ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཝ་ནེ་རྒ་ཐིའི་དུས་ཀྱི་འགྲུལ་བཞུད།[སྔ་དུམ]༡

2014-12-23 པི་མུའུ་བཞེས། སྐྱ་བོ།
པི་མུའུ་བཞེས་ཀྱིས་བརྩམས།
སྐྱ་བོས་བོད་ཡིག་ཏུ་བསྒྱུར་ཅིང་མཆན་བཏབ།

དང་པོ།
  ༡༩༧༦ལོར། བརྩམས་སྒྲུང་འབྲི་མཁན་གྱི་སྐྱེས་བུ་ཞིག་ཁོ་རང་གིས་འབྲི་བཞིན་པའི་དེབ་ཅིག་གིས་སྡུག་ལ་གཏད། སྐྱེས་བུ་དེའི་མིང་ལ་ཁུར་ཐི་ཝ་ནེ་རྒ་ཐི(Kurt Vonnegut)ཟེར། ཁོང་ནི་ཨ་རི་བ་ཞིག་ཡིན་ལ་སྐབས་དེར་ཕོ་ལོ་ཞེ་ལྔ་ཡིན། དེ་སྔ་དུས་དེབ་ཀྱི་ངོས་སུ་སྒྲུང་ཐུང་འགའ་བྲིས་མྱོང་ཡོད་ལ། ཚན་རིག་རྟོག་བཟོའི་སྒྲུང་དེབ་འགའང་བརྩམས་མྱོང་། འོན་ཀྱང་མཚན་སྙན་ཆེན་པོ་རྒྱས་མེད།
  འོན་ཀྱང་ལོ་དེར་ཁོང་ལ་རླུང་རྟ་བརྒྱུགས་པ་འདྲ་སྟེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐོར་གྱི་སྒྲུང་ཞིག་འབྲི་བར་ཀོའུ་ཀུན་ཧམ་ཐེབས་རྩ་ཚོགས་པའི(Guggenheim Foundation)བྱ་དགའི་རོགས་དངུལ་ཐོབ། སྒྲུང་དེའི་གཏམ་རྒྱུད་ཀྱི་ས་བོན་ནི་འཇར་མན་གྱི་གྲོང་ཁྱེར་ཊི་རེ་ཟི་ཊུན(Dresden)ཞེས་པ་ནས་བྱུང་ཞིང་།དེ་ནི་ཡོ་རོབ་ཀྱི་ཆེས་མཛེས་པའི་གྲོང་ཁྱེར་ཞིག་ཡིན་ལ། ༡༩༤༥ལོར་མཉམ་འབྲེལ་དམག་དཔུང་གི་གནམ་གྲུས་དྲག་ཏུ་རྒོལ་ཏེ་ཐལ་བའི་རྡུལ་དུ་བརླག་ཅིང་། མི་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་རྐྱེན་ལམ་དུ་བརྫངས། སྐབས་དེར་ཝ་ནེ་རྒ་ཐི་ནི་འཇར་མན་གྱི་ལག་ཏུ་ཤོར་བའི་ཨ་རིའི་བཟུང་དམག་ཅིག་ཡིན་པས་ཁོང་གིས་དོན་དེའི་མགོ་མཇུག་ཚང་མ་ཤེས། དེ་བས་ཁོང་གིས་རང་གི་མྱོང་བ་དངོས་དེ་སྒྲུང་དུ་བྲི་སྙམ་ཡོད། དུས་དེར་རོགས་དངུལ་དེས་ཁོང་ལ་དམིགས་འདུན་དེ་འགྲུབ་ཏུ་བཅུག་པས་ཁོང་གིས་དངུལ་དེ་དག་ལ་བརྟེན་ནས་ཕྱིར་འཇར་མན་དུ་སོང་སྟེ་དེའི་སྐོར་གྱི་རྒྱུ་ཆ་བཙལ་ཡང་ཆོག
