ཆུ་འཐུང་རྒྱུ་བྱུང་བ་ཁྲོན་པ་འདྲུ་མཁན་གྱི་བཀའ་དྲིན་ཡིན་ཟེར་བ་ལྟར། དྭངས་གསལ་དུས་ཆེན་དུ་འདས་པོར་མཆོད་འབུལ་བྱེད་པ་རེད། དྭངས་གསལ་དུས་ཆེན་གྱི་སྐབས་སུ་རང་ལྗོངས་ཀྱི་ས་གནས་སོ་སོའི་ལས་བྱེད་མང་ཚོགས་དང་ན་གཞོན་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོའི་ནང་དུ་སོང་སྟེ་བང་སོར་གཙང་སྦྲ་དང་མཆོད་འབུལ་བྱས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་དམ་བཅའ་བཞག
ཟླ4པའི་ཚེས4ཉིན། ལྷ་ས་གྲོང་ཁྱེར་གྱི་རིགས་སོ་སོ་དང་སྡེ་ཁག་སོ་སོའི་ལས་བྱེད་དང་ལས་བཟོ་པ་རྣམས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་ནང་དུ་ཡོང་སྟེ་རྣམ་པ་མི་འདྲ་བའི་སྒོ་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས།
ཟླ4པའི་ཚེས4ཉིན་གྱི་སྔ་དྲོ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དཔོན་དམག་རྣམས་རང་ས་ཚིགས་ཀྱི་སྔོན་གཤེགས་དཔའ་བོ་བསྟན་འཛིན་ངག་དབང་གིས་གཞུང་དོན་གྱི་ཆེད་རང་སྲོག་བློས་བཏང་བའི་གནས་སུ་མཆོད་འབུལ་གྱི་བྱེད་སྒོ་སྤེལ་བར་མ་ཟད། ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱས།