“ཉ་དང་དོམ། གཙོད། ཁུག་རྟ་བཅས་ནི་ཨོ་ལིན་ལུས་རྩལ་འགྲན་ཚོགས་ཀྱི་མཚོན་རྟགས་གལ་ཆེན་ཡིན”པ་དང་། 2008ལོའི་ཨོའོ་ལིན་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་པའི་མཚོན་རྟགས་ཀྱི་དངོས་པོ་བརྒྱད་པོ་དེ་ད་རུང་ཁྱོད་ཀྱིས་དྲན་པའི་ཡོལ་རས་ཀྱི་ངོས་སུ་གསལ་ལམ་མེར་ཡོད་སྲིད། དེའི་ཁྲོད་ཀྱི་གཅིག་ནི་སྤྱང་གྲུང་འཛོམས་ཤིང་རྣམ་རིག་གསལ་བ། རི་མཐོ་ས་གཙང་གི་གནས་ན་འཕུར་བསྐྱོད་བྱེད་བཞིན་པའི་མཚོ་བོད་མཐོ་སྒང་གི་ཁྱད་ནོར་རི་དྭགས་གཙོད་ཡིན་པ་རེད། བཀྲ་ཤིས་པའི་སྨོན་ཚིག་ཅིག་འདི་ལྟར་འཛམ་གླིང་གི་ཡུལ་གྲུ་སོ་སོར་འདས་པའི་ལོ་རྒྱུས་ཁྲོད་དངོས་སུ་ བསྐྱལ་ཡོད།
གཙོད་ནི་མདོ་དབུས་མཐོ་སྒང་དུ་གནས་པའི་རི་སྐྱེས་སྲོག་ཆགས་ཤིག་སྟེ། སུག་བཞི་རིང་ཞིང་རྣ་བ་ཆུང་ལ་ཕོ་ལ་རྭ་ནག་ཅིང་ཕྲ་བོ་ཁྲུ་ཙེ་གང་ཙམ་ཡོད་པ་ཞིག་ཡིན་ལ། མདོ་དབུས་མཐོ་སྒང་དུ་འཚོ་བའི་རི་དྭགས་གཙོད་ལ་གདོད་ནས་གྲུབ་པའི་རང་བཞིན་བཟང་བོ་ཞིག་ཡོད་པ་ནི་མཐོ་བ། མགྱོགས་པ། བརྟན་བརླིང་གི་འདུ་ཤེས་མངའ་ཞིང་སྐྱེས་ཁམས་ཁོར་ཡུག་གི་ངོས་ནས་ཁྱད་ཆོས་ལྡན་པས།“ལྗང་མདོག་གི་ཨོ་ཡོན་དང་མི་ཆོས་ཀྱི་ཨོ་ཡོན། ཚན་རྩལ་གྱི་ཨོ་ཡོན”ཞེས་པའི་པེ་ཅིང་ཨོ་ལིན་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་དང་ཡོངས་སུ་མཐུན་པ་རེད། བཀྲ་ཤིས་པའི་མཚོན་རྟགས་འདིའི་རི་དྭགས་གཙོད་ཀྱི་མགོ་ཡིས་མཚོ་བོད་མཐོ་སྒང་དང་ཤིན་ཅང་སོགས་ནུབ་རྒྱུད་ས་ཁུལ་གྱི་ཁྱད་ཆོས་མངོན་ཡོད་ལ། དེ་ནི་བཀྲ་ཤིས་པའི་མཚོན་རྟགས་ཁྱད་དངོས་བརྒྱད་ཀྱི་ཁྲོད་ཀྱི་ཁ་མདོག་སེར་བོ་ཡིན་པའི་བཀྲ་ཤིས་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
མདོ་དབུས་མཐོ་སྒང་གི་ཁྱད་ནོར་རི་དྭགས་གཙོད་ནི་ནུབ་རྒྱུད་ས་ཁུལ་གྱི་གཟི་བརྗིད་ཅིག་ཏུ་གྱུར་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཤུལ་ནོར་རྩ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རིམ་པ་དང་བོའི་རིགས་སུ་གྱུར་ཡོད་པ་དང་། ཆོག་མཆན་མ་ཐོབ་པར་རི་དྭགས་རྔོན་པ་དང་ཉོ་ཚོང་གི་རིགས་ཁྱོན་ཡོངས་ནས་གཏན་འགོག་བྱས་ཡོད། དེ་དང་ཆབས་ཅིག《རྒྱལ་སྤྱིའི་སྲུང་སྐྱོབ་བྱེད་པའི་ཉེན་གནས་ཅན་གྱི་རི་སྐྱེས་སྲོག་ཆགས་ཉོ་ཚོང་གི་སྤྱི་སྲོལ》དུ་ཚུད་ཡོད་པ་དང་། རྒྱ་གར་སོགས་ས་གནས་ཁག་གཅིག་གི་ཁྱད་པར་ཅན་གྱི་གནས་ཚུལ་མ་གཏོགས། རྒྱ་གར་སྲིད་གཞུང་གིས་ཀྱང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྩ་ཁྲིམས་སུ་འདིའི་སྐོར་གྱི་ཆོད་དོན་གཏན་འབེབས་བྱས་ཡོད་པ་དང་རི་དྭགས་གཙོད་གསོད་པ་དང་ཉོ་ཚོང་བྱེད་པའི་རིགས་ཀྱང་གཏན་འགོག་བྱས་ཡོད།
ལོ་རབས90བ་ནས་བཟུང་། རི་དྭགས་རྔོན་པ་ལ་བརྟེན་ནས་གཙོད་ཀྱི་གྲངས་འབོར་སྐད་ཅིག་ཏུ་མར་ཆགས་པ་དང་། ཀྲུང་གོ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རི་དྭགས་གཙོད་ཀྱི་པགས་པ་དང་ཁུ་ལུ་རྩད་གཅོད་ལག་སོན་བྱུང་བའི་དངོས་པོ་དང་འབྲེལ་ཡོད་སྡེ་ཁག་གི་རི་དྭགས་གཙོད་ཀྱི་ཁྱབ་ཡུལ་ནས་རྙེད་པའི་རུས་པར་དབྱེ་ཞིབ་བྱས་པ་གཞིར་བཟུང་ན། ལོ་རེར་རི་དྭགས་རྔོན་པ་ལ་བརྟེན་ནས་མེད་བརླགས་སུ་གཏོང་བཞིན་པའི་རི་དྭགས་གཙོད་ཀྱི་གྲངས་འབོར་ནི་ཆ་སྙོམས་བྱས་ན20,000ཡིན་ལ། རི་དྭགས་རྔོན་པའི་གནས་སྟངས་འདིས་རི་དྭགས་གཙོད་ཀྱི་འཚོ་གནས་ཐད་ལ་འཇིགས་སྣང་ཚབས་ཆེན་བསྐྱལ་ཡོད་པ་རེད།
ཉེན་གནས་དང་རྩ་བརླགས་སུ་འགྲོ་བཞིན་པའི་རི་དྭགས་གཙོད་ལ་ཐབས་ཤེས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། རྒྱལ་ཁབ་ཀྱིས་རི་དྭགས་འདི་ལ་སྲུང་སྐྱོབ་ས་ཁུལ་གཏན་འབེབས་བྱས་པར་མ་ཟད། དྲག་ཆས་ལ་བརྟེན་ནས་རི་དྭགས་རྔོན་མཁན་ལ་བཀག་འགོག་ཤུགས་ཆེན་བྱས། དཔེར་ན། 1999ལོར་རྒྱལ་ཁབ་ནགས་ལས་ཉེན་རྟོག་ཅུད་ཀྱིས་མཚོ་སྔོན་དང་ཤིན་ཅང་། བོད་ལྗོངས་གསུམ་གྱི་རི་དྭགས་རྔོན་མཁན་ལ་དྲག་རྡུང་བྱེད་པའི་འགུལ་བསྐྱོད་རབ་དང་རིམ་པ་སྤེལ། ལོ་དེའི་ཟླ10པར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་རི་དྭགས་གཙོད་ལ་སྲུང་སྐྱོབ་དང་ཉོ་ཚོང་གི་ཐད་ནས་རྒྱལ་སྤྱིའི་གྲོས་ཚོགས་བརྒྱུད་དེ《ཟི་ལིང་གི་ཁྱབ་བསྒྲགས》ཞེས་པ་དངོས་སུ་སྤེལ་བ་དང་། ཚོགས་འདུར་ཞུགས་པའི་མི་རྣམས་ཀྱིས་རི་དྭགས་གཙོད་ཀྱི་ཁུ་ལུས་བཟོས་པའི་ཐོན་རྫས་དང་ལས་སྣོན་སྔོན་འགོག་བྱས་ཏེ། རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མངོན་པར་མཚོན་ཡོད།