  དེ་ལྟ་ནའང་ཁོང་གིས་ཇི་ལྟར་འབྲི་དགོས་པ་མ་ཤེས་པས་དེབ་དེས་ཁོང་སྡུག་ལ་གཏད་པ་རེད།
  གཡུལ་གྱི་འཇིགས་པ་ཆེན་པོ་དེ་ཝ་ནེ་རྒ་ཐི་ཁོང་རང་གི་དྲན་པའི་ངོས་སུ་དོན་ཕྲན་ཚེགས་འགའ་ལས་ལྷག་མེད་པས། ཁོང་གིས་ལུང་པ་དེའི་མི་དང་དེ་སྔའི་འཐབ་རོགས་རྣམས་ལ་བཅར་འདྲི་བྱས་ནའང་ཁོ་ཚོའི་སེམས་སུའང་ཁོའི་སྒྲུང་ལ་ཕན་ཐོགས་བྱེད་ཀྱི་རྒྱུ་ཆ་རྩ་ཆེན་དེ་འདྲ་ཡོད་མི་འདུག དེ་མིན་ཁོང་གིས་སྲོལ་རྒྱུན་བརྩམས་སྒྲུང་གི་སྒྲིག་གཞི་བཀོལ་ནས་སྒྲུང་དེ་བྲི་དཀའ་བར་གྱུར་ལ། ལྷག་པར་དུ་དམག་འཁྲུག་དང་དམར་གསོད་ལ་མཛེས་རྒྱན་ནི་སྤྲས་མ་འདོད།
  དེ་ལྟར་ཁོང་ནི་ཅི་བྱ་གཏོལ་བྲལ་དུ་གྱུར། མི་ལོ་དུ་མའི་རྗེས་སུ། ཁོང་གིས་སྒྲུང་དེའི་སྐོར་གླེང་སྐབས“ངས་ཅི་ལྟར་འབད་པས་བྲིས་ནའང་ལམ་ཀ་དེ་འགྲིག་མི་འདུག བྲིས་པ་མཐའ་དག་སྙིགས་རོ་རང་རེད”ཅེས་གསུངས་བྱུང་།

གཉིས་པ།
  དེ་ནས་བརྩིས་པའི་ལོ་ངོ་མང་པོའི་རྗེས་ཏེ་ཕྱི་ལོ་༢༠༠༧ལོའི་ཟླ་བཞི་བའི་ཚེས་༢༡ཉིན། ཨ་རིའི་རྩོམ་པ་པོ་ཁུར་ཐི་ཝ་ནེ་རྒ་ཐི་མཆོག་ཉོའུ་ཡོག་ནས་སྐུ་གཤེགས། ཉིན་འགའི་སྔོན་དུ། 《གསོད་ར་ལྔ་པ》(Slaughterhouse-Five)དང་། 《བྱི་ལའི་ཁྱོགས་སྒྲོམ》(Cat’s Cradle) 《རྒྱལ་བ་བོའི་ཞོགས་ཟས》(Breakfast of Champions)སོགས་བསྟན་བཤིག་ཚ་བོའི་ཉམས་དང་ལྡན་པའི་སྒྲུང་དེབ་དག་གི་རྩོམ་པ་པོ་ཁོང་སྟབས་མ་ལེགས་པར་རང་ཁྱིམ་ནས་འགྱེལ་ཏེ་ཀླད་པར་སྐྱོན་ཤོར་བ་དང་། མཐར་སྐྱོབ་ཐབས་མ་བྱུང་། སྐུ་གཤེགས་དུས་ཁོང་དགུང་ལོ་བརྒྱད་ཅུ་གྱ་བཞི་ཡིན།
  སྐབས་དེར་ཝ་ནེ་རྒ་ཐི་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་སྣ་ཚོགས་ཨ་རིའི་དུས་དེབ་དང་ཚགས་ཤོག་སྣ་ཚོགས་སུ་བཀོད་ཅིང། དེ་ལས《ཉོའུ་ཡོག་དུས་བབ》ཏུ་བཀོད་པའི་རྗེས་དྲན་རྩོམ་ཡིག་ཏུ་འདི་ལྟར་བྲིས་འདུག
  “ཝ་ནེ་རྒ་ཐིའི་བརྩམས་སྒྲུང་ནི་ཨ་རིའི་རིག་གནས་ཀྱི་རླབས་རྒྱུན་ལ་རྒོལ་བའི་ལེགས་རྩོམ་ཏུ་གྱུར་ཟིན་ལ། བརྩམས་ཆོས་དེ་དག་གི་མཐུ་ལས་ཁོང་ཡང་རྩོམ་རིག་གི་དད་རྟེན་ཞིག་ཏུ་གྱུར་ཟིན། ལྷག་པར་ལོ་རབས་དྲུག་པ་དང་བདུན་ཅུ་བའི་དུས་ཀྱི་ཨ་རིའི་སློབ་གཉེར་བ་གཞོན་ནུ་དག་ལ་མཚོན་ན། དུས་སྐབས་དེར་སློབ་ཆེན་གྱི་ཉལ་ཁང་དང་གཞོན་ནུ་ཚོའི་གླང་རྫིའི་དོར་མའི་ཁུག་མ་གང་དུའང་བཀླགས་ཏེ་རལ་བའི་ཝ་ནེ་རྒ་ཐིའི་སྒྲུང་དེབ་མཐོང་ཐུབ། མར་ཁི་ཐེ་ཝེན(Mark Twain)དང་འདྲ་བར་ཝ་ནེ་རྒ་ཐིས་བསྟན་བཤིག་ཚ་བོའི་ཐབས་ལམ་ལ་བརྟེན་ནས་མིའི་རིགས་ཀྱི་འཚོ་གཞེས་ཀྱི་དོན་རིལ་བུ་མ་དེ་གླེང་ཡོད།……ཝ་ནེ་རྒ་ཐིའི་བརྩམས་ཆོས་ཀྱི་བརྗོད་བྱ་ནི་གཟུགས་ལས་འདས་པ་འབའ་ཞིག་མ་ཡིན་ཏེ། དཔེར་ན་ཁོང་གིས་སྤྱིར་བཏང་གི་འཛད་སྤྱོད་ཀྱི་རིག་གནས་སམ་ཡང་ན་རང་བྱུང་ཁོར་ཡུག་ལ་འཚེ་བའི་སྐོར་ཡང་བྲིས་ཡོད་ཅིང་། དེ་དག་གི་ནང་དུ་ཚན་རིག་རྟོག་བཟོ་དང་། མཚན་ཉིད་རིག་པ། དེ་མིན་དགོད་གཏམ་ཧ་ཅང་མང་པོ་ཞིག་འདུས་ཡོད།”

གསུམ་པ།
  ཉོའུ་ཡོག་གི་ལམ་ཆེན་དང་པོ་དང་ལམ་ཆེན་གཉིས་པའི་བར་གྱི་ཁྲོམ་སྲང་ཞེ་བརྒྱད་པའི་ཉེ་འཁོར་དུ་གཞིས་ཆགས་མྱོང་བ་དག་གིས་སྐབས་དེར་དུས་རྟག་པར་ཁྲོམ་སྲང་དེར་མངོན་ཡོང་བའི་རྒན་པོ་འདི་འདྲ་ཞིག་ཡོད་པ་དྲན་སྲིད། ཁོང་གི་སྐྲ་ལོ་དངུལ་སྐྱ་དེ་ནི་འཛིང་ཞིང་རིལ་བུར་ཆགས་ཡོད་ལ། མར་ཁི་ཐེ་ཝེན་ཇི་བཞིན་ཨ་ར་སྐྱ་བོ་བཞག་ཡོད། ཁོང་ལམ་འགྲམ་གྱི་ཤིང་གི་རྐུབ་སྟེགས་ཤིག་ཏུ་དལ་ལྷོད་ལྷོད་ཀྱིས་བཞུགས་ཡོད་ཅིང། མཛུབ་མོའི་བར་དུ་ཐ་མག་ཅིག་བཙིར་ཡོད། ཁོང་གི་འགྲམ་དུ་སྤུ་མདོག་དཀར་པོ་ཅན་གྱི་ཁྱི་གུ་ཆུང་ཆུང་ཞིག་བསྡད་ཡོད།
