ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཉོའུ་ཡོག་དུས་བབ་ཀྱིས་བདམས་པའི ༢༠༡༤ ལོའི་དེབ་ལེགས་ཤོས་བཅུ།

2014-12-17 སྐྱ་བོ།
རྟོག་བཟོའི་སྐོར།
《ངེད་ཅག་གིས་མཐོང་དུ་མི་བཏུབ་པའི་འོད་སྣང་ཡོད་དོ་ཅོག》 (All the Light We Cannot See)
  ཨན་ཟོ་ཉི་རྡོ་ཨེར(Anthony Doerr)གྱིས་བརྩམས་པ་དང་། སི་ཁི་རི་བྷི་ནེར་དཔེ་སྐྲུན་ཁང(Scribner)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར 27 ཡིན།
  འདི་ནི་རྡོ་ཨེར་གྱིས་བརྩམས་པའི་སྒྲུང་དེབ་གཉིས་པ་སྟེ། འགྲོས་མྱུར་ཅིང་ལྷོད་པའི་ཉམས་དང་ལྡན་པའི་ལེའུ་རེ་རེ་དང་། ཕུན་སུམ་ཚོགས་པའི་རྗོད་པར་བརྟེན་ནས་སྐྱེ་བོ་གཉིས་ཀྱི་མི་ཚེའི་བགྲོད་ལམ་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཇི་ལྟར་འདྲེས་པའི་སྐོར་བྲིས་ཡོད། དེ་ལས་གཅིག་ནི་འཇར་མན་གྱི་ན་ཙེ་བའི་དམག་ནང་དུ་བཅུག་ཅིང་ཨར་ལས་ལ་ཤིན་ཏུ་མཁས་པའི་དྭ་ཕྲུག་ཅིག་དང་། གཞན་དེ་ནི་འགོག་རྒོལ་རུ་ཁག་གི་ནང་དུ་ཞུགས་ཤིང་མིག་དབང་ཉམས་པའི་ཧྥ་རན་སིའི་བུ་མོ་ཞིག་རེད། དེབ་དེར་དམག་འཁྲུག་སྐབས་ཀྱི་འཚོ་གནས་དང་བཟོད་བསྲན། ཀུན་སྤྱོད་ཀྱི་འཆིང་རྒྱ་བཅས་ཀྱི་སྐོར་བརྗོད་ཡོད་ལ། དེ་ནི་མི་སྣ་གཙོ་བོ་བུ་མོ་དེའི་ཨ་ཕས་བཟོས་པའི་གསང་བའི་སྒམ་ཆུང་དེ་དང་འདྲ་བར་གྲ་དག་ཅིང་ཡི་གར་འོང་བ་ཞིག་རེད། དེ་ནི་བཀླགས་རྗེས་བརྗེད་པར་དཀའ་བ་ཞིག་སྟེ། སྒྲུང་ཤོད་སྟངས་ཀྱི་སྐོར་ནས་ཀྱང་ཡིད་སེམས་བསླུ་བའི་ཐབས་རྩལ་སྣ་ཚོགས་མངོན་འདུག་གོ།
《ཚོད་བགམ་སྡེ་ཁག》(Dept.of Speculation)
  རྗེ་ནི་ཨོ་ཧྥེལ(Jenny Offill)གྱིས་བརྩམས་པ་དང་། ཨལ་ཧྥེ་རེད་ཨེ་ནོ་ཕི་དཔེ་སྐྲུན་ཁང(Alfred A. Knopf)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར་22.95ཡིན།
