ཀྱིས་གཙོ་བྱས་པའི་འགོག་ཁབ་རིགས་༢༥ཁྲིམས་འགལ་ངང་ཉོ་ཚོང་བྱས་པ་དང་། དེས་ཕྲུ་གུ་མང་པོར་གནོད་འཚེ་ཚབས་ཆེན་བསྐྱེད་པ་སྟེ་ཕྲུ་གུ་ཁག་ཅིག་གི་ཚེ་སྲོག་ཤོར་ཞིང་། ཁག་ཅིག་དབང་བོ་སྐྱོན་ཅན་དུ་གྱུར་བ། ཡང་ཁག་ཅིག་ལ་ནད་གཞན་པ་བསྐྱེད་ནས་ཕ་མ་དང་གཉེན་ཉེ་ཡོངས་མི་ཚེ་གང་བོར་སྡུག་བསྔལ་གྱི་རྒྱ་མཚོར་འཕངས་ཡོད།
མིང་ལ་ལིའང་ཅ་དབྱི་ཞེས་པའི་བྱིས་པ་འདིས་སྨན་ཁབ་ལད་པོ་བརྒྱབ་རྐྱེན་ནད་ཚབས་ཆེན་ཕོག་ཅིང་། ལོ་༡༢ལ་སླེབས་ནའང་གཟུགས་པོའི་ཆེ་ཆུང་ལ་བྱིས་པ་ལོ་ལྔ་དྲུག་ཅན་ཙམ་ལས་མེད་པ་མ་ཟད། རྐང་ལག་ཞ་ཞིང་དབང་བོ་སྐྱོན་ཅན་ལྟ་བུར་གྱུར་ཡོད།
སྨན་ཁབ་ལད་པོ་བརྒྱབ་རྐྱེན་ནད་ཚབས་ཆེན་ཕོག་པའི་མིང་ལ་ལུང་ཙི་ཁྲུང་ཞེས་པའི་ཕྲུ་གུ་འདི་པར་འདི་བླངས་ནས་ཟླ་གཅིག་མ་ལོན་པར་ཚེ་ལས་འདས་འདུག
དེས་ན་བོད་ཀྱི་ས་ཆ་ཁག་ལ་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་དེ་དག་སླེབས་ཡོད་དམ་ཞེ་ན། ད་སྔ་བརྟག་དཔྱད་བྱས་པའི་འབྲས་བུ་ལྟར་ན། ལྗོངས་ཞིང་ལྔ་ལས་མཚོ་སྔོན་ཞིང་ཆེན་ལ་སྨན་ཁབ་དེ་རིགས་སླེབས་མེད་པ་གསལ་བོར་ཤེས་ཡོད་པ་ལས། གཞན་བཞིས་ད་དུང་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པས་ཁ་ཚོན་གཅོད་དཀའ་བར་ལུས་འདུག
ཐེངས་འདིའི་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་ཅེས་པ་འདི་ནི་གཙོ་བོ་འཁྱག་སྒམ་དུ་མ་ཉར་བའི་སྨན་ནུས་ཉམས་པའམ་ངོ་བོ་གྱུར་བའི་སྨན་ཁབ་ལ་གོ་ཞིང་། སྤྱིར་རིམས་འགོག་སྨན་ཁབ་ཀྱི་ནད་འགོག་རྫས་ནི་གཙོ་བོ་ནད་དུག་ལས་བཏུ་བཞིན་ཡོད་སྟབས་ཉར་ཚགས་དྲོད་དྲང་སོགས་ཚད་དང་མ་ལྡན་ན་ངོ་བོ་གྱུར་ཏེ་དུག་ཚབས་ཆེན་དུ་འགྱུར་བའི་ཉེན་ཁ་ལྡན་ཡོད།
སྨན་ཁབ་ལད་པོས་ནད་ཚབས་ཆེན་ཕོག་པའི་བྱིས་པ་ཆིན་ཁྲུན་ཧོ་ཡིས་འདི་ལྟར་སྡུག་བསྔལ་ཆེན་པོས་ནད་བཅོས་བྱས་ནས་ལོ་དགུ་ཧྲིལ་བོ་ཕྱིན།
མིང་ལ་ཐན་ཅེ་དབྱི་ཞེས་པའི་བྱིས་པ་འདིས་སྨན་ཁབ་ལད་པོ་བརྒྱབ་རྐྱེན་སྒལ་ཚིགས་འཁྱོགས་ཤིང་། གོམ་པ་རྒྱུན་ལྡན་ལྟར་སྤོ་མི་ཐུབ་པར་གྱུར་ཡོད།
སྨན་ཁབ་ལད་པོས་མིང་ལ་ཁྲེན་དབྱི་གྲོ་ཞེས་པའི་བྱིས་པ་འདིས་ཚེ་སྲོག་ཕྲོགས་འདུག
སྨན་ཁབ་ལད་པོས་དབང་བོ་སྐྱོན་ཅན་དུ་གྱུར་བའི་མིང་ལ་ཏུང་ཞིན་ཞིན་ཞེས་པའི་བུ་མོ་འདིའི་རྨོ་མོས་བཤད་པར། རྨོ་མོ་དེ་ཕྱི་ལོགས་སུ་སྔོ་ཚལ་སོགས་ཉོ་བར་འགྲོ་སྐབས་བུ་མོ་ཅོག་ཙེའི་ཐོག་འདི་ལྟར་བཞག་ནས་དུས་ག་ཚོད་འགོར་ཡང་འགུལ་མི་ཐུབ་པས་མར་ལྷུང་མི་སྲིད་པ་རེད།