མེ་གླིང་ལྷོ་མ་རུ་དྲག་རླུང་དང་ཆུ་ལོག་གི་འཇིགས་པ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་འགའ་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་། དེའི་ཞོར་དུ་གནམ་གཤིས་རྟོག་ཞིབ་སྡེ་ཁག་གིས་བཤད་རྒྱུར། མུ་མཐུད་དུ་གནམ་གཤིས་ཇེ་སྡུག་ལ་འགྲོ་རྒྱུ་རེད་ཟེར།
ཨ་ཀིན་ཐིན་དང་ཀྲི་ལི། ཝུ་ར་ཀུའེ་བཅས་ལ་ཆུ་ལོག་གི་གནོད་པ་ཐེབས། ཆུ་ལོག་གི་གནོད་པ་ལས་མཁར་གྲོང་དང་གཞུང་ལམ་ཆུས་བསྣུབས་པ་དང་། གྲོང་ཁྱེར་མང་བོའི་ཆུ་འདོན་ལ་བར་ཆད་ཐེབས་ཡོད་ཟེར།
ཝུ་ར་ཀུའེ་ནས་མི་བཞི་ཆུ་ལོག་གི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར། ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཏའོ་ལོ་ལོས་སི་ལ་དྲག་རླུང་གི་འཇིགས་པ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར། དུས་རྒྱུན་ནམ་ཟླ་དྲོ་བའི་ཝུ་ར་ཀུའེ་ནས་མི་ཁྲི་གཅིག་ལྷག་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས།
ཀྲི་ལི་ནས་དྲག་ཆར་གྱི་འཇིགས་པ་ཐེབས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་གར་སོང་རྙེད་མེད། ཆུ་ལོག་ལས་རྒྱལ་ས་ཧྲིན་ཏི་ཡཱ་ཀིའི་འཐུང་ཆུར་གནོད་པ་ཐེབས་ཡོད་ལ། མི་ས་ཡ་བཞི་དང་འབུམ་ལྔ་ཙམ་ལ་དེའི་ཤུགས་རྐྱེན་ཐེབས་ཡོད།
དཔོན་རིགས་ཀྱིས་བསྟན་དོན། རྒྱལ་སའི་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་དུ་འགྲོ་བཞིན་ཡོད་པ་དང་འཐུང་ཆུའི་གནད་དོན་ཡང་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད་ཟེར།
ཨ་ཀིན་ཐིན་གྱི་ཨིན་ཐི་ལོས་ལི་ཨོ་སི་ཞིང་ཆེན་སོགས་ནས་མི་ཁྲི་གཅིག་དང་སྟོང་གཉིས་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས།
ཚོད་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིའི་གཟའ་མཇུག་ལ་མེ་གླིང་ལྷོ་མ་རུ་ད་རུང་ཆར་ཆུ་མོད་པའི་གནམ་གཤིས་འབྱུང་རྒྱུ་རེད།