ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《གྷེལ་གྷུ་མེ་ཤུ》ཞེས་བྱ་བའི་སྒྲུང(The Epic of Gilgamesh)ངོ་སྤྲོད།

2015-01-20 སྐྱ་བོས་བསྒྱུར་ཅིང་མཆན་བཏབ།
  《གྷེལ་གྷུ་མེ་ཤུ》ཞེས་བྱ་བའི་སྒྲུང་འདི་ནི་མིག་སྔར་འཛམ་གླིང་དུ་ཡོད་པའི་དོན་བརྗོད་སྙན་ངག་རྙིང་ཤོས་ཡིན་པར་མ་ཟད་ནུབ་ཀྱི་རྩོམ་རིག་གི་རྨང་འདིང་བྱེད་ཀྱི་བརྩམས་ཆོས་ཤིག་ཀྱང་རེད། ཡིན་ནའང་འདི་ཉིད་ཀློག་མཁན་མང་པོར་མཚོན་ན་ཅུང་རྒྱུས་མེད་དུ་སྣང་སྟེ། དེའི་རྒྱུ་མཚན་གཅིག་ནི་སྐབས་ཤིག་རིང་དེའི་དཔེ་རྒྱུན་ཆད་དེ་དུས་རབས་བཅུ་དགུ་བའི་སྐབས་སུ་སླར་རྙེད་པས། གནའ་བོའི་གྷི་རིག་གི་དུས་དང་ཝེ་ཁི་ཐྲོ་རི་ཡའི་དུས་སྐབས་གང་དུའང་ནུབ་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་དེ་འགངས་ཆེན་ཞིག་ཏུ་བརྩིས་མེད་པ་དང་། རྒྱུ་མཚན་གཞན་ཞིག་ནི་ཉེ་བའི་བར་དུ་སྒྲུང་དེ་བསྒྱུར་ནས་ཀློག་མཁན་གྱི་ཡིད་རབ་ཏུ་མགུ་བར་བྱེད་ཐུབ་པའི་ལོ་ཙཱ་བ་ཞིག་མ་བྱུང་བས་ཡིན། ཡིན་ནའང་དེང་འདིར་མ་རྩོམ་དང་ཐག་ཉེ་བའི་འགྱུར་དེབ་ཡག་པོ་ཁ་ཤས་ཐོན་ཡོད་པས་འུ་ཅག་ཀློག་མཁན་དག་གིས་ཀྱང་མི་སེམས་ཀྱི་གཏིང་ཟབ་ས་སྔོག་ཐུབ་པའི་གནའ་བོའི་ལེགས་རྩོམ་དེ་སྔར་བཞིན་རྒྱུས་མེད་ཅིག་ཏུ་བརྩི་དགོས་དོན་མི་འདུག
  དཔའ་བོའི་ལོ་རྒྱུས་བརྗོད་པའི་སྒྲུང་དེའི་ནང་དུ་ལྷ་སྒྲུང་མང་པོ་ཡོད་ལ། དེ་དག་ནི་དཔལ་དང་གྲགས་པས་མཚན་པའི་མི་རྗེ་གྷེལ་གྷུ་མེ་ཤུའི་སྐོར་ཡིན་ནོ།། ཕྱི་ལོ་སྔོན་གྱི་ལོ་༢༧༠༠ཡི་དུས་སུ། མེ་ཟི་ཕུར་ཐ་མེ་ཨ(Mesopotamia)ཞེས་བྱ་བའི་ཡུལ་གྲུ་ཆེན་པོ་དེའི་རིས་སུ་གཏོགས་པའི་ཡུལ་སུ་མེར(Sumer)བྱ་བ་ལ་རྒྱལ་ཕྲན་ཡུ་རུག(uruk)བྱ་བ་ཞིག་ཡོད་པ་དང་གྷེལ་གྷུ་མེ་ཤུ་ནི་རྒྱལ་ཕྲན་དེའི་རྗེ་བོ་ཡིན།
  དོན་བརྗོད་སྙན་ངག་དེའི་པར་སྔ་ཤོས་ནི་སུ་མེར་གྱི་ཡི་གེར་བརྟེན་ནས་བྲིས་ཡོད་པ་དང་ཚན་པ་འགའ་ཞིག་གི་ཁུངས་ནི་ཕྱི་ལོ་སྔོན་གྱི་ལོ་༢༠༠༠ལ་གཏུག་ཆོག ཕྱི་ལོ་སྔོན་གྱི་ལོ་༧༠༠ཡས་མས་ལ། དེང་འདིར་ཁྱབ་པའི་པར་མ་ཆ་ཚང་བ་དེ་བྱུང་ཞིང་དེ་ནི་མིང་ལ་སེན་རི་ཆི་ཡུ་ནེ་ནེ་ཟེར་བའི་ཡིག་མཁན་ཞིག་གིས་འདག་པང[མཆན། གནའ་བོའི་དུས་སུ་སུ་མེར་སོགས་ཡུལ་གྲུ་དག་ཏུ་འདམ་ལེབ་མོ་བྱས་ཏེ་ཡི་གེར་བྲི་སར་བཟོས་པའི་མིང]གི་ངོས་སུ་བྲིས་པ་ཞིག་རེད། རྗེས་སུ་དེ་ཉིད་རྒྱལ་བོ་ཆེན་པོ་ཨ་ཤུར་བྷ་ནི་ཕལ (Ashurbanipal) གྱིས་གཙུག་ལག་ཁང་དུ་ཉར། དུས་རབས་བཅུ་དགུ་བའི་དུས་སུ། གནའ་དཔྱོད་རིག་པ་བ་དག་གིས་དོན་བརྗོད་སྙན་ངག་དེའི་པར་གཞི་ཆ་ཚང་བ་དང་འདག་པང་གི་ངོས་སུ་ཡོད་པའི་པར་གཞི་གཞན་དག་ཨི་རག་དང་དེའི་ཉེ་འཁོར་གྱི་ཡུལ་གྲུ་དག་ནས་རྙེད། བརྩམས་ཆོས་གྲགས་ཅན་དེ་མཁས་པའི་དབང་བོ་དག་གིས་བགྲང་བྱ་མང་པོའི་རིང་ལ་དག་སྒྲིག་དང་དཔེ་སྡུར་བྱས་ནའང་དེའི་མཇུག་ཐར་ཐོར་དུ་ཡོད་པས་དེའི་སྐོར་ནས་རིག་གཞུང་ཞིབ་འཇུག་པའི་སྡེ་རུ་རྩོད་གླེང་སྣ་ཚོགས་བྱུང་། དེའང་དེའི་གནའ་བོའི་དུས་ཀྱི་པར་གཞི་རྣམས་ནི་དེང་གི་པར་གཞི་དག་ལས་རིང་བ་དང་། སྙན་ངག་གི་ལུས་དེའང་ངག་རྩོམ་གྱི་རྣམ་པར་ཡོད་ཅིང་། སྐབས་འགར་ཚིག་ཉུང་ཞིང་བདེ་བ་དང་། རེས་འགར་དོན་གཅིག་ཡང་ཡང་བཟླས་ཏེ་རིང་བོར་ཡོད་པས་དོན་གྱི་བྱུང་བ་བརྗོད་པའི་ཁྱད་ཆོས་ཀྱིས་ཕྱུག་པ་ནི་བསྙོན་དུ་མེད།
  ངེད་ཅག་གིས་ད་སྐབས་མཇལ་ཐུབ་པའི་དོན་བརྗོད་སྙན་ངག་དེ་ནི། མི་རྗེ་གྷེལ་གྷུ་མེ་ཤུ་ཉིད་དཔལ་གྱིས་དྲེགས་ཤིང་། དབང་གིས་ཕྱུག་པ། བརྗིད་པའི་ཡོན་ཏན་དང་ལྡན་པ་བྲིས་ཏེ་དབུ་བསླངས་ཡོད། ཡིན་ནའང་དེའི་རྗེས་སུ་ཡུལ་ཡུ་རུག་གི་འབངས་མི་རྣམས་ནི་གྷེལ་གྷུ་མེ་ཤུའི་གཏུམ་དྲག་དང་སྒེར་གཅོད་ལ་ཅི་འདྲ་སྐྲག་ཅིང་སྡང་བའི་ཚུལ་བྲིས་འདུག
  མི་རྗེ་དེ་ཞི་ཞིང་དུལ་བར་བྱ་ཕྱིར། ལྷའི་བུ་མོའི་ཆོ་འཕྲུལ་གྱིས་ཨེན་ཁི་རྡུ(Enkidu)ཟེར་བ་བཟོས་ཤིང་། ལུས་ཡོངས་སྤུ་རིང་བོས་གང་ཞིང་བྱེ་ཐང་གི་མི་རྒོད་དུ་གྱུར་བའི་སྐྱེ་བོ་དེ་གྷེལ་གྷུ་མི་ཤུའི་འགྲན་ཡ་དང་། གྷེལ་གྷུ་མེ་ཤུ་གཞན་ཞིག་ཏུ་གྱུར། གྷེལ་གྷུ་མེ་ཤུས་ཆེད་དུ་ལྷ་ཁང་གི་སྨད་འཚོང་མ[མཆན། གནའ་དུས་ཀྱི་བྷ་བྷུ་ལུན་སོགས་སུ་ལྷ་མོ་ཨེ་ཤུ་ཐར་ལ་ཆེད་དུ་མཆོད་པ་འབུལ་ཅིང་ཞོར་དུ་སྨད་འཚོང་གི་ལས་གཉེར་མཁན་ཏེ། འདོད་པའི་རྩལ་ལ་མཁས་པར་བྱ་རྒྱུ་དེ་ཁོང་མོ་ཚོའི་སྦྱང་བྱ་གཙོ་བོ་ཡིན་ལ། སྨད་འཚོང་བའི་ཡོང་འབབ་རྣམས་ཕྱིར་ལྷ་ཁང་ལ་གཏོང་བར་བྱེད]ཞིག་ཨེན་ཁི་རྡུ་བསླུ་བར་བཏང་། མོས་ཨེན་ཁི་རྡུ་བསླུས་ཏེ་ཡུ་རུག་ཏུ་ཁྲིད་ཡོང་། དེར་བསླེབས་རྗེས། གྷེལ་གྷུ་མེ་ཤུ་དང་ཨེན་ཁི་རྡུ་གཉིས་ཀྱིས་དམར་འཛིང་ཆེན་པོ་ཞིག་བྱས་མོད་སུའང་ཕན་ཚུན་ལས་རྒྱལ་མ་ཐུབ་པས་མནའ་ཤག་བསྒྲིགས་པ་དང་། མཉམ་གཅིག་ཏུ་འཇིགས་པའི་ནགས་ཚལ་འགྲིམ་སྟེ་གཅན་གཟན་གདུག་པ་ཅན་ཧྥུན་བྷ་བྷ་ཟེར་བ་བཏུལ། གྷེལ་གྷུ་མེ་ཤུའི་དབང་དང་མཐུ་སྟོབས་ཀྱི་རྐྱེན་པས་འཇིག་རྟེན་པ་རྣམས་ལྟ་ཅི་ཐ་ན་ལྷ་རྣམས་ཀྱང་སྤ་བཀོང་བར་བྱས། ཁོང་གི་གཟི་དཔལ་གྱིས་ལྷ་མོ་ཨེ་ཤུ་ཐར(Ishtar)གྱི་ཡིད་བཀུག དེའི་ཕྱིར་ལྷ་མོ་ཨེ་ཤུ་ཐར་ནི་ཁོང་ལ་ཆགས་ནའང་ཁོང་གི་མོའི་འདུན་མ་མ་བསྒྲུབས་པས་མོ་རང་ཁོང་ནས་འཁྲུག་པར་གྱུར་ཏེ། ལྷའི་བ་གླང་ཆེན་པོ་ཞིག་བཏང་ནས་ཡུ་རུག་གི་གྲོང་ཁྱེར་བསྣུབས། ཨེན་ཁི་རྡུ་དང་གྷེལ་གྷུ་མེ་ཤུ་གཉིས་ཀྱིས་བ་གླང་དེ་བཏུལ་ཐུབ་ནའང་ཨེན་ཁི་རྡུའི་སྲོག་གཡུལ་ངོར་ཤོར། དེའི་རྐྱེན་གྱིས་གྷེལ་གྷུའི་མེ་ཤུའི་ཡིད་སེམས་མྱ་ངན་གྱིས་རབ་ཏུ་ནོན་པར་གྱུར་བ་དང་། ཁོས་རང་གི་དབང་དང་ཚེ་སྲོག་ཤོར་བར་དོགས་ནས་བར་དོའི་འཕྲང་ལམ་རིང་མོ་བརྒྱུད་དེ་འཆི་མེད་ཚེ་ཡི་རིལ་བུ་བཙལ་དུ་སོང་། དཀའ་བ་མང་པོ་སྤྱད་མཐར་འཆི་མེད་རིལ་བུ་རྙེད་པ་དང་། དམྱལ་བའི་སྒོ་སྲུང་གིས་ཁོང་ལ་མ་འོངས་པར་འཇིག་རྟེན་ཁམས་ཡོངས་སུ་འཇོམས་བྱེད་ཀྱི་ཤྭ་འོད་ཆེན་པོ་ཞིག་ཡོད་པར་བཤད་དེ་འཆི་བ་ལུང་དུ་བསྟན། དེ་ནས་ཁོང་ཕྱིར་ཡུ་རུག་ཏུ་བསླེབས། འོན་ཀྱང་ཁོས་ཁྲུས་ཀྱི་རྫིང་བུར་ཁྲུས་བྱེད་པའི་དུས་སུ། དུག་སྦྲུལ་ཞིག་བསླེབས་ཏེ་རིལ་བུ་བརྐུས། དེའི་ཕྱིར་ཁོང་གདུང་བས་མནར་ཏེ་ཚེ་ལས་འདས། ཁོས་ཁྲུས་རྫིང་གི་འགྲམ་ནས་ལུས་དུད་དེ་ངུ་སྐད་འབྱིན་པའི་སྐབས་སུ། ཨེན་ཁི་རྡུའི་རྣམ་ཤེས་དེར་བསླེབས་ཏེ་ཁོ་ལ་འཕྲད་པ་དང་། ཨེན་ཁི་རྡུས་ཁོ་ལ་འཇིག་རྟེན་ཕྱི་མའི་ཡུལ་གྱི་གནས་ཚུལ་རྣམས་གསལ་བོར་བཤད། མཐར་གྷེལ་གྷུ་མེ་ཤུས་སྐྱེ་བོ་རྣམས་ནི་ཇི་ལྟར་དཔའ་ཤིང་སྟོབས་དང་ལྡན་ནའང་། མི་ཡུལ་གྱི་འཚོ་བ་ལོངས་སུ་སྤྱོད་ཤེས་དགོས་པ་ལས། ལས་དབང་གི་མཐུ་བཙན་པོ་བཟློག་འདོད་པ་ནི་ངལ་བའི་རྒྱུ་ཡིན་པ་ཤེས། དེའང་ངག་རྒྱུན་དུ་སྦྲུལ་གྱིས་ཡང་ཡང་ཤུན་ལྤགས་རྗེ་བཞིན་གསོན་པ་ནི་གྷེལ་གྷུ་མེ་ཤའི་འཆི་མེད་རིལ་བུ་བརྐུས་པས་ཡིན་པར་གྲགས། འཇེའུ་དང་། ཡེ་ཤུ་མ་ཤི་ཀ ཨི་ཟི་ལམ་སོགས་ཆོས་ལུགས་ཀྱི་སྲོལ་རྒྱུན་ཁྲོད་ནས་འཚར་ལོངས་བྱུང་བའི་སྐྱེ་བོ་སུ་ལ་མཚོན་ནའང་། དོན་བརྗོད་སྙན་ངག《གྷེལ་གྷུ་མེ་ཤུ》ཡི་བརྗོད་དོན་མང་པོ་ཞིག་ནི་ཧི་བྷི་རོའི(Hebrew)《ཡེ་ཤུའི་ལྷ་ཆེམས》དང་འདྲ་ས་མང་པོ་ཡོད་པ་ཤེས་ཐུབ། དཔེར་ན། དཔལ་གྱིས་དྲེགས་པའི་མི་རྗེ་གྷེལ་གྷུ་མེ་ཤུ་དང་ལུས་ལ་སྤུ་རིང་བོ་སྐྱེས་པའི་མི་རྒོད་ཨེན་ཁི་རྡི་གཉིས་ཀྱི་གཏམ་རྒྱུད་ལས་ཇེ་ཁུབ(Jacob)དང་ཨེ་ཟོའི་(Esau)གཏམ་རྒྱུད་དྲན་སྲིད་ལ། [མཆན། <ཡེ་ཤུའི་ལྷ་ཆེམས>སུ་གསལ་བ་ལྟར་ན། ཇེ་ཁུབ་དང་ཨེ་ཟོ་གཉིས་ནི་མཚེ་མ་སྤུན་གཉིས་ཡིན་ཞིང་། ཇེ་ཁུབ་ནི་སྨྲ་བ་ཉུང་ཞིང་སྦྲ་གུར་དུ་སྡོད་པར་དགའ་བས་ཨ་མ་ནི་ཁོ་ལ་དུང་། ཨེ་ཟོ་ནི་ལུས་པོ་སྟོབས་དང་ལྡན་ཞིང་སྤུ་རིང་བོ་སྐྱེས་ཡོད་པ་དང་རི་དྭགས་རྔོན་པར་དགའ་བས་ཨ་ཕ་ནི་ཁོ་ལ་དུང་། ཁོ་སྤུན་གཉིས་ཀས་རྒྱལ་སྲིད་བརྩད་དེ་རེ་ཞིག་འཁྲུག་ནའང་མཐར་འཆམ་པར་གྱུར]ཨེན་ཁི་རྡི་དང་ཁོ་བསླུ་མཁན་གྱི་སྨད་འཚོང་མའི་གཏམ་རྒྱུད་ལས་སམ་སུན(samson)དང་རྡེ་ལའེ་ལ(delilah)ཡི་གཏམ་རྒྱུད་དྲན་སྲིད།[མཆན། <ཡེ་ཤུའི་ལྷ་ཆེམས>སུ་གསལ་བ་ལྟར་ན། སམ་སུན་ནི་ཕྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་པའི་དུས་སུ་བྱོན་པའི་འཇེའུ་བའི་དམག་དཔོན་ཞིག་སྟེ། ཁོ་ནི་ཤེད་ཆེ་ཞིང་མཐུ་རྩལ་དང་ལྡན་པས་ལག་སྟོང་དུ་སེང་གེ་ཆེན་པོ་ཞིག་བཏུལ། རྗེས་སུ་རྗེའུ་བ་རྣམས་ཀྱི་དགྲ་བོ་ཧྥེལ་སི་ཐིན་རྣམས་དང་འཐབ་པས། ཁོའི་འཐབ་ཡ་མ་ཉན་པར་ཁོ་ཚོས་ཁོའི་བརྩེ་གྲོགས་ཏེ་འཆལ་མོ་རྡེ་ལའེ་ལ་བཀུགས་ཏེ་ཁོ་རང་བསླུས་པ་དང་། ཁོའི་སྐྲ་བཅད་ཚེ་མཐུ་རྩལ་ཉམས་པ་ཤེས། དེ་ནས་ཧྥེལ་སི་ཐིན་པ་ཚོས་ཁོའི་མིག་གཉིས་བཏོན་པ་དང་། བཙོན་ཁང་ནས་མནར་གཅོད་ཆེན་པོ་བྱས། རྗེས་སུ་ཁོ་ཚོས་ཁོ་ཚོའི་ལྷའི་མདུན་ནས་ཁོ་ལ་སླར་ཡང་བརྙས་པའི་ཚེ་ན་ཁོས་འཇིག་རྟེན་བྱེད་པོར་གསོལ་བ་བཏབ་སྟེ་འགྱོད་བཤགས་བྱས་པས་སྐྲ་ལོ་སླར་སྐྱེས་པ་དང་། ལྷ་ཁང་གི་ཀ་བར་འཐམས་ཏེ་དྲག་ཏུ་བསྒུལ་བས་ལྷ་ཁང་ཞིག་སྟེ་དགྲ་རྣམས་བཅོམ་པ་དང་། ཁོ་རང་ཉིད་ཀྱང་ཚེ་ལས་འདས་སོ] ལྷའི་བ་གླང་གིས་གྲོང་ཁྱེར་འཇོམས་པ་ལས་འཇེའུ་བ་ཚོས་མུ་མེད་ལུང་སྟོང་ནས་ལྕགས་ཀྱི་བེའུ་བཙོ་སྦྱངས་བྱས་པ་དང་དེ་ལས་ཟིང་ཆ་བྱུང་བ་དྲན་སྲིད་པ་དང་།མོ་ཟེ་སི(Moses)[མཆན། ཕྱི་ལོ་སྔོན་གྱི་དུས་རབས་བཅུ་གསུམ་པའི་དུས་ཀྱི་བྱུང་བའི་འཇེའུ་བ་རྣམས་ཀྱི་དབུ་ཁྲིད་དེ། ལོ་རྒྱུས་སྨྲ་བ་ཚོས་ཁོང་ནི་འཇེའུ་ཡི་ཆོས་ལུགས་ཀྱི་སྟོན་པ་ཡིན་པར་བཞེད]ཡིས་ལྕགས་ཀྱི་བེའུ་གཏོར་བ་དང་། གྷེལ་གྷུ་མེ་ཤུས་ལྷའི་བ་གླང་བཏུལ་བ་གཉིས་ཀྱང་ཤིན་ཏུ་འདྲ། ཡང་དམྱལ་བའི་སྒོ་སྲུང་གིས་མ་འོངས་པར་ཤྭ་འོད་ཆེན་པོ་ཞིག་ཡོད་པར་བཤད་པ་དེའང་ནོའུ་ཨ(Noah)[<ཡེ་ཤུའི་ལྷ་ཆེམས>དང་<ཀོ་རན་ལྷ་ཆེམས>སུ་བྱུང་བའི་མི་སྣ་ཞིག་སྟེ། ཁོང་མི་ལོ་༩༥༠ལ་འཚོ་གཞེས་གནང་ཞིང་ལོ་༥༠༠ཡི་སྐབས་སུ་ཁོང་ལ་བུ་གསུམ་སྐྱེས། འཇིག་རྟེན་བྱེད་པོའི་བཀའ་བཞིན་གྲུ་བོ་ཆེ་ཞིག་བཟོས་ཏེ་མིའི་རིགས་བསྐྱབས་པར་གྲགས]ཡིས་བརྒྱུད་པའི་ཤྭ་འོད་ཆེན་པོ་དེ་དང་ཤིན་ཏུ་མཚུངས་སོ།། དེ་བས་དེ་སྔ་མི་མང་པོ་ཞིག་གིས《གྷེལ་གྷུ་མེ་ཤུས》《ཡེ་ཤུའི་ལྷ་ཆེམས》ལ་ལད་མོ་བྱས་པར་འདོད་ཀྱང་དོན་དུ་དེ་འདྲ་མ་ཡིན་པར《གྷེལ་གྷུ་མེ་ཤུ》ནི《ཡེ་ཤུའི་ལྷ་ཆེམས》ཀྱི་སྔོན་དུ་བྱུང་བ་ཡིན། ཀློག་མཁན་རྣམས་ཀྱིས《ཡེ་ཤུའི་ལྷ་ཆེམས》ལ་གོ་བ་ཇི་ལྟར་ལེན་ནའང་། དེའི་ནང་གི་རྩ་བའི་བརྗོད་དོན་འགའ་ཞིག་ནི《གྷེལ་གྷུ་མེ་ཤུ》ལས་བྱུང་བ་སྟེ། 《ཡེ་ཤུའི་ལྷ་ཆེམས》མ་བྱུང་བའི་ལོ་ངོ་སྟོང་གི་སྔོན་དུ། དེ་དག་ནི་མེ་ཟི་ཕུར་ཐ་མེ་ཨར་ཁྱབ་ཡོད་དོ།།
  བརྗོད་དོན་དེ་དག་ལས་གཞན། 《གྷེལ་གྷུ་མེ་ཤུ》ནི་སྒྲུང་ཞིག་ཡིན་པའི་ཆ་ནས། དེ་ནི་འདོད་པ་དང་། བརྩེ་བ། འཇིགས་པ། གདུང་བ་སོགས་ཀྱིས་གཏམས་པར་བྱས་ཡོད་ལ། དེར་ཁེངས་པ་ཅན་གྱི་རྒྱལ་བོ་ཞིག་འཆི་བར་གདོང་ཕྱོགས་སྐབས་སེམས་ཞུམ་པ་བྲིས་ཡོད། དོན་བརྗོད་སྙན་ངག་འདིར་ཨིན་ཡིག་གི་འགྱུར་ལེགས་པོ་འགའ་མཆིས་ཤིང་བདག་གིས་ནི་རྡན་ཉེར་ཕི་ཇག་སོན་དང་། རྡེ་ཝི་ཧྥེ་རིའི་འགྱུར་ནི་ལེགས་པར་འདོད།
 
  སྐྱ་བོས《ཚེ་གཅིག་གི་དེབ་ཀློག་པའི་འཆར་གཞི》(The New Lifetime Reading Plan)ལས་ཁོལ་དུ་ཕྱུང་སྟེ་བསྒྱུར་བ་དང་། དེ་སྔའི་རྩོམ་པ་པོ་ནི་ཇོན་མེ་ཇུར(John S.Major)ཡིན། ཁོང་ནི་ཧཪ་ཝོ་རྡི་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་པ་དང་ཨེ་ཤ་ཡ་ཤར་མའི་སྐད་བརྡ་རིག་པའི་འབུམ་རམས་པ་ཞིག་ཡིན། འདི་ལ་འཕྲི་སྣོན་ཅུང་ཙམ་བྱས་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག