ཀྲུང་གོ་གསར་པ་དབུ་བཪྙེས་རྗེས་། ཞིས་ཀྲུང་ཞུན་གྱིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཐོག་ཐད་སེམས་ཤུགས་ཆེན་བཀོལ་པ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཟུར་པ་ཡན་ཧྥུའུ་མེན་གྱིས《ཞིས་ཀྲུང་ཞུན་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན》ཞེས་པའི་རྩོམ་ཡིག་ནང་ཕྱིར་དྲན་བྱས་དོན། ཞིས་ཀྲུང་ཞུན་ཁོང་གིས་བརྒྱ་ཆའི་བདུན་ཅུ་བརྒྱད་ཅུའི་ཡན་གྱི་ནུས་ཤུགས་དང་དུས་ཚོད་མ་ལུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐོག་སྤྱད་མྱོང་ཞེས་གསུངས་སྐད། ས་གནས་སུ་སྲིད་བསྐྱངས་པའམ་ཀྲུང་དབྱང་གི་ལས་འགན་འཁུར་བ་གང་ཡིན་རུང་། ཞིས་ཀྲུང་ཞུན་གྱིས་རྒྱུན་དུ“འཐབ་ཕྱོགས་གཅིག་གྱུར”གྱི་ལས་དོན་ཡིད་ལ་བཟུང་ཞིང་། ཏང་གི་མི་རིགས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་གནང་བ་རེད།
ཞིས་ཀྲུང་ཞུན་ཀྲུང་ནན་ཧའེ་སྲིད་བརྩོན་ཚོམས་ཆེན་གྱི་གཞུང་ལས་ཁང་དུ་བཞུགས་པ།
“སྣང་མེད་དུ་འཇོག་མི་རིགས།”
ཀྲུང་གོའི་ཏང་གི་ལོ་རྒྱུས་དྲ་བའི་ནང《ཧུའུ་ཡའོ་པང་། ཞིས་ཀྲུང་ཞུན་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་ཇེ་མགྱོགས་སུ་གཏོང་བ》ཞེས་པའི་རྩོམ་ཡིག་སྤེལ་པ་དང་། རྩོམ་ཡིག་དེར། སྤྱི་ལོ1985ལོར་། ཞིས་ཀྲུང་ཞུན་གྱིས་སྲིད་ཇུས་དངོས་འབེབས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་འཁོད་འདུག ཞིས་ཀྲུང་ཞུན་གྱིས་བསྟན་དོན། ང་ཚོའི་བློ་མཐུན་རྣམས་ཀྱིས་ཆོས་ལུགས་དང་། མང་ཚོགས་ཁག་ཅིག་ལ་ཆོས་དད་བྱེད་དུ་འཇུག་རྒྱུ་དེ་ང་ཚོས་འདོད་བློ་ལྟར་བསྒྱུར་མི་ཐུབ་པའི་དངོས་དོན་ཞིག་ཡིན་པ་དེ་ཁ་གསལ་བོར་ངེས་དགོས། འདིའི་ཕྱོགས་ཀྱི་གནད་དོན་ལ་ང་ཚོས་ངེས་པར་དུ་གཟབ་ནན་གྱི་སྒོ་ནས་ལྟ་སྟངས་ཡང་དག་བཟུང་སྟེ། སྟབས་བདེ་བ་དང་སྲིད་འཛིན་བཀའ་འབེབས་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་གཏན་ནས་བྱ་མི་རུང་། ཏང་གི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་དང་། ཏང་གིས་ཆོས་ལུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་གཏོང་བའི་ཕྱོགས་གལ་ཆེན་ཞིག་རེད།
གསུང་བཤད་ཀྱི་མཇུག་ཏུ་། ཞིས་ཀྲུང་ཞུན་གྱིས་དེ་ནི་རྒྱུ་མེད་རྐྱེན་མེད་དང་སྤྱིར་བཏང་རང་བཞིན་གྱི་གནད་དོན་ཞིག་གཏན་ནས་མ་ཡིན་པར། སྲིད་ཇུས་རང་བཞིན་ཧ་ཅང་ཆེ་བའི་གནད་དོན་ཞིག་ཡིན་པས་སྣང་མེད་དུ་འཇོག་རིགས་གཏན་ནས་བྱས་མི་ཆོག་ཅེས་བསྟན།
སྤྱི་ལོ1951ལོར། ཞིས་ཀྲུང་ཞུན་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་རྣམ་གཉིས་ལྷན་དུ་བཞུགས་པ།
“ངང་ཐུང་སླ་བཅོས་མི་རུང་། ”
ཞིས་ཀྲུང་ཞུན་ལགས་ཀྱིས་ཆོས་ལུགས་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད་། གནད་དོན་དེའི་རིགས་ལ“སེམས་ཆུང་ནན་ཏན”གྱི་ལྟ་སྟངས་འཛིན་དགོས་ཞེས་ཐེངས་མང་པོར་གསུངས། དེ་སྔ1953ལོར། སྐབས་དེར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། སྲིད་དོན་སྤྱི་ཁྱབ་ཁང་གི་དྲུང་ཡིག་གི་འགན་བཞེས་པའི་ཞིས་ཀྲུང་ཞུན་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་ཐེངས་གཉིས་པའི་ཐོག“ཆོས་ལུགས་ལས་དོན་ཐད་ངང་ཐུང་སླ་བཅོས་ཀྱི་རིགས་ལ་ངེས་པར་དུ་ངོ་རྒོལ་བྱ”ཞེས་གསུངས་པ་རེད། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ཞིས་ཀྲུང་ཞུན་གྱིས་འཐབ་ཕྱོགས་གཅིག་གྱུར་སྐོར་གླེང་བ》ཞེས་པར་འཁོད་པ་ལྟར་ན། ཞིས་ཀྲུང་ཞུན་གྱིས་ཐེངས་དེའི་གསུང་བཤད་ཁྲོད་དུ། ཆོས་ལུགས་བྱ་བའི་ཁྲོད་ངེས་པར་དུ་ངང་ཐུང་སླ་བཅོས་ལ་ངོ་རྒོལ་བྱེད་པ་དང་། སྲིད་འཛིན་གྱི་བཀའ་ཁྱབ་སྤྱད་ནས་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལྡན་པ་དང་། སྤྱི་ཚོགས་རང་བཞིན་དང་མང་ཚོགས་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ངོལ་རྒོལ་བྱ་དགོས་ཞེས་གསུངས་པ་རེད།
1955ལོའི་ཟླ་བ་ལྔ་པར། ཞིས་ཀྲུང་ཞུན་གྱིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སླར་ཡང་ནན་གྱིས་བསྟན་དོན། ལས་ཀའི་ཁྲོད་དུ་མུན་འཐོམ་འཚབ་འཚུབ་གྱི་བསམ་ཚུལ་འབྱུང་ངེས་པས་ན། རྡུང་རྡེག་གཏོང་བའི་གཞི་ཁྱོན་ཆེ་རུ་བཏང་ནས་དམིགས་འབེན་ཁ་འགྲེམས་དང་། རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་ཏེ་དགྲ་བོ་ངོ་མ་ལྷོད་གཡེང་དུ་གཏོང་བའི་གནད་དོན་འབྱུང་སླ་བ་རེད།
དད་ལྡན་མང་ཚོགས་ཀྱི་གནད་དོན་ལ་ལྟ་སྟངས་ཇི་ལྟར་འཛིན་པའི་གནད་དོན་ཐད། ཁོང་གིས་གལ་ཏེ་ཆོས་ལུགས་གནད་དོན་ཐད་སྲིད་འཛིན་ཐབས་ཚུལ་སྟབས་བདེ་བོར་བརྟེན་ན། ཆོས་ལུགས་རྩ་མེད་དུ་གཏོང་མི་ཐུབ་པར་མ་ཟད་། དེ་ལས་ལྡོག་སྟེ་ཁོ་ཚོའི་ཆོས་ལུགས་ཕྱོགས་ཞེན་གཏིང་ཟབ་དང་སྲ་བརྟན་དུ་གཏོང་ངེས་རེད་ཅེས་གསུངས།
དེས་ན་ཇི་ལྟར“གཞན་དབང་མ་ཡིན་པར“ཧུར་བརྩོན་གྱིས་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་བྱེད་དགོས་ཟེར་ན། ཞིས་ཀྲུང་ཞུན་གྱིས་བསྟན་དོན། རྨོངས་ཚོད་ཀྱིས་ངང་ཐུང་འཚབ་འཚུབ་དང་ཆོས་ལུགས་དད་ལྡན་མང་ཚོགས་ལ་རྣམ་འགྱུར་ངན་པ་དང་། མཐོང་ཆུང་དང་སྣང་མེད་དུ་འཇོག་པའི་ལས་ཀ་བྱེད་སྲོལ་ཡོ་བསྲང་ཡོད་དགོས། རིམ་གྲས་མི་འདྲ་བ་དང་བྱ་ཡུལ་མི་འདྲ་བའི་ཆོས་ལུགས་དད་ལྡན་མང་ཚོགས་ལ་དེ་མཚུངས་ཀྱི་བླང་བྱའང་མི་འདྲ་བ་རེད།
1952ལོའི་ཟླ་7པར། ཞིས་ཀྲུང་ཞུན་གྱིས་ཏང་ཀྲུང་དབྱང་གི་མངགས་བཀོད་ལྟར། ཞིན་ཅང་དུ་ཕེབས་ནས་ཝུའུ་སི་མན་ཟིང་འཁྲུག་དོན་རྐྱེན་བདེ་བླག་ངང་ཐག་གཅོད་གནང་།
“བདག་མེད་ལང་བསྐྱུར་བྱེད་མི་རུང་།”
ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད། ཞིས་ཀྲུང་ཞུན་གྱིས་རང་དཔེ་གཞན་སྟོན་གྱི་སྒོ་ནས། “ཕྱོགས་བཞི་མཚམས་བརྒྱད”ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་དར་སྤེལ་གཏོང་བའི་སྐུལ་མ་མཛད། ཡིན་ནའང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་ཐད། ཁོང་གིས་སྔར་བཞིན་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཚོའི་ཆགས་སྡང་མངོན་པར་གསལ་བའི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་བྱེད་ཐུབ་པ་རེད། ཞིས་ཀྲུང་ཞུན་གྱིས་དེ་སྔ་རྒྱལ་ཡོངས་ཆོས་ལུགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་པའི་ཐད་ལངས་ཕྱོགས་གསལ་བོར་བསྟན་པ་རེད། ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་བ་བྱེད་མི་ཕོད་པ་ལ་ངོ་རྒོལ་དང་། དཔེར་ན་ས་གནས་འགའ་ཞིག་ནས་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་ཐད་ཚོད་འཛིན་དང་རྡུང་རྡེག་བྱེད་མ་ཕོད་པར་སེམས་ཆུང་ནེམ་ཆུང་བྱེད་པ་དེ་ནོར་འཁྲུལ་ཡིན་པར་བསྟན།
དཔེ་མཚོན་ཧ་ཅང་ཡག་པོ་ཞིག་གིས་ཞིས་ཀྲུང་ཞུན་གྱི“སེམས་ཆུང་ནེམ་ཆུང་དང་། བློ་སྟོབས་མེད་པ”དེའི་རིགས་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་གསལ་བོར་མཚོན་ཐུབ།《འོད་ཟེར་ཉིན་རེའི་ཚགས་པར》ཁང་གིས་རྩོམ་སྒྲིག་བྱས་པའི《གནས་ཚུལ་ཡར་ཞུ》འདོན་ཐེངས2670པར། ཞིས་ཀྲུང་ཞུན་གྱིས1983ལོར《རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་བྱེད་སྒོ་དེས་རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ》ཞེས་པའི་སྙན་ཞུ་དེར། སྐབས་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཅིན་རེན་ལ་མཆན་བཀོད་མཛུབ་སྟོན་གནང་བ་སྟེ། ཆོས་ལུགས་བྱེད་སྒོ་དེས་རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་དེ་མིན་འབྲེལ་ཡོད་སྲིད་གཞུང་གི་ལས་དོན་ལ་ཐེ་གཏོགས་བྱས་པའི་ཐད། སྤྱི་ཚོགས་བདེ་འཇགས་ལ་གནོད་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་བར་ཚང་མས་ཇུས་འགོདའདོན་པ་དང་། བསམ་འཆར་འདོན་པ། དེ་ནས་ཐབས་ཤེས་གཏན་འབེབས་དང་བྱེད་ཐབས་ཐག་གཅོད། དུས་ཚོད་དམ་འཛིན་གྱིས་རིམ་བཞིན་ཐག་གཅོད་བྱ་དགོས་པ་ལས། ལང་བསྐྱར་བྱས་ཏེ་རང་དགར་བཞག་ཚེ། མ་འོངས་པར་སྤྱི་ཚོགས་སྟེང་རྙོག་དྲ་ཆེན་པོ་བཟོ་བ་དང་ས་ཁུལ་ཁ་ཤས་སུ་སྤྱི་ཚོགས་ཟིང་ཆའང་འབྱུང་ངེས་པས། བྱུང་རྒྱལ་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་ངོ་།།