  ཨོ་ཧྥེལ་གྱི་སྒྲུང་དེབ་གཉིས་པ་འདི་ནི་སྟབས་བདེ་ཞིང་ཞིབ་ཆ་ལྡན་པ་ཞིག་སྟེ། དེ་ནི་དོན་ཕྲན་ཚེགས་དང་། ཞིབ་ཏུ་བརྟག་པ། གནད་དུ་བསམ་པ། ལྟ་བ་མི་འདྲ་བ་སོགས་ཀྱིས་གྲུབ་ཅིང་དེས་ཤིན་ཏུ་རྙོག་ཟིང་ཆེ་བའི་གཉེན་དོན་ཞིག་གི་སྐོར་བརྗོད་ཡོད། བརྩམས་སྒྲུང་དེ་ནི་འཁྱོག་ཅིང་འཇིགས་སུ་རུང་བའི་མེ་ལོང་ཅིག་དང་འདྲ་བ་དང་། དེས་རོལ་མོ་དང་། རྩོམ་རིགམཚན་ཉིད་རིག་པ། གཉེན་དོན། ཨ་མའི་རང་བཞིན། ཁྲེལ་མེད་བྱེད་པ་སོགས་དང་འབྲེལ་བའི་ཕྱོགས་མཚམས་ཀུན་གྱི་དོན་སྣ་ཚོགས་དང་། ལྷག་པར་དུ་འཇིག་རྟེན་འཁོར་བའི་ནང་གི་བརྩེ་བ་དང་གདུག་རྩུབ་ཉིད་གསལ་བར་བྱེད། དེའི་ཕྱེད་ཀ་ནི་སྐྱོ་གླུ་དང་། ཕྱེད་ཀ་ནི་གདོད་མའི་གདུང་ཤུགས་དྲག་པོའམ་བསམ་གཞིགས་ཡིན་ནའང་། དེ་ལ་ཀློག་མཁན་གྱི་བསམ་ཡུལ་ལས་འདས་པའི་ལྷོད་ཡངས་ཀྱི་ངོས་ཤིག་ཀྱང་འདུག་གོ།
《དགའ་བདེས་བརྟས་པ》(Euphoria)
  ལི་ལིས་ཁེན(Lily King)གྱིས་བརྩམས་པ་དང་། ནུབ་རྒྱ་མཚོ་ཆེན་མོའི་ཟླ་དེབ་དཔེ་སྐྲུན་ཁང(Atlantic Monthly Press)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར་25ཡིན།
  1933ལོར། མིའི་རིགས་རིག་པ་བ་མར་གི་རི་ཐི་མེའུ་རྡི(Margarer Mead)ཉིད་མོའི་ཁྱོ་ཀ་གཉིས་པ་དང་ལྷན་ཅིག་ཉོའུ་གེ་ནེའི(New Guinea)*(ཨོ་སི་ཁྲི་རེ་ལེ་ཡའི་བྱང་ཕྱོགས་ཀྱི་གླིང་ཕྲན)གཙང་བོ་སེ་ཕི་ཁིའི་འགྲམ་དུ་ཡུལ་དངོས་ལ་བརྟག་དཔྱད་བྱེད་དུ་སོང་། ཁོ་གཉིས་གནས་དེ་ནས་སྐྱེས་ཕོ་ཞིག་དང་འཕྲད་དེ་ཁོ་དང་མཉམ་དུ་ལས་ཀ་བསྒྲུབས་ཤིང་། རྗེས་སུ་དེ་ཉིད་མེའུ་རྡིའི་ཁྱོ་ཀ་གསུམ་པར་གྱུར་བ་རེད། ལི་ལིས་ཁེན་གྱིས་དངོས་སུ་བྱུང་མྱོང་བའི་དོན་དེའི་བྱེ་བྲག་གི་བྱུང་བ་རྣམས་གཞིར་བཟུང་སྟེ་རྨད་དུ་བྱུང་བའི་སྒྲུང་འདི་བརྩམས་པར་མཛད། དེ་ནི་མོའི་སྒྲུང་དེབ་བཞི་བ་ཡིན་པ་དང་། དེར་མཁས་འདོད་ཀྱི་འདུན་པ་དྲག་པོ་དང་ལུས་ཀྱི་འདོད་སྲེད་ལས་གང་ཞིག་ཐོབ་པ་དང་གང་ཞིག་ཤོར་བའི་སྐོར་བྲིས་ཡོད། དེ་བས་རྗེས་དཔག་དང་མངོན་སུམ་གྱི་ཆ་གཉིས་དང་ལྡན་པའི་གཏམ་རྒྱུད་དེས་གནད་ལ་འཁེལ་བར་འབྲི་བ་དང་འདུན་པ་དྲག་པོས་འབྲི་བ་གཉིས་ཀ་ཆུ་དང་འོ་མ་ལྟར་འདྲེས་པར་བྱས་འདུག

《ཁྱིམ་གྱི་འཚོ་བ》(Family Life)
  ཨ་ཁི་ཧེལ་ཤར་མས(Akhil Sharma)བརྩམས། ནོར་ཐོན་དཔེ་སྐྲུན་ཁང(Norton)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར 23.95 ཡིན།
  ཤར་མའི་བརྩམས་སྒྲུང་འདི་ནི་མཆོར་ཉམས་མེད་ཀྱང་མི་སེམས་སྒུལ་ཐུབ་པ་ཞིག་སྟེ། རང་རྣམ་གྱི་ཆ་དང་ལྡན་པའི་གཏམ་རྒྱུད་འདིར་རྒྱ་གར་གྱི་མི་ཚང་ཞིག་ཉོའུ་ཡོག་གི་རྒྱལ་ཡུམ་ཁུལ*(ཉོའུ་ཡོག་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་ལྔའི་ཁྲོད་ཀྱི་ཆེ་ཤོས་སྟེ། དེར་སྡོད་པའི་མི་གྲངས་མང་བ་དང་། མི་ཡི་རིགས་མང་བས་སྐད་དུ་གྲགས། དེའི་མི་གྲངས་ཀྱི་ཕྱེད་ཀ་མི་དཀར་ཡིན་པ་ལས་གཞན་ཨེ་ཤ་ཡའི་མི་རྒྱུད་དང་། ལ་ཏེང་ཨ་རིའི་མི་རྒྱུད། ཨ་ཧྥེ་རི་ཀའི་མི་རྒྱུད་བཅས་ཀྱི་བརྒྱ་ཆའི་ཟིན་ཚད་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་ལས་བརྒལ་ཡོད)དུ་གནས་སྤོས་ཤིང་། དེ་ག་ནས་འཚོ་བ་རོལ་ཏེ་རིང་བོ་མ་ལོན་པར་ཁོང་ཚང་གི་བུ་ཆེ་བར་ཁྲུས་རྫིང་ནས་ཆག་སྒོ་བྱུང་སྟེ་ཀླད་པར་སྐྱོན་བྱུང་བའི་སྐོར་བྲིས་ཡོད། སྒྲུང་འདིས་ཀློག་མཁན་གྱི་སེམས་པ་བློང་བློང་བོར་བྱེད་ནའང་དྲོད་སྣང་ཡང་སྩོལ་བར་བྱེད་དེ། སེམས་སྡུག་གི་རྐྱེན་པས་ཕ་མ་གཉིས་ཀས་བུ་ཕྲུག་གཞན་དེ་བརྩེ་བས་སྐྱོང་ཐབས་མ་བྱུང་བའི་སྐོར་བརྗོད་འདུགདེ་ལ་བརྟེན་ནས་ཀློག་མཁན་གྱིས་ནི་སྡུག་བསྔལ་གྱི་ན་བུན་སྟུག་པོར་འཐིབས་པའི་ཚེ་ན། བརྩེ་བའང་རྩུབ་རེག་དང་ལྡན་ཞིང་གཟུགས་འཁྱོག་པོར་འགྱུར་ངེས་པར་མ་ཟད་ཐ་ན་མི་སྣང་བར་འགྱུར་བའང་ཚོར་ཐུབ།
《བསྐྱར་དུ་བགོ་བ》(Redeployment)
  ཧྥེལ་ཁི་ལེའེ(Phil Klay)ཡིས་བརྩམས། བྱ་ཆེན་པེང་གྱུན་པར་སྐྲུང་ཁང(The Penguin Press)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར་26.95ཡིན།
  ཁི་ལེའེ་ནི་དེ་སྔོན་དབྱི་རག་གི་གཡུལ་སར་ཕྱིན་པའིUSMCདམག་སྡེའི*(འདི་ནི་ཨ་རིའི་མཚོ་དམག་གི་ཁོངས་སུ་གཏོགས་ཤིང་གཡུལ་བཤམས་པ་ལ་ཆེས་མྱུར་ཅིང་མཁས་པའི་དམག་སྡེ་ཞིག་སྟེ། དེའི་ཁོངས་སུ་ད་ལྟ་དམག་འབུམ་གཉིས་ལ་ཉེ་བ་ཡོད)དམག་མི་ཞིག་སྟེ། ཤིན་ཏུ་སྤུས་ལེགས་པའི་ཁོའི་སྒྲུང་ཐུང་དེབ་ཐོག་མ་དེ་རུ་དྲག་ཆས་ལྗི་མོ་སྤྲས་པའི་ཨ་རིའི་དམག་ཁོངས་ཀྱི་གཞོན་ནུ་མ་དག་ནི་ཞིག་རལ་དུ་གྱུར་བའི་རྒྱུས་མེད་ཡུལ་གྲུ་རུ་ཕྱིན་པའི་སྐོར་དང་ཁོ་ཚོ་སུས་ཀྱང་གནས་དེར་རྒྱུས་ལོན་བྱས་མེད་པའི་ཚུལ་བྲིས་ཡོད། དབྱི་རག་ནི་དམག་འཁྲུག་འབྱུང་སའི་གར་སྟེགས་ཡིན་པར་མ་ཟད་ཉེན་མཚམས་སུ་ཡོད་ཅིང་མི་གཤིས་ལ་ཚོད་བགམ་སའི་ཚོད་ལྟ་ཁང་ཞིག་དང་འདྲ་བར་བྱས་ཡོད། སྒྲུང་དེབ་དེས་ཀློག་མཁན་གྱི་གད་མོ་ཁོང་ནས་འདྲེན་པར་བྱེད་པ་དང་སྙིང་ལ་ཟུག་རྔུའང་སྟེར་བར་བྱེད་ཅིང་། གཏིང་དཔོག་དཀའ་བ་དང་སྐྱོ་བའི་ཚོར་བའང་སྟེར་བར་བྱེད་པས་དེ་ནི་ད་ལྟའི་བར་དུ་དམག་འཁྲུག་གིས་མིའི་རིགས་ཀྱི་སེམས་ལ་ཅི་ཞིག་བྱས་པའི་སྐོར་གྱི་བརྩམས་ཆོས་ལེགས་ཤོས་རེད།

རྟོག་བཟོ་མ་ཡིན་པའི་སྐོར།
《ངེད་ཅག་གིས་དེ་ལས་སྐྱིད་པའི་དོན་ཞིག་གླེང་ཐུབ་བམ》(Can’t We Talk About Something More Pleasant?) 
