སྤྱི་ལོ་༢༠༡༥ལོའི་ཟླ་༡༡པའི་ཚེས་༣༠ཉིན་སྤོ་ལོ་བ་གྲགས་ཅན་ཁོའོ་བྷེ་(Kobe)ཡིས་དངོས་སུ་སྤོ་རྩེད་པའི་གླེང་སྟེགས་དྲ་བ་རུ་《སྙིང་ནས་བརྩེ་བའི་སྤོ་ལོ》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཞིང་། རྩོམ་དེའི་བརྗོད་དོན་ནི། ཁོ་རང་བྱིས་དུས་ནས་ད་བར་དུ་སྤོ་ལོར་དགའ་ཞིང་ཆགས་པའི་བརྒྱུད་རིམ་དང་ད་ནི་སྤོ་ལོ་རྩེ་བར་སེམས་ཀྱིས་ལྕོགས་ཀྱང་ལུས་པོས་མི་ལྕོགས་པར་བརྟེན་སྤོ་ལོར་གྱེས་བརྡ་མི་གཏོང་ཀ་མེད་ཡིན་སྐོར་བརྗོད་ཡོད་པ་དང་། ཏག་ཏག་ཉིན་དེར་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐེངས་འདིའི་འགྲན་བསྡུར་མཇུག་སྒྲིལ་རྗེས་སྤོ་ལོ་རྩེ་མཚམས་འཇོག་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་ཤིང་། དེ་ནས་བཟུང་འཛམ་གླིང་ཡུལ་གྲུ་སོ་སོའི་ལུས་རྩལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོའི་གསར་འགྱུར་རྐྱང་རྐྱང་གིས་གང་། ཁྱབ་བསྒྲགས་དེ་བྱས་པ་ནས་ཁོ་རང་གང་དུ་སོང་ནས་འགྲན་བསྡུར་བྱས་ཀྱང་ཡུལ་དངོས་ཀྱི་ལྟད་མོ་བ་ཁྲི་སྟོང་མང་པོས་ཁོ་ལ་དགའ་འབོད་དང་དགའ་བསུ་བྱེད་པར་མ་ཟད། འགྲན་ཡའི་ཚོགས་པ་གང་མང་ཞིག་གིས་ཆེད་དུ་ཁོ་ལ་སྐྱེལ་མའི་གྱེས་ཚིག་ཕུལ་བ་དང་བརྙན་འཕྲིན་དང་དྲ་ལམ་མང་པོ་ཞིག་ནས་ཀྱང་ཁོའི་འགྲན་སྡུར་རེ་རེ་ཐད་གཏོང་བྱས་པར་མ་ཟད་ཆེད་དུ་ཁོའི་མི་ཚེའི་སྐོར་ལ་བགྲོ་གླེང་གི་ལེ་ཚན་སོགས་བཟོས། ད་དུང་གཞུང་འབྲེལ་མ་ཡིན་པའི་འཛམ་གླིང་ཡུལ་གྲུ་སོ་སོའི་མི་སྒེར་དང་ཚོགས་པ་ཁྲི་ཁྲི་འབུམ་འབུམ་གྱིས་ཁོ་ལ་སྐྱེལ་མའི་ཡི་གེ་དང་སྐད་ཆ། གླུ་གཞས་སོགས་དྲ་བའི་སྒང་ནས་ཕུལ་ཡོད་པ་རེད།
གང་ལྟར་དེ་རིང་ནི་ཏག་ཏག་ཁོས་བཤད་པའི་འགྲན་ཐེངས་འདིའི་མཇུག་སྒྲིལ་བའི་ཉིན་མོ་སྟེ་སྤྱི་ལོ་༢༠༡༦ལོའི་ཟླ་༤བའི་ཚེས་༡༤རེད། ཉི་མ་འདི་ནི་འཛམ་གླིང་སྤོ་ལོའི་རྒྱུས་སྟེང་གི་རླབས་ཆེ་བའི་མི་སྣ་ཁོང་ལས་འཁྱུར་ངལ་གསོ་བྱེད་པའི་ཉི་མ་རེད། ད་ལོ་ཁོ་རང་ལོ་སོ་བརྒྱད་ཡིན་ལ་ཁྱོན་ལོ་ངོ་ཉི་ཤུའི་རིང་ལ་ཨ་རིའི་མནའ་འབྲེལ་སྤོ་ལོ་མཐུན་ཚོགས་ནས་སྤོ་ལོ་རྩེས་པ་དང་ལོ་ངོ་འདི་དག་གི་རིང་ལ་ཁོས་སྤོ་ལོའི་རྒྱུས་སྟེང་གི་ཟིན་ཐོ་མང་པོ་བཏོད་ཅིང་བྱས་རྗེས་བླ་མེད་བཞག་སྟེ་འཛམ་གླིང་ཡུལ་གྲུ་སོ་སོའི་སྤོ་ལོར་དགའ་མཁན་ཁྲི་སྟོང་མང་བོའི་ཡིད་སེམས་དབང་མེད་བཀུག་པ་དང་། ཁོ་ལ་དགའ་མཁན་གྱི་མི་ནི་འཛམ་གླིང་ཤར་ནུབ་ཀུན་ལ་བགྲང་གིས་མི་ལངས་ཤིང་ཁོའི་འབད་བརྩོན་དང་སྡུག་རུས། ཆོད་སེམས་དང་རྒྱུན་འཁྱོངས་བཅས་ཀྱིས་མི་གང་མང་ཞིག་ལ་ཡར་སྐུལ་ཐེབས་མྱོང་བར་མ་ཟད་འཚོ་བར་དཀའ་ངལ་ཡོད་པའི་མི་གང་མང་ཞིག་ལ་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་འཚོ་བའི་གནས་སྟངས་དང་མི་ཚེ་ལའང་འགྱུར་ལྡོག་བཏང་ཡོད།
ཁོས་ཨ་རིའི་མནའ་འབྲེལ་སྤོ་ལོ་མཐུན་ཚོགས་ཁྲོད་ནས་བཏོད་པའི་ཟིན་ཐོ་དང་བྱས་རྗེས། ད་དུང་ཁོ་ལ་ཐོབ་པའི་བྱ་དགའི་གྲངས་འབོར་སོགས་ཞིབ་ཕྲའི་གནས་ཚུལ་འགོད་མི་ཚར་བ་ཞིག་མཆིས་པས། འདིར་བྱ་དགའི་རྣམ་གྲངས་རགས་བསྡུས་ཤིག་བཀོད་ཡོད།
• ② ཐུར་རྫོང་འགྲན་བསྡུར་གྱི་ཨང་དང་པོའི་བྱ་དགའ་གཅིག་ཐོབ། (༡༩༩༧)
• ②རྒྱུན་སྐོར་འགྲན་བསྡུར་ཁྲོད་ཀྱི་ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པའི་བྱ་དགའ་གཅིག་ཐོབ། (༢༠༠༨)
• རྟིང་རྩོད་འགྲན་བསྡུར་གྱི་③ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པའི་བྱ་དགའ་བསྟུད་མར་ལོ་གཉིས་ལ་ཐོབ། (༢༠༠༩/༢༠༡༠)
• ལོ་རེར་ཐེངས་རེ་སྤེལ་བཞིན་པའི་ཨ་རིའི་ཤར་ནུབ་གཉིས་ཀྱི་④སྐར་ཆེན་ཚོའི་འགྲན་བསྡུར་ཁྲོད་ཐེངས་བཞི་ལ་ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པའི་བྱ་དགའ་ཐོབ། (༢༠༠༢/༢༠༠༧/༢༠༠༩/༢༠༡༡)
• ཁོ་ཚོགས་པ་དེར་བསྡད་པའི་རིང་ལ་ཚོགས་པར་རྟིང་རྩོད་བྱ་དགའ་ཐེངས་ལྔ་ལ་ཐོབ། (༢༠༠༠/༢༠༠༡/༢༠༠༢/༢༠༠༩/༢༠༡༠)
• ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ། (༢༠༠༨/༢༠༡༢)
①ཐུར་རྫོང་། Slam dunk 扣篮大赛
③ རྒྱུན་སྐོར་འགྲན་སྡུར། Regular season 常规赛
④ ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པ། MVP 最有价值球员
④སྐར་ཆེན་ཚོའི་འགྲན་སྡུར། All-Star game 全明星赛