ཧྥ་རན་སིའི་མཁར་རྫོང་ཤེ་ནོན་སེའུ(Château de Chenonceau)ཞེས་བྱ་བ”castle”ཞིག་མིན། ལོ་ཙཱའི་ལྟ་བ་གླེང་བའི་སྐབས་སུའང་མཐའ་གཉིས་སུ་མི་ལྷུང་བ་ཤིན་ཏུ་གལ་ཆེ། རྩིས་དང་འཕྲུལ་ཆས་ཀྱི་མཐུ་སྟོབས་ལ་བརྟེན་ནས་གོ་གོལ་ལོ་ཙཱ་ཡིས་ཡི་གེ་རེ་རེ་ཇི་མ་ཇི་བཞིན་དུ་ཐད་ཀར་བསྒྱུར་ཐུབ་ཀྱི་ཡོད་པར་མ་ཟད། བསྒྱུར་རྩལ་ཡང་ཡག་ནས་ཡག་ཏུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་སྙན་ངག་གམ་བསྒྱུར་ཐབས་བྲལ་བའི་དེབ་འདི་ལྟ་བུ་ལ་འཕྲད་དུས་དེའང་བོང་བུ་དར་ལ་དེད་པ་དང་གཅིག་པ་གཅིག་རྐྱང་རེད། བསྒྱུར་ཐབས་བྲལ་བའི་བརྡ་ཆད་འདི་དག་ལ”སྐད་རིགས་གཅིག་ནས་གཅིག་ལ་འགོད་དུས་མི་བསྒྱུར་རང་སོར་འཇོག་པའི་བརྡ”འམ། “རྟག་ཏུ་ལོག་པར་བསྒྱུར་བའམ་དོན་གཅིག་གི་མིང་གི་རྣམ་གྲངས་སུ་བསྒྱུར་བ”ཡི་ཐ་སྙད་ཅེས་ངེས་ཚིག་བཏགས་ཡོད། རེ་མི་པུ་ར་གེ(Rémi Brague)ཡིས”ཡོ་རོབ”ཅེས་པའི་བརྡ་འགྲེལ་དུ། “མཚན་ཉིད་རིག་པ”(Phiolosophy)ཞེས་པའི་བརྡ་དེ་རང་ནི་གཞན་ལ་བསྒྱུར་དུ་མེད་པའི་ཐ་སྙད་ཅིག་ཡིན་པས། བརྡ་དེ་མི་རིགས་གཞན་གྱི་ཡི་གེར་བསྒྱུར་དུས། ཧོ་ལན(Holland)གྱི་སྐད་དུ“Wijisbegeerte”ཞེས་པ་གསར་དུ་བཟོས་པ་མ་གཏོགས། སྐད་གཞན་དག་ཏུ་བརྡ་འདི་རང་སོར་བཞག་ཡོད་པ་རེད། ཚིག་ཁུངས་ཀྱི་ཆ་ནས་དེའང་ཀེ་རི་སིའི“philosophia”ལ་ལད་བསྒྱུར་བྱས་པ་རེད། དོན་ལ་ཧང་ག་རི་བས་ཀྱངbölcseletཞེས་པའི་བརྡ་ཞིག་གསར་དུ་བཟོས་ཡོད་མོད་གོ་དོན་སྔར་བཞིན་འགྱུར་མེད།
《བརྡ་ཆད་ཀྱི་མཛོད》དུ་ཐ་སྙད་འདི་དང་འདི་འདྲ་བ་ཤིན་ཏུ་མང་། དཔེ་མཚོན་དུ་རུང་བ་ཞིག་ནི་གཞི་གྲུབ་སྨྲ་བའི་མཚན་ཉིད་རིག་པ་ཆེན་མོ་ཧེ་དེ་གེར(Martin Heidegger)གྱི་བརྡ་ཆད་གཙོ་བོ”ཡོད་པ”(Dasein)ཞེས་པ་སྟེ། འཇར་མན་གྱི་བརྡ་དོན་དུ་ཡོད་པའམ་གནས་པ་ཞེས་ནའང་། མཚན་ཉིད་རིག་པའི་ངོས་ཀྱི་དོན་གང་ལ་འཇུག་མིན་རྩོད་པའི་གཞིར་གྱུར་ནས་མཐུན་ཁ་བྱུང་མ་མྱོང་བའི་ཕྱིར། ཁ་ཤས་ཀྱིས”Being-there”ཞེས་བསྒྱུར་ཁུལ་བགྱིས་པ་ཙམ་ལས་རང་སོར་བཞག་ནས་བསྒྱུར་བ་མེད། ཏན་མེག་པ་དག་གིས་ཁོ་ཚོའི་བསྒྱུར་ཐབས་བྲལ་བའི་ཐ་སྙད”hygge”ངོམ་སོ་བྱེད། འདིས་སྣང་བ་སྐྱིད་པོ་དང་བག་ཕེབས་པོ་ཡོང་བའི་ཁམས་ཤིག་དང་སྣང་བ་ལ་གོ་ཞིང་། ཡུལ་ཞིག་གམ་གང་ཟག་གི་འབྲེལ་བའི་རིགས་ལ་སྟོན་རུང་བ་སྟེ། དཔེར་ན་ཁྱེད་ཀྱིས་ཁྱིམ་མི་དང་མཉམ་མམ་གྲོགས་པོ་དང་ལྷན་ཅིག་ཁང་པ་དྲོན་མོ་ཞིག་ཏུ་ཟས་ཞིམ་པོ་ལ་ལོངས་སུ་སྤྱོད་པའི་ཚུལ་ཞིག་ལ”hygge”ཞེས་ཟེར་ཆོག ཧེ་དེ་གེར་གྱི་ཡོད་པའམ་གནས་པའང་དེ་ལྟ་བུ་ཞིག་ཡིན་མོད་དེ་ལ་འགྲེལ་དེ་བས་ཀྱང་ཞིབ་མོ་ཞིག་མཁོ་ཡི་ཡོད།
ཏན་མེག་པ་དག་གིས་ཁོ་ཚོའི་བསྒྱུར་ཐབས་བྲལ་བའི་ཐ་སྙད”hygge”ངོམ་སོ་བྱེད།
མཚན་ཉིད་རིག་པའི་བརྡ་ཆད་གཞན་དག་ནི་ལ་ལར་བརྡ་གསར་དུ་བཟོས། ལ་ལ་ལོག་པར་བསྒྱུར། ཡང་ན་དོན་གཅིག་མིང་གི་རྣམ་གྲངས་སུ་བསྒྱུར་བ་སོགས་ལས་བརྡ་དོན་གསར་པ་འཁྲུངས་པའི་ཕྱིར་སྔར་གྱི་བྱུང་བ་སོགས་མང་དུ་འཚོལ་བ་ནི་ངལ་བའི་རྒྱུ་རུ་འགྱུར་བའང་ཡོད། དཔེར་ན་དབྱིན་ཡིག་གི”ཤེས་པའམ་རིག་པ”དོན་སྟོན་པའི་བརྡ(conciousness)ཞེས་པ་ཧྥ་རན་སིར”དགེ་བའི་སེམས་བྱུང”(conscienceཞེས་དང་། ཨི་ཏ་ལིའི་སྐད་དུcoscienza། སི་ཕན་གྱི་སྐད་དུconciencia)ལ་འཇུག དེའང”ཤེས་པའམ་རིག་པ”དང”དགེ་བའི་སེམས་བྱུང”གཉིས་ཀྱི་ཚིག་ཁུངས་ལ་འབྲེལ་བ་ཡོད་ནའང་། དབྱིན་ཡིག་གི་ནང་དུ་བརྡ་འདི་གཉིས་ཀྱིས་དོན་མི་འདྲ་བ་རེ་བསྟན་པའི་ལོ་རྒྱུས་ཡུན་ཤིན་ཏུ་རིང་བར་མ་ཟད། སྐད་རིགས་གཞན་དུའང་བརྡ་དང་ཐ་སྙད་མི་འདྲ་བ་རེས་མཚོན་གྱི་ཡོད། མཚན་ཉིད་རིག་པ་བ་ཨེ་ཐེན་པ་ལི་པར(Étienne Balibar)གྱིས”ཤེས་པའམ་རིག་པ”ཞེས་པར་བརྡ་འགྲེལ་རྒྱག་དུས། ཤེས་པ་དང་དགེ་བའི་སེམས་བྱུང་བར་གྱི་མཚན་གཞི་དང་ལོ་རྒྱུས་ཀྱི་འབྲེལ་བར་ཉམས་ཞིབ་གནང་ཡོད་ནའང་། དབྱིན་ཡིག་གི་ཀློག་མཁན་ཞིག་ལ་དེ་ནི་དགོས་པ་མེད་པའི་ངལ་བའི་རྒྱུ་ཙམ་ལས་མ་འདས་པ་སྟེ། དེའང་མ་ཚིག་གང་དེ་ཧྥ་རན་སིའི་ཐ་སྙད(conscience)ཡིན་པ་ཙམ་གྱི་ཕྱིར་རོ། །
དེའི་ཕྱིར་བརྡ་ཆད་ཀྱི་མཛོད་འདི་ནི་མཚན་ཉིད་རིག་པའི་བརྡ་ཆད་ཕལ་བ་དག་ནང་བཞིན། དེ་ལ་འཇུག་པ་དག་ལ་བརྡ་ཆད་གསེད་འགྲོལ་གྱི་ལམ་སྟོན་ལྟ་བུར་མི་འགྱུར་ཏེ། བརྡ་དོན་མང་པོ་ཞིག་རབ་རིབ་ལས་ཁ་གསལ་ཐོན་མེད། དཔེར་ན“ཤེས་བྱེད་ཀྱི་གཞུང”ཞེས་པའི་བརྡ་འགྲེལ་དུ། ཁེ་སི་རེན་ཤེ་ཝ་ལེ(Catherine Chevalley)ཡིས“ཧྥ་རན་སིའི་སྐད་དུ་པེ་ཡེ་སི་པའམ་པེ་ཡེ་སིའི་གཞུང་ལུགས(Bayesianism)1གླེང་སྐབས་ཀྱི་སྲིད་ཚད་ཀྱི་གཞུང་སྐོར་གྱི་ཐ་སྙད་དག་ལ་ད་དུང་ཡང་འགྲེལ་གསལ་ཁ་ཆོད་པ་ཞིག་ཐོན་མེད”ཅེས་གསུངས་ཡོད་པ་རེད། ཡིན་ནའང་རན་ཕི་རེ་ཁི་ལེ་རོ(Jean-Pierre Cléro)ཡིས”སྲིད་ཚད”ཅེས་པའི་བརྡ་ལ་འགྲེལ་ཞིབ་ཆ་ཤིན་ཏུ་དོད་པ་ཞིག་བྱུང་ཡོད་པས། མཚན་ཉིད་རིག་པ་བ་དག་ལའང་བརྡ་དོན་དག་ལ་ལྟ་བ་མི་མཐུན་པའི་ཆ་མང་། ཁི་ལེ་རོ་ཡིས་ཡུལ་གྱི་ཆ་ནས་སྲིད་ཚད་བཤད་པ་ལ”སྲིད་ཚད”(probability)དང་ཡུལ་ཅན་གྱི་ཆ་ནས”སྟེས་དབང”(chance)ཞེས་སུ་བསྒྱུར་ཏེ་འགྲེལ་ཡོད་པ་རེད་མོད། ད་སྐབས་ཀྱི་དབྱིན་ཇི་དང་ཨ་རིའི་མཚན་ཉིད་རིག་པ་སྨྲ་བ་ཚང་མས”chance”ཞེས་པ་འདི་ཡུལ་གྱི་ཆའི་སྲིད་ཚད་ལ་སྤྱོད་ཀྱི་ཡོད་པ་ལས། “probability”ཞེས་པ་ཡུལ་ཅན་གྱི་ཆའི་སྲིད་ཚད་ལ་སྤྱོད་ཀྱི་ཡོད།
མཚན་ཉིད་རིག་པའི་ལོ་རྒྱུས་སྨྲ་བ་པོ་པུ་ར་གེའམ། ཨ་ལིན་ལི་པེ་རི(Alain de Libera)ཡིས་བྲིས་པའི་བརྡ་འགྲེལ་དག་ནི་ཡག་ཤོས་སུ་རྩི་ཆོག་པར་འདུག དེ་དག་ཏུ་ཡོ་རོབ་ཀྱི་སྐད་རིགས་དག་གི་ཁྲོད་ཀྱི་གོ་དོན་དང་ཚིག་ཁུངས་རིག་པའི་བར་གྱི་འབྲེལ་བ་རྙོག་དྲ་ཆེ་བ་དེར་གསེད་འགྲོལ་གནང་ཡོད་པ་རེད། ཡིན་ནའང་ཚིག་གི་གདམ་སྟངས་སོགས་ལའང་ཁ་མི་ཚང་ས་དང་ཡ་མཚར་ས། མང་སྐྱོན་ཉུང་སྐྱོན་ཤོར་ཡོད་ས་མང་སྟེ། དཔེར་ན”demos”ཞེས་པ་ལས”democracy”ཞེས་པ་མེད་པ་དང་། ཁྱད་པར་ཧ་ཅང་ཆེ་བའི”རྒྱས་བཤད”(descripition)དང”ཞིབ་འབྲི”(depiction)གཉིས་བརྡ་འགྲེལ་གཅིག་ཏུ་བཀོད་ཡོད་པ། “idea”དང”Imagination”ཞེས་པར་སོ་སོས་ཤོག་ལྷེ་ཕྱེད་དང་། “Event”ཞེས་པའི་བཞི་ཆའི་གཅིག་མ་གཏོགས་ཟིན་མེད་མོད། ཧེ་དེ་གེར་གྱི་བརྡ་ཆད”Ereignis”ཞེས་པས་ཤོག་ལྷེ་གཅིག་དང་ཕྱེད་ཟིན་ཡོད་པ། “Perception”དང་ལེབ་ནི་ཚིའི་བརྡ་ཆད”བདག་གི་འདུ་ཤེས”ཏེ”Apperception”ཞེས་པ་གཉིས་གཅིག་ཏུ་བཀོད་ཡོད་པ་ལྟ་བུ་སོགས་སོ། །
ཤོག་ལྷེ1300ལྷག་མཆིས་པའི་དེབ་འདིས་ཀློག་མཁན་དག་ལ་མཚན་ཉིད་རིག་པའི་བརྡ་ཆད་གཙོ་བོ་སྐོར་ཞིག་དང་དེ་དག་གི་ལོ་རྒྱུས་དང་ཚིག་ཁུངས་གསལ་པོར་འགྲེལ་ཡོད་པ་རེད་མོད། དེ་ལས་ཀྱང་གཙོ་བོ་ཞིག་ནི་དེབ་འདིས་བརྡ་ཆད་དེ་དག་ལ་བརྟེན་ནས་ཡོ་རོབ་ཀྱི་རིག་གནས་ལ་ཆ་མི་ཚང་བ་དང་ཧྲིལ་པོ་མ་ཡིན་པའི་གོ་བ་ཐོ་རེ་བ་ཞིག་གྲུབ་ཡོད་པ་དེ་རེད། དབྱིན་ཡིག་གི་ལམ་གྱི་མཚན་ཉིད་རིག་པ་ལའང་སྤྱིར་བཏང་སྐད་བརྡ་སྨྲ་བའི་མཚན་ཉིད་རིག་པ་བ་ཨོ་སི་ཏེན(J. L. Austin)དང་། སི་ཐན་ལེ་ཁ་ཝེལ། (Stanley Cavell) གིལ་པེར་ཐི་རེལ། (Gilbert Ryle) ཝི་ཐི་གེན་སི་ཐེན(Wittgenstein)སོགས་ལས་མི་གཞན་དེབ་ནང་དུ་དྲངས་མི་འདུག་པས། དབྱིན་ཇི་དང་ཨ་མེ་རི་ཁའི་དབྱེ་འབྱེད་མཚན་ཉིད་རིག་པ་འདི་ཉིད་ཡོ་རོབ་ལ་སོགས་གླིང་ཆེན་མང་དུ་དར་ནས་ཧྥ་རན་སི་རང་གི་མཚན་ཉིད་རིག་པའི་ལྟ་གྲུབ་ཉམས་པར་གྱུར་པའི་གནས་སྟངས་ལ་སྐྱོ་གླུ་བླངས་པ་ཙམ་ཞིག་ཏུ་མཐོང་ཐུབ་ལ། ཡོ་རོབ་དང་ཧྥ་རན་སི་ལྟེ་བ་བྱས་པའི་སྣང་ཚུལ་ཞིག་ཀྱང་རེད།
ཡིན་ནའང་མཚན་ཉིད་རིག་པ་བ་གྲགས་ཅན་ཨ་ལེན་པ་ཏི་ཝུ(Alain Badiou)ཡིས”ཧྥ་རན་སིའི་སྐད”ཅེས་པའི་བརྡ་འགྲེལ་དུ། ཧྥ་རན་སི་ལྟེ་བ་བྱེད་པའི་རིང་ལུགས་ལ་དགག་པ་དང་ཟུར་ཟ་བྱས་ཡོད་པ་རེད། སྤྱིར་ན་ཕ་སྐད་སྤྱད་ནས་མཚན་ཉིད་རིག་པའི་གཞུང་སོགས་འབྲི་བ་ནི་སྐད་ཆ་སྤྱོད་པའི་རང་དབང་དང་དབང་ཆ་ཡིན་པ་ནི་སྨྲས་མ་དགོས་མོད། ད་ལྟའི་ཆར་དབྱིན་ཡིག་གི་སྟོབས་ཤུགས་ཆེ་དྲགས་པ་དང་ཁྱད་པར་དུ་རང་བྱུང་ཚན་རིག་གི་སྡེ་རུ་དབྱིན་ཡིག་གི་ལམ་ནས་རྩོམ་མ་བྲིས་ཚེ་ཀུན་གྱི་ཁས་ལེན་ཐོབ་མི་ཐུབ་པའང་མངོན་སུམ་དུ་གྱུར་ཡོད།
མཚན་ཉིད་རིག་པ་བ་གྲགས་ཅན་ཨ་ལེན་པ་ཏི་ཝུ(Alain Badiou)ཡིས”ཧྥ་རན་སིའི་སྐད”ཅེས་པའི་བརྡ་འགྲེལ་དུ། ཧྥ་རན་སི་ལྟེ་བ་བྱེད་པའི་རིང་ལུགས་ལ་དགག་པ་དང་ཟུར་ཟ་བྱས་ཡོད་པ་རེད།
པ་ཏི་ཝུ་ཡིས་མཚན་ཉིད་རིག་པའི་སྐད་ཆ་སྟེ་ཧྥ་རན་སིའི་སྐད་ཆ་ནི”བུད་མེད་དང་བཟོ་པ་གྲལ་རིམ་གྱི་སྐད་ཆ་ལས་ཚན་རིག་པའི་སྐད་ཆ་མ་ཡིན”ཞེས་བསྒྲགས་ཡོད་པ་རེད། གཞན་ཧྥོལ་ཐེ་དང་ར་ཁོན་གཉིས་ཀྱི་ཧྥ་རན་སིའི་ལམ་གྱི་མཚན་ཉིད་རིག་པའི་གཞུང་བར་དུ་འབྲེལ་བ་ག་འདྲ་ཞིག་ཡོད་མེད་ཚིག་མཛོད་དུ་ཟུར་ཙམ་ཡང་གསུངས་མེད། པ་ཏི་ཝུ་ལ་མཚོན་ན་ཧྥ་རན་སིའི་སྐད་ཀྱིས་བཤད་པ་ཐམས་ཅད་ཆབ་སྲིད་ཀྱི་རང་བཞིན་ཅན་དུ་བསྒྱུར་ཐུབ་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད།
1 སྲིད་ཚད་སྨྲ་བའི་གཞུང་འདི་དུས་རབས18པའི་དབྱིན་ཇིའི་ཆོས་པ་ཐོ་མ་སི་པེ་ཡེ་སི་ལས་བྱུང་།
རྩོམ་འདིའི་མ་ཡིག་ནིTim Craneབྱ་བས་བྲིས་པའི《The philosophy of translation》 ཞེས་པ2015ལོའི་ཟླ་དང་པོའི་ཚེས28ཉིན་གྱི《ཐམ་སི་གསར་ཤོག་གི་རྩོམ་རིག་པར་ངོས》སུ་བཀོད་པ་དེ་ཡིན་ཞིང་། འདིར་ནི་རྒྱ་འགྱུར་མ་ལས་བསྡུས་པར་བསྒྱུར་བའོ། །(རྩོམ་འགན་པ། རྟ་མགྲིན)