  རོ་ཟི་ཆ་སི་ཐིས(Roz Chast)བརྩམས་ཤིང་རི་མོ་བྲིས། བྷི་ལོམ་སི་བྷུ་རས་དཔེ་སྐྲུན་ཁང(Bloomsbury)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར28ཡིན།
  དེབ་འདིའི་ནང་གི་ཁར་ཐོན་གྱི་རི་མོ་དག་ནི་ལོ་ན་རྒས་པ་དང་། ནད་ཀྱིས་གདུང་བ། རིག་པ་རྡིབ་པ་སོགས་ལས་བྱུང་བའི་ཁུངས་མེད་ལུགས་མེད་ཀྱི་དོན་དག་ལ་ཆེད་དུ་དམིགས་ནས་བྲིས་པ་དང་འདྲ། སྐྱོ་གདུང་གིས་ཟིན་ཅིང་གཟབ་ནན་གྱིས་བརླིང་བ་དང་། རི་མོ་དང་ཡི་གེ་ཤན་སྦྱར་བྱས་པའི་ཆ་སི་ཐིའི་འདས་དོན་བརྗོད་པའི་དེབ་དེ་རུ། ཁོང་མོས་རང་གི་ཕ་མ་གཉིས་ལ་ཇི་ལྟར་ཚེ་མཇུག་སྐྱེལ་རོགས་བྱས་པའི་སྐོར་ཞིབ་པར་བྲིས་ཡོད། དཔེར་ན་ཁོང་གཉིས་ཀྱི་རྫོབ་ཅིང་ཉོག་པའི་བྷིར་ཁེ་ལེན་གྱི་གཞིས་ཀར་གད་བདར་བྱེད་པ་ནས་ཁོང་གཉིས་ལ་སྨན་ཁང་ནས་སེམས་ལ་འབབ་པའི་འདུག་སྟེགས་ཤིག་གི་གམ་ནས་སྡོད་ས་ཞིག་འཚོལ་བ་སོགས་བྲིས་ཡོད། མོའི་ཐུན་མིན་གྱི་བསྟན་བཤིག་ཚ་བོའི་རི་མོ་དག་གིས་དེབ་ནང་གི་ཟློས་གར་གྱི་རྣམ་པ་དང་ཡང་ཡང་བཟླས་པའི་བྱུང་བ་དག་མངོན་པར་མཚོན་ཡོད། སྐྱེ་བོ་སུ་ལའང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་ཕ་མ་མེད་པ་བཞིན་དུ་སུས་ཀྱང་ཕ་མའི་ཆེད་དུ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་དེབ་ཅིག་བརྩམ་མི་ཐུབ། འོན་ཀྱང་ཆ་སི་ཐི་ནི་དེ་འདྲ་བྱེད་པ་ལ་ཐག་ཉེའོ། །
《འགོག་ཁབ》(ON IMMUNITY: An Inoculation)
  ཨུ་ལ་བྷི་སི(Eula Biss)ཡིས་བརྩམས། སྤྱང་ཀི་སྐྱ་བོ་དཔེ་སྐྲུན་ཁང(Graywolf Press)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར་24ཡིན།
  མི་སེམས་ཀུན་ཏུ་འགུག་པར་བྱེད་པའི་དེབ་འདི་ནི་འདས་དོན་གྱི་དྲན་ཐོ་དང་། ཚན་རིག་གསར་འགྱུར་གྱི་རྩོམ་ཐབས། རིག་རྩལ་དཔྱད་བརྗོད་སོགས་སྤེལ་མར་བྱས་པ་ཞིག་རེད། བྷི་སིས་མི་རྣམས་ཀྱིས་འགོག་ཁབ་ལ་འཛིན་པའི་ཞེད་སྣང་གིས་ནི་ཁོ་ཚོས་གཙང་མ་སྤུས་དག་དང་སྙིགས་མས་སྦགས་པའམ་དེ་འབྲེལ་གྱི་དོན་ལ་འཛིན་པའི་སེམས་ཁྲལ་ཟབ་མོ་མཚོན་ཡོད་པའི་ལྟ་ཚུལ་བཏོན་ཡོད། མོས་རང་ཉིད་དང་པོ་ཨ་མ་བྱས་པའི་མྱོང་བ་དངོས་རྩ་བར་བཟུང་སྟེ་གཏིང་ཟབ་མོས་ཞིབ་འཇུག་བྱས་ནས་རིགས་ལམ་གྱིས་ཕྱུག་པའི་དེབ་དེ་བརྩམས་ཤིང་། འགོག་ཁབ་ཀྱིས་ཚན་རིག་ལྟར་སྣང་བ་དང་རྨོངས་དད་ལ་ཇི་ལྟར་རྒོལ་དགོས་པ་བྲིས་ཏེ་འཇིག་རྟེན་སྐྱེ་བོ་རྣམས་ལ་མིའི་རིགས་ནི་འཚོ་བའི་ཁྲོད་ནས་གཅིག་ལ་གཅིག་བརྟེན་ཡིན་པའི་དྲན་སྐུལ་བྱས་ཡོད།
《ཕེན་ལོ་ཕེ་ཧྥི་ཚི་རྗེ་རིལ་རྡི་ཡི་མི་ཚེ》(PENELOPE FITZGERALD: A Life)
  ཧིར་མི་ཨོ་ནེ་ལིHermione Lee)ཡིས་བརྩམས། ཨལ་ཧྥུ་རེ་རྡི་Aཁི་ནོ་ཕི་ཧྥུ་པར་སྐྲུན་ཁང(Alfred A. Knopf)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར་35ཡིན།
  ཧིར་མི་ཨོ་ནེ་ལི་ཡིས་དེ་སྔ་ཝིར་རྗི་ནི་ཡ་ཝོལ་ཧྥུ(Virginia Woolf)དང་། ཝི་ལ་ཁ་རྡིར(Willa Cather) ཨི་རྡི་སི་ཝོར་ཐོན(Edith Wharton)བཅས་ཀྱི་མི་ཚེའི་བྱུང་བའི་དེབ་ངོ་མཚར་བ་རེ་བྲིས་མྱོང་ཞིང་། ཐེངས་འདི་ལའང་རྒྱུས་ལོན་དཀའ་ཞིང་རང་ལམ་གཅིག་བུར་བཏོད་པའི་ཨིན་ཇིའི་བརྩམས་སྒྲུང་བ་དང་མིའི་ལོ་རྒྱུས་རྩོམ་པ་པོ་ཕེན་ལོ་ཕེ་ཧྥི་ཚི་རྗེ་རིལ་རྡིའི་མི་ཚེ་དང་དུས་རབས་ལ་འཇུས་ཡོད། ཕེན་ལོ་ཕེ་ཧྥི་ཚི་རྗེ་རིལ་རྡི་ནི་ཆུང་ངུའི་དུས་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་མི་ཚེའི་ནང་དཀའ་སྡུག་སྣ་ཚོགས་ལ་འཕྲད་པས་དགུང་ལོ་58གྱི་སྐབས་སུ་ད་གཟོད་བརྩམས་ཆོས་ཐོག་མ་སྤེལ་ཐུབ་པར་གྱུར་བ་དང་། དགུང་ལོ་80ཡི་དུས་སུ་མཚན་སྙན་རྒྱས་པ་ཞིག་རེད། དེ་ལྟ་བུའི་མོའི་བརྩམས་སྒྲུང་ཀུན་གྱི་མདུན་སར་མངོན་དུས་ཚིག་ཉུང་དོན་འདུས་གནད་རྩ་ཟིན་པ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་མོས་དུས་ཡུན་རིང་བོར་རེ་སྒུག་བྱས་པའི་མཐུ་ལས་དེ་ཉིད་གསལ་ཅིང་ཡིད་དབང་འཕྲོག་པའི་མིག་འཕྲུལ་ཅིག་ཏུ་གྱུར་བ་དང་འདྲ།
《རྨེག་མེད་དུ་གྱུར་ཐེངས་དྲུག་པ་སྟེ། དངོས་པོའི་གཤིས་ལུགས་ལས་འདས་པའི་ལོ་རྒྱུས》(THE SIXTH EXTINCTION: An Unnatural History)
  ཨེ་ལེ་ཟི་བྷེ་ཟི་ཁོལ་བྷུར་ཐིས(Elizabeth Kolbert)བརྩམས། ཧེན་རིས་ཧོལ་ཐི་དང་སྤྱི་ཚོང་དཔེ་སྐྲུན་ཁང(Henry Holt & Company)གིས་པར་དུ་བསྐྲུན། རིན་གོང་ཨ་སྒོར་28ཡིན།
  འདི་ནི་ཁོལ་བྷུར་ཐིའི་དེབ་གསུམ་པ་རེད། མོས་མིའི་རིགས་ཀྱི་ཤེས་རིག་དང་སྐར་མའི་གོ་ལ་འདིའི་བར་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགལ་འདུ་དྲག་པོ་འབྱུང་སའི་མདུན་གྲལ་ཏེ། བྲག་རྡོའི་མུ་ཁྱུད་ཆེན་མོ*(འདི་ནི་འཛམ་གླིང་དུ་ཆེས་རིང་བའི་བྱུ་རུའི་བྲག་ཚོམ་སྟེ། ཨིན་སྐད་དུ་Great Barrier Reefཨོ་ཟི་ཁྲི་རེ་ལེ་ཡའི་ཤར་བྱང་གི་ཕར་ངོགས་ནས་མགོ་བརྩམས་ཏེ་ཁྱོན་སྤྱི་ལེ་ཉིས་སྟོང་གི་བར་དུ་བརྐྱངས་ཡོད་ཅིང་། རྒྱ་མཚོའི་རྒྱས་ཏེ་མར་བྲི་དུས། བྱུ་རུའི་གླིང་ཕྲན་འགའ་ཞིག་གི་རྩེ་མོ་བུད་དེ་བྱུ་རུའི་བྲག་རྡོ་གྲུབ་པ་རེད། དེས་སྐྱེ་དགུའི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད)ནས་མོ་རང་གི་ཁྱིམ་གྱི་ར་བའི་བར་དུ་རྐང་ཚུགས་པར་བྱས་ནས་རྩོམ་བྲིས་ཡོད། མོས་འཇིག་རྟེན་འདིའི་ཆེས་མཐའ་འཁོབ་ཀྱི་ཡུལ་འགའ་ཞིག་ཏུ་སོང་སྟེ། འགྲོ་བ་མིའི་བྱ་བྱེད་ཀྱི་རྐྱེན་པས་གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་དེས་དུས་རབས་འདིའི་ནང་དུ་སྔར་བཞིན་གནས་ཡོད་པའི་དངོས་པོ་དག་ལས་བརྒྱ་ཆའི་ཉི་ཤུ་ནས་ལྔ་བཅུའི་བར་གྱི་འཚོ་གནས་ལ་འཇིགས་སྐུལ་བཞིན་པར་བརྟག་ཅིང་དཔྱད་ཡོད། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དེབ་དེ་ཧ་ཅང་གཟབ་ནན་ཡིན་པ་དང་། བྱེ་བྲག་གི་དོན་ཕུན་སུམ་ཚོགས་པའི་ཁར། དེས་བྲེད་ཤ་སློང་བའི་སྒྲུང་ཞིག་དང་འདྲ་བར་མི་སེམས་ཀུན་ནས་འདྲེན་པར་བྱེད།
《ཟླ་དགུ་བའི་ནང་གི་ཉིན་བཅུ་གསུམ་པ། ཁར་ཐུར་དང་། བྷེ་གེན། ས་དཱ་ཐི། རྡེ་ཝི་གཞིས་སྒར》(THIRTEEN DAYS IN SEPTEMBER: Carter, Begin, and Sadat at Camp David)
  ལོ་རེན་སི་རའེ་ཐི(Lawrence Wright)ཡིས་བརྩམས། ཨལ་ཧྥུ་རེ་རྡི་Aཁི་ནོ་ཕི་ཧྥུ་པར་སྐྲུན་ཁང(Alfred A. Knopf)གིས་པར་དུ་བསྐྲུན། རིན་ཨ་སྒོར་27.95ཡིན།
  1978ལོར། ཨན་ཝར་ས་དཱ་ཐི(Anwar Sadat)དང་། མེ་ན་ཆེམ་བྷེ་གེན(Menachem Begin)ཇེམ་མིས་ཁར་ཐུར(Jimmy Carter)*(ཨན་ཝར་ས་དཱ་ཐི་ནི་ཨེ་ཇེབ་ཀྱི་སྲིད་འཛིན་རབས་གསུམ་པ་དང་། མེ་ན་ཆེམ་བྷེ་གེན་ནི་ཨེ་ཟི་རལ་གྱི་སྲིད་བློན་རབས་དྲུག་པ། ཇེམ་མིས་ཁར་ཐུར་ནི་ཨ་རིའི་སྲིད་འཛིན་རབས་སོ་དྲུག་པ་ཡིན) བཅས་ཀྱིས་རྡེ་ཝི་གཞིས་སྒར*(ཨ་རིའི་སྲིད་འཛིན་གྱི་སྤྲོ་བསང་གཏོང་ས་ཞིག་སྟེ། དེ་ཉིད༡༩༣༨ལོར་བཙུགས་པ་དང་། ཕོ་བྲང་དཀར་པོ་ནས་གྱེན་འཕུར་གནམ་གྲུར་བསྡད་དེ་འོང་ཚེ་སྐར་མ་སུམ་ཅུའི་ནང་དེར་བསླེབ་པར་འགྱུར། འདས་པའི་ལོ་མང་པོའི་རིང་ལ། ཨ་རིའི་སྲིད་འཛིན་གྱིས་གནས་དེ་ནས་མི་སྣ་འགངས་ཆེན་ལ་མཇལ་འཕྲད་གནང་བ་དང་། ཡང་ན་ཁྱིམ་མི་དང་ལྷན་དུ་དབེན་འཇགས་སུ་སྡོད་པར་བྱེད)ནས་ཉིན་བཅུ་གསུམ་བསྐྱལ་བ་བརྒྱུད་དེ་ཨེ་ཇེབ་དང་ཨེ་ཟི་རལ་གྱི་བར་དུ་ཞི་བདེའི་གྲོས་ཆིངས་ཤིག་བཞག དབུས་ཤར་གྱི་རྩོད་ཉོག་ལ་མཚོན་ན་གྲོས་ཆིངས་དེ་ནི་ད་ལྟའི་བར་དུ་དོན་སྙིང་ཤིན་ཏུ་ཆེ་བའི་ཕྱི་འབྲེལ་གྱི་འབྲས་བུ་ཞིག་ཏུ་གྱུར་ཡོད། རའེ་ཐིས་ཚིག་འགྲོས་ཤིན་ཏུ་ཡག་པོར་བརྟེན་ནས་གྲོས་མོལ་དེ་དག་ཞིབ་འབྲི་བྱས་ཡོད་ལ། ལོ་རྒྱུས་དང་། ཆབ་སྲིད། སྐྱེ་བོ་གསུམ་གྱི་ཕན་ཚུན་ལ་མི་འཕྲོད་པའི་མི་གཤིས་བཅས་ཟློས་གར་གྱི་རྣམ་པས་གོང་བུ་གཅིག་ཏུ་བསྡོམས་ཏེ། ཕར་འགྱུར་ཚུར་འགྱུར་བྱེད་པའི་ལྐོག་ཇུས་དང་བསྟན་བཤིག་ཚ་བོས་གྲུབ་པའི་གཏམ་རྒྱུད་ཅིག་བྲིས་འདུག ཁོས་ངེད་ཅག་ལ་ཁར་ཐུར་གྱི་མིག་རྒྱང་རིང་བའི་ཕུགས་བསམ་རིང་ལུགས་དང་རང་ཚུགས་ཀྱིས་མཆོག་ཏུ་གྱུར་བའི་ཆབ་སྲིད་ཀྱི་སྤོབས་པ་ཞིག་མཚོན་ཡོད་པ་དེ་གསལ་འདེབས་བྱས་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག