འཛམ་གླིང་ལྕགས་ལམ་གོང་འཕེལ་གྱི་གཞི་རྩའི་ཆོས་ཉིད་ཞིག་ནི་མི་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཚོགས་ཀྱིས་ཁེངས་ནས། ལྕགས་ལམ་རྒྱ་རྒྱུད་གྲོང་ཁྱེར་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཡང་གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་གོང་འཕེལ་དེས་ལྕགས་ལམ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ཐེབས་ནས་སྔར་བས་སྟོབས་ཆེར་འགྲོ་བ་དེ་ཡིན། མཚོ་བོད་ལྕགས་ལམ་ཤར་གཏོང་དབོར་འདྲེན་བྱ་འགོ་ཚུགས་པ་དེས། ཆོས་ཉིད་དེ་ར་སྤྲོད་ཐུབ་པ་ནི་སྨོས་ག་ལ་དགོས།
སྤྱི་ལོ་༢༠༠༦ལོའི་ཟླ་བ་༧པའི་ཚེས་༡ཉིན། མཚོ་བོད་ལྕགས་ལམ་ཤར་གཏོང་དབོར་འདྲེན་བྱ་འགོ་ཚུགས་ཚུན། མཚོ་བོད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས། བོད་ལུགས་གསོ་རིག་དང་སྨན་རྫས། མི་རིགས་ལག་ཤེས་བཟོ་ལས། དེ་བཞིན་སྦགས་གཙོག་མེད་པའི་བཟའ་བཏུང་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་ཁག་ཅིག་སྔར་ན་མེད་པའི་གོང་འཕེལ་བྱུང་ཡོད་པ་རེད།
ནོར་བུ་འདུས་པའི་གཤོང་སར་འབོད་པའི་ཚྭ་འདམ་གཤོང་ས་ཚྭ་ལ་འགྱུར་བ་དང་། རྡོར་འགྱུར་བ་སོགས་ཀྱི་ཐོན་ཁུངས་རེས་འཁོར་རང་བཞིན་གྱི་གསར་སྤེལ་ཐུབ་པ་དང་། ཟི་ལིང་དང་། གོར་མོ། ནག་ཆུ། ལྷ་ས་སོགས་ཕྱོགས་བསྡུས་དངོས་ཟོག་དབོར་འདྲེན་ཁུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྐྲུན་ཟིན་པ་མ་ཟད་གོང་འཕེལ་མགྱོགས་པོ་བྱུང་ནས། ལྕགས་ལམ་རྒྱ་རྒྱུད་ཀྱི་གྲོང་ཁྱེར་གསར་པ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་འགོ་ཚུགས་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཀྲང་ཧའེ་ཅུན་གྱིས། གོར་མོའི་འགྱུར་ལྡོག་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་འགོ་ཚུགས་པ་དང་། ལོ་དེ་ནས་བཟུང་། གོར་མོ་དེ་ཉིད་སྔར་གྱི་མྱ་ངམ་ཐང་གྱི་གྲོང་སྡེ་ཞིག་ནས་རིམ་བཞིན་བྱ་གཞག་གསར་གཏོད་ཀྱི་གྲོང་ཁྱེར་ཞིག་ཏུ་འགྱུར་བ་མ་ཟད། གྲོང་ཁྱེར་གོང་འཕེལ་གྱི་ལམ་བུའི་ཐོག་འབྲས་བུ་གང་ལེགས་ཐོབ་ཡོད་ཅེས་བཤད་པ་དང་། ཁོང་གིས། ཐུང་ཐུང་ལོ་བཅུའི་ནང་། གོར་མོའི་གྲོང་གསར་དེ་ཉིད་རྟ་ཕོ་མུ་མེད་རྩ་ཐང་དུ་རྒྱུགས་པ་བཞིན། རིགས་ཁག་ནི་ཐོན་ལས་རྣམ་གྲངས་དང་། གྲོང་ཁྱེར་འཛུགས་སྐྲུན། ཆ་འགྲིག་སྒྲིག་ཆས་བཅས་ཚང་མ་མགྱོགས་མྱུར་གོང་འཕེལ་བྱུང་བ། ལས་རིགས་དང་། ཐོན་ཁུངས་ཚན་པ་ཁག་དང་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་སྤེལ་བས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་འགྲོ་བའི་རྣམ་པའི་ཐོག་གནས་ཡོད་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།
ནག་ཆུར་ལོ་ངོ་༦༠ལྷག་འཚོ་བ་སྐྱེལ་བའི་རྡོ་རྗེ་ལགས་ཀྱིས། ལོ་བཅུའི་ནང་། བོད་བྱང་ཐང་གྱི་ནག་ཆུ་གྲོང་རྡལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ། ནག་ཆུ་གྲོང་རྡལ་གྱི་རྒྱ་ཆེ་བའི་གཞུང་ལམ་ཐོག་སྐྱོད་ནས། རྒྱང་རིང་དུ་བལྟ་དུས། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཁང་པ་གང་སར་མཐོང་རྒྱུ་ཡོད་ཅེས་གསུངས་པ་དང་། འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དེས། ཁྱད་ལྡན་ཐོན་ལས་གོང་འཕེལ་དང་ཚོང་ལས་དར་རྒྱས་བྱུང་བས། ནག་ཆུ་དེ་ཉིད་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཞིག་ཏུ་འགྱུར་ཡོད་པ་རེད།
གཞིས་རྩེ་ནི་བོད་ཀྱི་གྲོང་ཁྱེར་གཉིས་པ་ཡིན་པ་དང་། མཚོ་བོད་ལྕགས་ལམ་གྱི་རྒྱ་བསྐྱེད་ལམ་ཐིགས་ཀྱི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ནི་སྤྱི་ལོ་༢༠༡༤ལོར་ཤར་གཏོང་ཐུབ་རྗེས། གཞིས་རྩེའི་མེ་འཁོར་འབབ་ཚུགས་དེ་ཉིད་ཀྲུང་གོའི་ལྕགས་ལམ་དྲ་བའི་ལྷོ་ནུབ་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་ལྟེ་གནས་ཤིག་ཏུ་འགྱུར་ཡོད།
གཞིས་རྩེ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་ལས་དོན་མི་སྣས། མིག་སྔའི་ཆར་གཞིས་རྩེའི་ལྟེ་བའི་གྲོང་ཁུལ་གྱི་འཛུགས་སྐྲུན་རྒྱ་ཁྱོན་དེ་སྤྱི་ལེ་ངོ་སྙོམས་གྲུ་བཞི་མ་༣༣དང་གྲངས་ཆུང་༥༨བར་རྒྱ་བསྐྱེད་བཏང་བ་དང་། ས་ཁང་ཐོན་ལས་གསར་སྤེལ་ཁེ་ལས་ཀྱང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་སྐབས་ཀྱི་ཁེ་ལས་༦ནས་ད་ལྟའི་ཁེ་ལས་༡༡བར་མང་དུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཚོང་སྒྱུར་སྡོད་ཁང་གསར་སྤེལ་གྱི་རྒྱ་ཁྱོན་དེ་རྨིད་ངོས་སྙོམས་གྲུ་བཞི་མ་འབུམ་བཞི་ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། འཆར་འགོད་ལྟར་ན། མ་འོངས་པའི་ལོ་༥ནང་། གྲོང་ཁྱེར་དེའི་འཛུགས་སྐྲུན་ཟིན་པའི་ས་ཆའི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༥༤སླེབས་རྒྱུ་ཡིན་པ་རེད།