ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཝ་ནེ་རྒ་ཐིའི་དུས་ཀྱི་འགྲུལ་བཞུད།[ཕྱི་དུམ]༢

2014-12-24 པི་མུའུ་བཞེས། སྐྱ་བོ།
པི་མུའུ་བཞེས་ཀྱིས་བརྩམས།
སྐྱ་བོས་བོད་ཡིག་ཏུ་བསྒྱུར་ཅིང་མཆན་བཏབ།

བཅུ་བཞི་བ།
  དེ་ལྟ་ནའང་ཁོང་གི་གསར་རྩོམ་གྱི་གོམ་སྟབས་སྒྱུར་བའི་མཚམས་ནི་མ་བཞག ཁོང་གིས་སྔར་བཞིན་བརྩམས་སྒྲུང་གསར་རྩོམ་གནང་བར་མ་ཟད་ཁོང་རང་གི་རྩོམ་གཤིས་ཀྱང་ལྷོད་པར་མ་བྱས། ཁོང་གིས་བརྩམས་སྒྲུང་དུ་འཇིག་རྟེན་སྐྱེ་བོ་རྣམས་ནི་སྡུག་བསྔལ་གྱི་ངང་དུ་འཚོ་བ་དང་། མི་ཚེའི་ཁ་ཕྱོགས་ལ་ངེས་པ་མེད་པ། ལས་ལམ་དུ་མི་འགྲོ་བ། མཐར་འཆི་བདག་གི་དབང་དུ་འགྱུར་བ་སོགས་བྲིས་ཡོད། ཁོང་གི་རྗོད་པ་བདེ་ཞིང་ཚིག་ཐུང་བ་དང་། སྒྲུང་ཤོད་སྟངས་ནི་འཇིག་རྟེན་ལ་གྲགས་པ་ལས་འདས་ཏེ་འུད་ཀྱིས་བརྗོད་པར་ངེས། ཁོང་གི་རྩོམ་གྱི་བརྗོད་སྙིང་ནི་སྐྱོ་སྣང་རིང་ལུགས་ཀྱི་ལྟ་བས་ཀུན་ཏུ་ཟིན་ནའང་ཁོང་གི་ཚིག་ནི་བསྟན་བཤིག་ཚ་བོའི་ཉམས་དང་ལྡན་པ་ཞིག་ཡིན།
  ཝ་ནེ་རྒ་ཐིས་བསྟན་བཤིག་ཚ་བོའི་སྐོར་ལ་འདི་ལྟར་གསུང་ཡོད་དེ།

  བསྟན་བཤིག་ཚ་བོ་ནི་འཇིགས་དངངས་ཀྱིས་དེད་དེ་ཚུར་བྱུང་བ་ཙམ་དུ་ཟད། ཧྥུ་རོ་རྡེས(Freud)བསྟན་བཤིག་ཚ་བོ་ནི་ལས་ལམ་དུ་མ་ལྷོངས་པས་དེད་དེ་ཚུར་བྱུང་བ་དག་གི་གྲས་སུ་གཏོགས་ཞེས་སྨྲས་ཡོད། 
  གད་མོ་ཤུགས་དྲག་ཏུ་དགོད་པ་ནི་འཇིགས་དངངས་ཀྱི་རྐྱེན་པས་རེད། སྔོན་ཆད་ངས་གད་མོ་སློང་བའི་བརྙན་འཕྲིན་གྱི་ལས་ཚན་ཞིག་བཟོས་པ་ཡིན། ལེ་ཚན་རེ་རེའི་ནང་དུ་འཆི་བ་གླེང་དགོས་པ་དང་། གླེང་གཞི་དེས་ཁོ་ཚོར་རྒྱུ་མ་འགས་པའི་བར་དུ་གད་མོ་སློང་བར་བྱེད་ཅིང་ཁོ་ཚོས་ངེད་ཅག་གིས་ཇི་ལྟར་དགོད་ཁ་སློང་ཐུབ་པ་དེ་ཚོར་གྱིན་མེད།
  གད་མོ་སློང་བར་བྱེད་ནའང་དགོད་སྒྲ་ཕྱིར་མི་ཕྱུང་བའི་གནས་སྐབས་ནི་དངོས་གནས་ཡོད་པ་རེད། ཧྤུ་རོ་རྡེས་དེ་ལ་སྐེ་གཅོད་སྟེགས་བུའི་སྟེང་གི་བསྟན་བཤིག་ཚ་བོ་ཟེར། དེ་ཉིད་མངོན་སུམ་གྱི་འཚོ་བའི་ཁྲོད་དུ་རྟག་པར་འབྱུང་ཞིང་། དེ་ལ་བྱ་ཐབས་ཅི་ཡང་མེད་དེ་སེམས་གསོ་སྣ་ཚོགས་ཀྱིས་ཀྱང་མི་ཕན་ནོ།།
  
  གཅིག་བྱས་ན་སེམས་པ་སྡུག་གིས་མནར་བའི་སྐྱེ་བོ་དག་ནི་བསྟན་བཤིག་ཚ་བོར་གོམས་ཤིང་། ཝ་ནེ་རྒ་ཐེ་ནི་ཁོ་ཚོའི་གྲས་སུ་གཏོགས་པར་ངེས། 
  ཡང་ན་བསྟན་བཤིག་ཚ་བོར་གོམས་པའི་སྐྱེ་བོ་ཞིག་ལ་མཚོན་ན། སྡུག་བསྔལ་ཀྱང་དེ་འདྲའི་བཟོད་དཀའ་བ་ཞིག་མིན་སྲིད། 

བཅོ་ལྔ་བ།
  ༡༩༧༩ལོར། ཝ་ནེ་རྒ་ཐི་མཆོག་གི་སྒྲུང་དེབ《བཙོན་བྱེའུ》ཞེས་པ་པར་དུ་བསྐྲུན་ཅིང་དེ་ཡི་མཐུ་ལས་ཁོང་ལ་སྐབས་ཤིག་རིང་བོར་བའི་མཚན་སྙན་དེ་སླར་ཡང་ཐོབ། སྒྲུང་དེ་དངོས་ཡོད་རིང་ལུགས་ལ་གཞོལ་ཆེ་ཞིང་། དེས་མི་སྣ་གཙོ་བོ་སི་ཁྲར་བྷ་ཁིའི(Starbuck)སྨྲ་སྒོ་བརྒྱུད་ནས་ལོ་རབས་སུམ་ཅུ་བ་ནས་དྲུག་ཅུའི་བར་གྱི་ཨ་རིའི་སྤྱི་ཚོགས་ཀྱི་རྙོག་ཟིང་བརྗོད་ཡོད། མི་སྣ་གཙོ་བོ་དེ་ཡང་ནས་ཡང་དུ་བཙོན་དུ་ཚུད་ཅིང་། དེའི་རིང་ལ་དཔལ་འབྱོར་ཉམས་རྒུད་ཆེན་མོ(Great depression)དང་།འཛམ་གླིང་འཁྲུག་ཆེན་གཉིས་པ། ཁོ་རེ་ཡའི་དམག་འཁྲུག  མུ་ཁར་ཟི་རིང་ལུགས།(McCarthyism) ཝེད་ནམ་དམག་འཁྲུགཝོ་ཁྲིར་གྷེ་ཐིའི་དཀྲོག་རྐྱེན།(Watergate scandal)སོགས་ཨ་རིའི་ལོ་རྒྱུས་སུ་གལ་འགངས་ཆེ་བའི་དོན་ཆེན་དག་བྱུང་ཡོད། བརྩམས་སྒྲུང་དེ་ནི་སྔར་བཞིན་ཟུར་ཟ་དང་བསྟན་བཤིག་ཚ་བའི་ཉམས་དང་ལྡན་པའི་ཁ་མཚར་ནག་པོའི་གྲས་སུ་གཏོགས་ནའང་དེ་ལས་ཝ་ནེ་རྒ་ཐི་མཆོག་གི་སེམས་ན་ཨ་རིའི་སྤྱི་ཚོགས་ལ་ཞུ་རྒྱུའི་གཏམ་ཧ་ཅང་མང་པོ་ཞིག་ཡོད་པ་ཤེས་ཐུབ།
  ༡༩༨༧ལོར། ཁོང་གི་སྒྲུང་དེབ《ཨོག་ཚོམ་སྔོན་པོ》(Bluebeard)ཞེས་པ་པར་དུ་བསྐྲུན་ཅིང་། དེ་ནི་ཁོང་གི་སྔོན་མའི་རྩོམ་དག་ལས་ཐོད་རྒལ་བྱུང་བ་ཞིག་ཡིན། སྒྲུང་དེ་ནི་ལོ་ན་བདུན་ཅུར་སོན་ཞིང་མིག་ཡ་གཅིག་ལས་མེད་པའི་རི་མོ་བ་ཞིག་གི་རང་རྣམ་ལྟར་བྲིས་པ་ཞིག་གོ། རི་མོ་བ་དེ་ནི《ཨོག་ཚོམ་སྔོན་པོ》ཞེས་པའི་བྱིས་སྒྲུང་ནང་གི་མི་སྣ་གཙོ་བོ་དེ་དང་འདྲ་བར་གཞན་ལ་བཤད་དུ་མི་བཏུབ་པའི་ཁོ་རང་གི་གསང་བ་ཡོད་མཁན་ཞིག་ཡིན། དེའང་བུད་མེད་ཅིག་ཁོའི་འཚོ་བའི་ནང་ལ་བསླེབས་ཡོང་དུས་ཁོས་མོ་ལ་རང་ཉིད་ཀྱི་ཚེ་གཅིག་གི་གཏམ་རྒྱུད་མ་བཤད་ཐུ་མེད་དུ་གྱུར་སོང་། སྒྱུ་རྩལ་བ་ཡིས་མི་སྣ་གཙོ་བོ་བྱས་པའི་སྒྲུང་དེ་ནི་ཝ་ནེ་རྒ་ཐིས་སྔོན་མ་ལྟར་ཚན་རིག་རྟོག་སྒྲུང་གི་རྣམ་པས་བྲིས་པ་ཞིག་མ་ཡིན་པར། དེ་རུ་སྒྱུ་རྩལ་གྱིས་མིའི་འཚོ་བར་ཤུགས་རྐྱེན་ག་འདྲ་ཐེབས་པ་དང་། ཕོ་མོའི་བར་གྱི་འབྲེལ་བ་ཞིབ་པར་བྲིས་ཡོད། སྤྱིར་ཝ་ནེ་རྒ་ཐི་ནི་བུད་མེད་ཀྱི་འཚོ་བ་འབྲི་མཁས་པའི་རྩོམ་པ་པོ་ཞིག་མིན་ནའང་སྒྲུང་དེའི་ནང་དུ་ཁོང་གིས་གསོན་ཉམས་ལྡན་པའི་བུད་མེད་ཀྱི་སྣང་བརྙན་གཉིས་བཞེངས་ཡོད། སྒྲུང་དེའང་བསྟན་བཤིག་ཚ་བོའི་ཉམས་དང་ལྡན་ནའང་། ཀློག་མཁན་གྱིས་དེ་ལས་སྒྱུ་རྩལ་སྐོར་གྱི་ལྟ་བ་དང་བསམ་ཚུལ་མང་པོ་ཞིག་བཀླག་ཐུབ།
  ཝ་ནེའི་རྒ་ཐིའི་སྒྲུང་དེབ་ཆེས་རྗེས་མ་ནི་༡༩༩༧ལོར་པར་དུ་བསྐྲུན་པའི《དུས་ཡོམ》ཞེས་པ་དེ་ཡིན། སྒྲུང་དེའང་ཚན་རིག་རྟོག་སྒྲུང་ཞིག་ཡིན་ལ། ཁོང་གི་སྒྲུང་དུ་རྒྱུན་པར་འབྱུང་བའི་ཚན་རིག་རྟོག་སྒྲུང་རྩོམ་མཁན་གྱི་མི་སྣ་ཁེལ་རྒོར་ཁྲི་རའུ་ཁྲི་ཞེས་པ་སླར་ཡང་སྒྲུང་དེའི་ནང་དུ་བྱོན་ཡོད། དེའང“དུས་ཡོམ”ཞེས་པ་ནི་དུས་ཚོད་ཉིད་ས་ཡོམ་བརྒྱབ་པ་དང་འདྲ་བར་གཡོ་ཞིང་སྐྱོམས་པར་བྱས་པ་ལ་གོ་སྟེ། ༢༠༠༡ལོའི་དུས་ག་གེ་མོ་ཞིག་ལ། དུས་ཚོད་གློ་བུར་ཏུ༡༩༩༡ལོར་བསླེབས་ཤིང་། དེ་ལ་བརྟེན་ནས་སྐྱེ་བོ་ཐམས་ཅད་ཀྱི་སྔོན་ཆད་བསྒྲུབས་ཚར་བའི་དོན་མཐའ་དག་སླར་ཡང་ཐེངས་གཅིག་ལ་མི་སྒྲུབ་ཀ་མེད་དུ་གྱུར་བ་རེད། སྒྲུང་དེར་རང་དབང་གི་འདུན་པའི་སྐོར་བརྗོད་སྙིང་དུ་བཟུང་ཡོད་ནའང་། དེ་ཉིད་རྩོམ་མཁན་ཁོང་གི་རང་རྣམ་དང་ཡང་འདྲ་སྟེ། ཁོང་རང་གི་མྱོང་བ་མང་པོ་ཞིག་ཀྱང་དེར་བཅུག་ཡོད། 
  བརྩམས་སྒྲུང་ལས་གཞན། ཝ་ནེ་རྒ་ཐེས་ཐོལ་བྱུང་གི་ཟིན་བྲིས་ཀྱང་མང་པོ་བྲིས་མྱོང་། ཁོང་སྐུ་འཚོ་གཞེས་གནང་དུས་སུ་པར་སྐྲུན་བྱས་པའི་དེབ་མཐའ་མ་ནི《རྒྱལ་ཁབ་མེད་པའི་སྐྱེ་བོ》(A Man Without a Country)ཞེས་པའི་ཐོལ་རྩོམ་གྱི་དེབ་དེ་ཡིན། དེབ་དེ་༢༠༠༥ལོར་པར་དུ་བསྐྲུན་ཅིང་། སྐབས་དེར་ཁོང་དགུང་ལོ་བརྒྱད་ཅུར་སོན་ཡོད་ནའང་ཀློག་མཁན་གྱིས་སྔར་བཞིན་ཁོང་ལ་དགའ་མོས་བྱེད་པས་དེབ་དེའང་ཤིན་ཏུ་བྲིན་པར་གྱུར།

བཅུ་དྲུག་པ།
  ༢༠༠༠ལོའི་ཟླ་དང་པོའི་མཚན་མོ་ཞིག་ལ། གྲོང་ཁྱེར་ཉོའུ་ཡོག་གི་ཁྲོམ་སྲང་ཞེ་བརྒྱད་པར་ཡོད་པའི་ཉིས་ཐོག་གི་ཁང་པ་ཞིག་ལས་དུ་བ་ལང་ལོང་དུ་འཕྱུར་ཅིང་ཕྱི་ནས་བལྟས་ཚེ་ནང་དུ་མེ་འབར་བཞིན་པ་མཐོང་ཐུབ། མེ་གསོད་རུ་ཁག་དེར་བསླེབས་དུས། མེ་ཤོར་སའི་ཁང་པ་དེའི་ནང་གི་ཅ་ལག་དང་སྒྲིག་ཆས་ཕྱེད་ཀ་ཙམ་མེ་ཡིས་ཚིག་ཟིན། ཁང་པའི་ནང་དུ་སྨུག་གིས་བཀང་འདུག་ལ་རྒན་པོ་ཞིག་དྲན་པ་ཤོར་ཏེ་འགྱེལ་འདུག
  རྒན་པོ་དེ་ནི་སྐབས་དེར་དགུང་ལོ་བདུན་ཅུ་དོན་བདུན་ཡིན་པའི་ཝ་ནེ་རྒ་ཐི་ལགས་རེད།
  ལོ་ངོ་བཅོ་ལྔའི་སྔོན་དུ། རྩོམ་པ་པོ་ཁོང་གིས་ཁང་པ་དེའི་ནང་ནས་སྨན་མང་པོ་བཏུང་སྟེ་ལྕེབས་རྩིས་བྱས་ནའང་དུས་ལྟར་མྱུར་སྐྱོབ་བྱས་པས་ཁོང་འཆི་བདག་གི་ཁ་ལས་ཐར་ཐུབ་ཡོད།
  ལོ་ངོ་ལྔ་བཅུའི་སྔོན་དུ། ཁོང་གིས་རང་གི་མ་ཡུམ་ལགས་ལྕེབས་ཏེ་ཤི་བ་མིག་གིས་མཐོང་ཡོད་ལ་སྐབས་དེར་སྙིང་རླུང་གིས་མནར་གྱིན་པའི་ཁོ་མོ་ནི་སྐྱོབ་ཐབས་མ་བྱུང་།
  ཁོང་རང་ཉིད་ཀྱང་དུས་ཡུན་རིང་བོར་སེམས་ཞུམ་པའི་སྙིང་རླུང་གིས་མནར་བ་དང་། དུས་སྐབས་རིང་པོ་ཞིག་ལ་དེའི་མགོ་གནོན་བྱེད་ཀྱི་སྨན་སྣ་ཚོགས་འཐུང་ཞིང་སེམས་ཁམས་སྨན་པ་སྟེན་གྱིན་ཡོད། 
  མང་པོ་ཞིག་གིས་ཁོང་ནི་སྐྱོ་སྣང་རིང་ལུགས་པ་ཞིག་ཡིན་པར་འདོད།
  ཁོང་གི་བརྩམས་སྒྲུང་དུ། དུས་རྟག་པར་སེམས་ཁམས་ནད་པར་གྱུར་བ་དང་། སྙིང་རླུང་གིས་མནར་བ། ལྕེབས་པ་སོགས་ཡང་ནས་ཡང་དུ་འབྱུང་།
  དེ་ལྟ་ནའང་ཀུན་གྱིས་ཁོ་རང་ཁ་མཚར་ནག་པོའི་རྩོམ་གཤིས་ཅན་གྱི་རྩོམ་པ་པོ་ཞིག་ཏུ་འཛིན་པར་བྱེད་དེ། ཁོང་གིས་བསྟན་བཤིག་ཚ་བོར་བརྟེན་ཏེ་སྡུག་བསྔལ་འབྲི་བར་བྱེད་དོ།།
  ཐེངས་དེ་ལའང་ཁོང་སྨན་ཁང་གི་མྱུར་སྐྱོབ་ཁང་ནས་ཡུན་རིང་བར་མ་སད་པར་ལུས་ནའང་མཐར་འཆི་བདག་གི་ཁ་ནས་ཐར་བར་གྱུར།
  རྗེས་སུ། མེ་ཤོར་བའི་སྐོར་དེ་གླེང་དུས། ཁོང་གིས་བསྟན་བཤིག་ཚ་བོའི་ངང་དུ། “སྐབས་དེར་ཤི་སོང་ཚེ་འཆི་བའི་ཚུགས་ཀ་དེ་ཧ་ཅང་རན་པ་ཞིག་ཡིན”ཟེར།
  མཚན་མོ་དེར། ཁོང་གིས་རང་ཁྱིམ་གྱི་ཉིས་ཐོག་ནས་ཐ་མག་འཐེན་ཞོར་དུ་བརྙན་འཕྲིན་ནང་གི་ཨ་རིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་ལ་བལྟས་པ་རེད། ཕལ་ཆེར་འགྲན་སྡུར་དེ་ཡག་པོ་མ་བྱུང་བ་འདྲ། ཁོང་བར་སྐབས་ཤིག་ནས་གཉིད་སོང་བ་དང་། ལག་ཏུ་འཐེན་འཕྲོར་བྱས་པའི་ཐ་མག་བཟུང་ཡོད། ཐ་མག་གིས་མེ་སྦར་ཏེ་མེ་སྐྱོན་ཆེན་པོ་དེ་བྱུང་བ་རེད། ཚུལ་དེ་ལ་བསམ་ན་ཐ་མག་བཟོ་གྲྭས“ཐ་མག་འཐེན་པས་སྲོག་ལ་འཚེ་བར་འགྱུར”ཞེས་ཉེན་བརྡ་བརྒྱབ་པ་དེ་ལའང་གནས་ལུགས་མེད་པ་ག་ལ་ཡིན།  
  ལོ་ངོ་བཅོ་ལྔའི་སྔོན་གྱི་ཆག་སྒོ་དེ་དང་འདྲ་བར། ནད་ཁྲིའི་སྟེང་ནས་དྲན་པ་ཤོར་ཏེ་ཉིན་འགའ་ལ་བསྡད་རྗེས། ཁོང་དལ་བུར་སད་འོངས་པ་རེད།
  དྲན་པའི་ཉམས་པའི་སྐབས་དེ་ལ། ཁོང་གིས་སླར་ཡང་འཆི་བདག་ལ་ཁ་བརྡ་ཞིག་བྱས་ཤིང་། “ཀྭ་ཡེ། འཆི་བདག ང་རང་ངོ་མ་འཆི་མི་འདོད”ཅེས་སྨྲས་ཡོད་སྲིད།[རྫོགསོ](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག