ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧན་གོའི་རྒྱལ་དོན་ཙུང་ལི་ཧོང་ཅའོ་ཨན་དང་མཇལ་འཛོམས་གནང་བ།

2016-07-01
ཀ +

ཞིས་ཅིན་ཕིང་གིས་ཧོང་ཅའོ་ཨན་གྱིས་ཀྲུང་གོར་འཚམས་འདྲི་གནང་བ་དང་འབྲེལ་དབྱར་དུས་ཀྱི་ཟླ་ཨའོ་སི་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུས་གནང་ཞིང་། ཁོང་གིས་མིག་སྔར་ཀྲུང་གོ་དང་ཧན་གོའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཡོང་བཞིན་ཡོད། ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་མངོན་བཞིན་ཡོད་པས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་བྱེད་པའི་ཐད“ཁྲི་ཆིག་སྟོང་+”ཀྱི་དུས་རབས་ཕྱོགས་སུ་སྐྱོད་དེ་ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་མཐུད་དང་མཐུན་སྦྱོར་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་རང་ཉིད་དང་ཙུང་ཐུང་ཕེའོ་ཅིན་ཧུའེ་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རིམ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་ཧོང་ཅའོ་ཨན་གྱིས་ཙུང་ཐུང་ཕེའོ་ཅིན་ཧུའེ་ལ་འཚམས་འདྲི་ཟབ་མོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་གསུངས་པ་དང་སྦྲགས་ནན་བཤད་གནང་དོན་ཀྲུང་གོ་དང་ཧན་གོས་མཐོ་རིམ་ཕན་ཚུན་སྐུལ་སློང་གི་སྣེ་ཁྲིད་ནུས་པ་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱེད་དགོས། ཕྱོགས་གཉིས་པོས་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་སོགས་ཀྱི་ཐབས་ལམ་བརྒྱུད་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ལམ་སྲོལ་རང་བཞིན་གྱི་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་གང་ལེགས་སྤྱད་དེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དངོས་གཉེར་མཉམ་ལས་ཀྱི་སྣེ་འཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་སྒུལ་ཤུགས་བསྣན་དགོས། རེ་བར་ཕྱོགས་གཉིས་པོས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དེ་ཧན་གོའི“ཡོ་རོབ་དང་ཨེ་ཤེ་ཡའི་དབར་གྱི་གྲོས་གཞི”སོགས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་ཐུབ་པ་བྱས་ཏེ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གཏོད་པ་དང་ཀྲུང་གོ་དང་ཧན་གོའི་རང་མོས་ཉོ་ཚོང་གྲོས་ཆོད་དོན་འཁྱོལ་བྱས་ཏེ་ནོར་སྲིད་དང་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་འབྲེལ་མཐུད་ནུས་པ་སྲ་བརྟན་དུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད། ཧན་གོ་ཕྱོགས་ཀྱིས་འདི་ལོ་གཉེར་བའི་ཧན་གོའི་ཡུལ་སྐོར་ལོའི་བྱེད་སྒོ་ཁག་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོས་སྤེལ་རེས་དང་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་དོན་འཁྱོལ་གྱིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཆེད་ལས་སྟེགས་གལ་ཆེན་གཏོད་པ་དང་སྒྲོམ་གཞི་ཡག་པོ་འདིང་རྒྱུའི་རེ་བ་ཡོད་ལུགས་གསུངས་པ་རེད།

འབྲེལ་ཡོད་རྩོམ་ཡིག