  ཁོང་གིས་ཁྲོམ་སྲང་དེ་ག་དང་ཉེ་བའི་སར་གཞིས་བཅས་ཡོད་ལ། ཁོང་ནི་རྩོམ་པ་པོ་ཞིག་ཡིན། ཁོང་གིས་ཚན་རིག་གི་རྟོག་སྒྲུང་བྲིས་ཡོད་ནའང་ཁོང་གི་འཚོ་བ་ནི་ཚན་རིག་གི་ཆ་དང་ལྡན་པ་ཞིག་མ་ཡིན། ཁོང་གིས་དེ་རིང་ཞོགས་པར་རྩོམ་ཡིག་ཤོག་གྲངས་ཉི་ཤུ་བྲིས་མ་ཐག་ཡིན་པས། ཨིན་ལེ་བརྒྱ་ཕྲག་གི་ཕ་རོལ་ཏུ་ཡོད་པའི་སྲས་མོ་ཁཱ་རོ་ལ་ཁ་པར་བཏང་སྟེ་དེ་ཉིད་ཡི་གེར་གཏག་ནས་ཁོང་ལ་རོགས་པ་བྱ་ཐུབ་མིན་དྲིས། ནམ་རྒྱུན་དང་འདྲ་བར། སྲས་མོ་ཁཱ་རོས་སྤྲོ་བ་དང་བཅས་དེ་ལ་འཐད་པའི་ལན་བཏབ་པས་ཁོང་ནི་ཕྱི་རོལ་ཏུ་ཡིག་ཤུབས་ཉོ་རུ་ཡོང་ཞིང་ཞོར་དུ་ཁྱི་གུ་ཁྲིད་འོང་བ་རེད། ཁོང་གིས་སྒོ་ཁའི་ཟོང་ཆུང་ཚོང་ཁང་དང་རྒྱ་གར་ཚོང་ཁང་གི་ཚོང་བདག་ལ་གད་མོ་འབྱིན་བཞིན་ཁ་བརྡ་ཉུང་ཙམ་བྱས་རྗེས་ཡིག་ཤུབས་ཤིག་ཉོས་པ་དང་། དེ་ནས་ཁྱི་གུ་ཁྲིད་དེ་སྲང་ཟུར་གྱི་སྦྲག་ཁང་ལ་སོང་། ཁོང་གིས་ནང་དུ་རྩོམ་ཡིག་བཅུག་ཡོད་པའི་ཡིག་ཤུབས་དེ་ལས་སྟེགས་ཀྱི་རྒྱབ་ཏུ་ཡོད་པའི་བུད་མེད་དེ་ལ་སྤྲད་ཅིང་ཁོང་གིས་ཁོང་མོ་ནི་གཞན་ལས་ཁྱད་དུ་འཕགས་པའི་མཛེས་མ་ཞིག་ཡིན་པར་སྙམ་ཡོད། སྦྲག་ཁང་ནས་ཕྱིར་བུད་པའི་སྐབས་སུ་ཁོང་གི་སེམས་ཁམས་ཤིན་ཏུ་སྐྱིད་པར་གྱུར། མཁའ་དབྱིངས་དྭངས་ཤིང་ཉི་འོད་དྲོན་པོ་མན་ཧ་ཐོན་གྱི་ཐོག་ཁང་མཐོན་པོ་དག་གི་གསེང་ལ་ཁྱབ། ཁོང་ཁྱི་གུ་ཁྲིད་དེ་ཁྲོམ་སྲང་ཞེ་བརྒྱད་པར་བསླེབས་ཤིང་། འགྲུལ་བའི་ངལ་གསོ་སའི་ལམ་འགྲམ་གྱི་ཤིང་གི་རྐུབ་སྟེགས་ཤིག་ཏུ་བཞུགས་ཤིང་། ཐ་མག་རྐང་གཅིག་བླངས་ཏེ་མིག་ཟུམ་ཟུམ་བྱེད་བཞིན་དུ་ཉི་འོད་ཀྱིས་རབ་ཏུ་གསལ་བའི་ཕར་ཕྱོགས་ཀྱི་རྒྱ་ལམ་ལ་བལྟས།
  ལམ་འགྲོ་བ་དག་ཁོང་གིས་ཉེ་གམ་ནས་འགྲོ་དུས་གཅིག་གིས་གཅིག་ལ“མི་འདི་ཝ་ནེ་རྒ་ཐི་ཡིན་སྲིད་དམ”ཞེས་མཚམས་དང་མཚམས་སུ་མོལ་བ་དང་། ལྐོག་ཏུ་ལྟ་བར་བྱེད། ཁོ་ཚོས་རྒན་པོ་ཁོང་གི་ལག་ནང་གི་ཐ་མག་དེའི་སྣེ་རུ་ཤིན་ཏུ་རིང་བའི་ཐལ་རོ་མར་ལྷུང་ལ་ཉེ་བ་མཐོང་བ་དང་། ད་དུང་ཞིབ་ཏུ་བལྟས་ཚེ། ཁོང་གི་ཚི་ལེན་དང་རྐང་སྣམ་གྱི་ངོས་སུ་ཐ་མག་གིས་བསྲེགས་པའི་ཤུལ་རྗེས་མང་པོ་ཡོད་པའང་མཐོང་ཐུབ།
  ཝ་ནེ་རྒ་ཐིས་ལོ་ན་བཅུ་གྲངས་ལ་སོན་དུས་ནས་དྭངས་སྙིགས་འབྱེད་བྱེད་མེད་པའི་ཐ་མག་ཕོལ་མོལ(Pall Mall)ཟེར་བ་འཐེན་པ་དང་། དུ་སྲེད་ཤིན་ཏུ་ཆེ། ཁོང་གིས་དགུང་ལོ་གྱ་གཅིག་གི་དུས་སུ་བྷ་རོན་དང་ཝི་ལུམ་སེན་ཟེར་བའི་ཐ་མག་གི་ཀུང་ཟི་དེ་གཉིས་ཀ་ཁྲིམས་ངོར་གཏུག་མྱོང་། དེའི་རྒྱུ་མཚན་ནི་ཁོ་ཚོས་ཐ་མག་སྒམ་ཆུང་གི་ངོས་སུ་ཐ་མག་འཐེན་པས་སྲོག་ལ་འཚེ་བར་འགྱུར་ཅེས་བྲིས་ཡོད་ནའང་། ཁོང་ཉིད་ད་དུང་ཡང་མ་ཤི་བར་གསོན་ཡོད་དོན་ཅི་ཡིན་ནམ་ཞེས་པའོ།།
  ཝ་ནེ་རྒ་ཐི་ན་རེ། བསྐལ་བའི་མཐའ་མ་དེ་འདྲ་མགྱོགས་པོར་བསླེབ་མི་སྲིད་པས། ཐ་མག་འཐེན་པ་ནི་ཕུགས་ཕེར་ཅིང་ངོ་ཚའང་མི་དགོས་པའི་རང་སྲོག་གཅོད་སྟངས་ཤིག་ཡིན། 

བཞི་བ།
  ཁོང་གི་མ་ཡུམ་ལགས་ལྕེབས་དུས་ཁོང་དགུང་ལོ་ཉེར་གཉིས་ཡིན།
  ཁོང་གི་མ་ཡུམ་ནི་ཨིན་རྡི་ཨ་ན་མངའ་སྡེའི་མི་ཁྱིམ་ཕྱུག་པོ་ཞིག་གི་བུ་མོ་ཡིན་ལ། ཁོང་གི་ཡབ་ལགས་དང་འདྲ་བར་འཇར་མན་པའི་རྒྱུད་པ་ཡིན། ཁོང་གི་ཡབ་ལགས་ཏེ་ཁུར་ཐི་ཝ་ནེ་རྒ་ཐི་རྒན་པ[འདིར་ཕ་བུ་གཉིས་ཀྱི་མིང་གཅིག་ཡིན་པས་དེ་ལྟར་བོས་པའོ]ནི་མཚན་སྙན་ཆེན་པོ་ཡོད་པའི་ཨར་ལས་པ་ཞིག་ཡིན་པ་དང་། མངའ་སྡེ་དེའི་སྐད་གྲགས་ཅན་གྱི་རྩིག་པ་མང་པོ་ནི་ཁོང་གིས་ཇུས་འགོད་བྱས་པ་ཡིན། ཁྱོ་ཤུག་དེ་གཉིས་ཀ་འཇར་མན་གྱི་རྩོམ་རིག་དང་རོལ་མོར་ཤིན་ཏུ་དགའ་ཞིང་། འཛམ་གླིང་འཁྲུག་ཆེན་དང་པོའི་སྔ་རོལ་ཏུ། མི་ཚང་ཕྱུག་པོ་དེས་འཇར་མན་གྱི་སྲོལ་མང་པོ་ཞིག་བཟུང་ཡོད་ནའང་དམག་འཁྲུག་གི་རྐྱེན་པས་ཁོང་ཚང་དང་འཇར་མན་གྱི་འབྲེལ་བ་ཆད་པར་གྱུར། ༡༩༢༢ལོར། ཁོང་གཉིས་ཀའི་ཕྲུ་གུ་སྟེ་ཁུར་ཐི་ཝ་ནེ་རྒ་ཐི་གཞོན་པ་མི་ཡུལ་དུ་སྐྱེས་དུས། ཁོང་གཉིས་ཀས་ཁོ་ལ་འཇར་མན་གྱི་སྐད་མ་བསླབ་པར་མ་ཟད་ཁོང་གཉིས་ཤིན་ཏུ་དགའ་སའི་འཇར་མན་རིག་གནས་ཀྱི་བག་ཆགས་ཀྱང་ཁོ་ལ་མ་བཞག
  ཁུར་ཐི་ཝ་ནེ་རྒ་ཐི་གཞོན་པ་ཁོང་སློབ་འབྲིང་གི་དུས་ནས་བཟུང་རྩོམ་འབྲི་བའི་ལས་ལ་ཞེན་པར་གྱུར་ཅིང་། ཁོང་གིས་སློབ་གྲྭའི་དུས་དེབ་ཏུ་རྩོམ་ཡིག་བྲིས་ཏེ་དགེ་རྒན་མགུ་བྱེད་ཁོ་ན་མ་ཡིན་པར་ཇི་ལྟར་ཀློག་མཁན་གྱི་རེ་འདུན་བསྐང་དགོས་ཚུལ་ཡང་རྟོགས་སོང་། ༡༩༤༠ལོར། ཁོང་ཁོར་ནེལ་སློབ་ཆེན(Cornell University)དུ་ཞུགས་ཏེ་སྐྱེ་ལྡན་རྫས་འགྱུར་རིག་པ(Biochemistry)གཙོ་བོར་སྦྱངས་པ་དང་། ཞོར་དུ་དུས་ཚོད་མང་པོ་བཀོལ་ནས་སློབ་གྲྭའི་དུས་དེབ་ཏུ་རྩོམ་ཡིག་བྲིས། ༡༩༤༣ལོར། ཁོང་བསླབ་འབྲས་མི་ལེགས་པའི་རྐྱེན་གྱིས་སློབ་གྲྭ་ནས་སྒོར་འཕུད་པའི་ཉེན་ཁར་འཕྲད་ཅིང་། དུས་དེར་ལང་ཚོའི་དཔལ་གྱིས་སྙེམས་པའི་ཁོང་ཉིད་རང་གི་འདོད་པ་བཞིན་སློབ་བྱོལ་བྱས་ཏེ་དམག་ནང་དུ་ཞུགས། 
  དུས་དེར། ཁོང་གི་ཁྱིམ་ཚང་གི་འཚོ་བའང་ཉམ་ཐག་པར་གྱུར་འདུག ལོ་རབས་སུམ་ཅུ་བར་བྱུང་བའི་དཔལ་འབྱོར་ཉམས་རྒུད་ཆེན་མོའི་རྐྱེན་གྱིས་ཁོང་གི་ཡབ་ལགས་ཀྱི་ལས་ཀ་ཤོར་སོང་། དེ་སྔ་ཀུན་གྱི་སྨོན་པ་ཤོར་སའི་སྐྱེ་བོ་དེ་སྒྱིད་ལུག་ཅིང་། གཞན་ལ་མི་འདྲིས་པ་ཞིག་ཏུ་གྱུར་ཏེ་ཅི་བྱ་གཏོལ་བྲལ་གྱི་ངང་དུ་བཟའ་ཟླ་དང་ཕྲུ་གུར་བཀྱེད་པར་བྱེད། ཕ་བུའི་འབྲེལ་བ་སྡུག་པོ་དེའི་རྐྱེན་པས་རྗེས་སུ་རྩོམ་པ་པོ་ཁོང་གིས་ཨ་ཕའི་སྣང་བརྙན་བཟོས་པ་ཕལ་ཆེ་བ་ནི་ཧྲེང་པོར་སྡོད་ཅིང་སྨྲ་བ་ཉུང་བ་དང་། ཕྲུ་གུར་མི་གཅེས་པ་འབའ་ཞིག་ཡིན་པ་རེད་ཅེས་བཤད་ཀྱང་ཆོག དེ་བཞིན་ཁོང་གི་སྒྲུང་རིང་ཐོག་མ་རང་འགུལ་རྣོ་སྦྲེང(Player Piano)ཞེས་པའི་ནང་དུའང་དོན་སྙིང་ཅན་གྱི་ལས་ཀ་ཞིག་མེད་པའི་རྐྱེན་གྱིས་མི་གཤིས་ལ་གོད་ཆག་ཤོར་བའི་སྐོར་ཡང་བྲིས་ཡོད། 
  ཁོང་གི་མ་ཡུམ་ལགས་ཀྱང་ཅི་བྱེད་ཆ་མ་འཚལ་བའི་རྐྱེན་གྱིས་སྙིང་རླུང་གི་ནད་ཀྱིས་མནར་གྱིན་པ་དང་ཁོང་གི་ཡབ་ལགས་དང་འདྲ་བར་རང་གི་བུ་ཕྲུག་ལ་བཀྱེད་ནས་བསྡད། འོན་ཀྱང་མོའི་རེ་བ་ཡོད་ཚད་སྟོང་ཟད་དུ་གྱུར་མེད་དེ། གཅིག་ནས་བརྩམས་སྒྲུང་འབྲི་མཁན་ཞིག་བྱ་འདོད་པ་དང་། གཉིས་ནས་ཁེབ་ཁ་ཊི(Cape Cod)[ཨ་རིའི་མ་སུར་ཆའུ་སེ་ཚི་མངའ་སྡེར་ཡོད་པའི་བྱེ་མ་དང་འཁྱག་རོམ་གྱིས་གྲུབ་པའི་ཕྱེད་གླིང་ཞིག]རུ་གནས་སྤོ་འདོད་པ་དེ་རེད། དེ་སྔ་མོས་སྐབས་ཤིག་ལ། ཀུན་གྱིས་ཨ་གསར་བྱེད་སའི་དུས་དེབ་ཤིག་ལ་སྒྲུང་ཐུང་འགའ་བསྐུར་མྱོང་ནའང་རྩོམ་ཚང་མ་དུས་དེབ་དེས་ཕྱིར་བསློགས་པས་མོ་རང་ཚིག་པ་ཟ་སླ་ཞིང་གནས་ལུགས་མི་རྩི་མཁན་ཞིག་ཏུ་གྱུར་ཏེ་ཕྲུ་གུ་ཚོའི་མདུན་ནས་ཀྱང་རང་གི་ཁྱོ་ཀ་ལ་དྲག་ཏུ་སྡིགས་པར་བྱེད། དེ་ནས་བཟུང་ཕྲུ་གུ་ཚོས་ཀྱང་མོ་རང་སྨྱོན་པ་ཆགས་འདུག་སྙམ།
  མཐར་མི་ཚེར་རེ་ཐག་ཆད་པའི་མ་ཡུམ་དེས་རང་ཁྱིམ་ནས་གཉིད་སྨན་འབོར་ཆེན་བཏུང་སྟེ་འཇིག་རྟེན་འདི་དང་ཁ་བྲལ།
  ཏག་ཏག་ཉིན་དེ་ནི་༡༩༤༤ལོའི་ཟླ་ལྔ་བའི་ཚེས་༡༤སྟེ། མ་ཡུམ་དུས་ཆེན་རེད།
  ཉིན་དེར་ཁུར་ཐི་ཝ་ནེ་རྒ་ཐི་རང་ཁྱིམ་དུ་བཞུགས་ཡོད་པ་དང་། ཕྱི་ཉིན་ཁོ་རང་ཨ་རིར་གྱེས་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་གཡུལ་སར་ཕྱིན་པ་རེད།[མུ་འགོད](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག