ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཝ་ནེ་རྒ་ཐིའི་དུས་ཀྱི་འགྲུལ་བཞུད།[སྔ་དུམ]༢

2014-12-23 པི་མུའུ་བཞེས། སྐྱ་བོ།
པི་མུའུ་བཞེས་ཀྱིས་བརྩམས།
སྐྱ་བོས་བོད་ཡིག་ཏུ་བསྒྱུར་ཅིང་མཆན་བཏབ།
ལྔ་བ།
  ཁོང་གི་སྒྲུང་དེབ《རྒྱལ་བ་བོའི་ཞོགས་ཟས》ཡི་ལེའུ་བཅུ་བདུན་པར། སྒྲུང་ནང་གི་མི་སྣ་བྷེ་ནེའི་མ་ཡུམ་སྨྱོས་ཏེ་ལྕེབས་པའི་སྐོར་རྗོད་སྐབས་ཁོང་རང་གི་མ་ཡུམ་གྱི་སྐོར་བྲིས་ཡོད། 
  ཝ་ནེ་རྒ་ཐི་ནི་སྒྲུང་གི་ནང་ནས་ཡར་མར་སྣ་ཚོགས་གླེང་བར་དགའ་ཞིང་། དུས་རྒྱུན་པར་ཁོང་གིས་རང་ཉིད་རྟོག་བཟོའི་གཏམ་རྒྱུད་དུ་མངོན་པར་བྱས་ཏེ། རང་གི་མྱོང་བ་ངོ་མ་སྒྲུང་གི་བྱུང་རིམ་དུ་འཇུག་པར་བྱེད། 
   གཤམ་གྱི་ཚན་པ་དེའི་ནང་དུ། ཁོང་གི་སྒྲུང་ཤོད་སྟངས་དེ་སྒྲུང་ཧྲིལ་བོའི་ནང་གི་རྩོམ་ཉམས་དང་མི་འདྲ་བ་ཞིག་མིན་ནའང་། བཞད་གད་དང་ཟུར་ཟས་རབ་ཏུ་སྤྲས་ཏེ་མགོ་རྔ་མེད་པ་ལྟ་བུར་བྱས་ཡོད།
  ཁྱོད་ཀྱིས་ལེགས་པར་ཉོན་ཅིག ངའི་མ་ཡུམ་དང་བྷེ་ནེའི་མ་ཡུམ་གཉིས་ཀ་ནི་རྦད་དེ་མི་འདྲ་བའི་མི་གཉིས་ཡིན། འོན་ཀྱང་ཁོང་མོ་གཉིས་ཀ་གཞན་དང་མི་འདྲ་བའི་མཛེས་ཆོས་ཀྱིས་ཕྱུག་ཅིང་། ཁོང་མོ་གཉིས་ཀས་སེམས་རབ་ཏུ་གཡོ་བའི་ངང་ནས་བརྩེ་དུང་དང་། ཞི་བདེ། དམག་འཁྲུག མི་དགེ་བ། རེ་ཐག་ཆད་པ། ཡིད་དགའ་བའི་འདས་དོན། ཡིད་སྐྱོ་བའི་འདས་དོན་སོགས་གླེང་བར་བྱེད། མ་ཡུམ་དེ་གཉིས་ཀ་ལྕེབས་ཏེ་ཤི་བ་དང་། བྷེ་ནེའི་མ་ཡུམ་གྱིས་རྡི་ལ་ནོ་བཏུང་བ་དང་ངའི་ཨ་མས་གཉིད་སྨན་བཏུང་བ་རེད། དེ་ནི་དེ་འདྲའི་མི་ལེགས་པ་ཞིག་མ་རེད་ཨང་།[བརྩམས་སྒྲུང《རྒྱལ་བ་བོའི་ཞོགས་ཟས》ལས་བཏུས།]
  དེ་ནི་དེ་འདྲའི་མི་ལེགས་པ་ཞིག་མ་རེད་དམ། ཚིག་འདིར་བསམ་ཚེ་རྩོམ་པ་པོས་ཀློག་མཁན་རྣམས་ནི་གདུང་བས་མནར་དུ་དོགས་ནས་ཁོང་རང་ཉིད་གདོང་དུ་བུད་དེ་དེ་ཡི་རྐྱེན་པས་སེམས་སྡུག་བྱ་མི་དགོས་པ་དང་། བསྟན་བཤིག་ཚ་བའི་སྒྲུང་དེ་ཀློག་པར་མུ་མཐུད་དུ་སེམས་པ་སྐྱིད་པོ་བྱེད་པར་སྐུལ་མ་གཏོང་བ་དང་འདྲ།

དྲུག་པ།
  དེའང་མི་རྣམས་ཀྱིས་ཝ་ནེ་རྒ་ཐིའི་བརྩམས་སྒྲུང་གི་སྐོར་གླེང་སྐབས། ཁ་མཚར་ནག་པོ[དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་ནང་དུ་བྱུང་ཞིང་ལོ་རབས་བདུན་ཅུ་བའི་ནང་དུ་དར་རྒྱས་བྱུང་བའི་ཨ་རིའི་རྩོམ་རིག་གི་གྲུབ་མཐའ་ཞིག]དང་། ཚན་རིག་རྟོག་སྒྲུང་། ཟུར་ཟའི་རྩོམ་རིག དེང་རབས་ཕྱི་མའི་རྩོམ་རིག་སོགས་རྟགས་ཐམ་སྣ་ཚོགས་ཀྱིས་མཚན་པར་བྱེད།
  《རྒྱལ་བ་བོའི་ཞོགས་ཟས》ནི་༡༩༧༣ལོར་པར་དུ་བསྐྲུན། དེ་ནི“མགྱོགས་པོར་འཇིག་ལ་ཉེ་བའི་སྐར་མའི་གོ་ལ་ཞིག་ཏུ་བྱུང་བའི”སྒྲུང་ཞིག་ཡིན་ལ། མི་སྣ་གཙོ་བོ་ནི“ཤིན་ཏུ་ཉམ་ཐག་པ་དང་། ལུས་པོ་རིད་ཅིང་སྐམ་པའི་མི་དཀར་རྒས་འཁོགས་གཉིས”ཡིན། དེ་གཉིས་ཀྱི་གཅིག་གི་མིང་ལ་ཊི་ཝེན་ཧོའུ་ཝུར(Dwayne Hoover)ཟེར་ཅིང་། དེ་ནི་སྐྱེ་གཟུགས་རྫིག་པོ་མེད་ཀྱང་ནང་སེམས་ཧམ་པས་གང་བའི་མོ་ཊ་འཚོང་མཁན་ཞིག་ཡིན། ཁོའི་ཡིད་ནི་སྒྲུང་ནང་གི་མི་སྣ་གཙོ་བོ་ཅིག་ཤོས་ཏེ། ཚན་རིག་རྟོག་སྒྲུང་བ་འཆལ་བོ་ཁེལ་རྒོར་ཁྲི་རའུ་ཁྲིའི(Kilgore Trout)བརྩམས་ཆོས་ཀྱིས་འཕྲོག་པར་མ་ཟད་སྒྲུང་ནང་དུ་བྲིས་པ་ཐམས་ཅད་བདེན་པར་རློམ་ཡོད། ཁེལ་རྒོར་ཁྲི་རའུ་ཁྲི་ནི་ཕྱི་ཚུལ་ནས་སྨྱོན་པ་ཞིག་དང་གཉིས་སུ་མེད་ནའང་འོན་ཀྱང་ཁོ་ནི་ནང་གི་ཤེས་པ་རབ་ཏུ་གསལ་བའི་རྩོམ་པ་པོ་ཞིག་ཡིན་པ་རེད། སྒྲུང་དེའི་མགོ་ནི་ཚན་རིག་པ་དེ་མོ་ཊ་འཚོང་མཁན་གཞིས་ཆགས་སའི་གྲོང་རྡལ་དེར་བསྡུས་པའི་སྒྱུ་རྩལ་གྱི་དུས་ཆེན་ཞིག་ལ་ཞུགས་པ་ནས་བརྩམས་ཡོད་ཅིང་། མི་སྣ་གཙོ་བོ་དེ་གཉིས་ཀ་མཐར་མཇལ་འཕྲད་བྱུང་བའི་བར་དུ་བྲིས་ཡོད། བར་དུ་ཨ་རིའི་སྤྱི་ཚོགས་ལ་སུན་འབྱིན་དང་ཟུར་ཟ་སྣ་ཚོགས་བྱས་ཡོད་ལ་སྒྲུང་མཁན་ཁོང་གིས་དངོས་སུ་བྲིས་པའི་བར་བཅུག་རི་མོ་དག་ཀྱང་བཀོད་ཡོད་པས་ཤིན་ཏུ་དགོད་བྲོ་བ་ཞིག་ཡིན།
  ཝ་ནེ་རྒ་ཐི་ནི་སྒྲུང་དེ་ཤོད་པ་པོ་ཡིན་པའི་ཁར་ད་དུང་ཁོང་རང་ཉིད་དང་རྟོག་བཟོ་བྱས་པའི་མི་སྣ་གཉིས་ཀ་མཉམ་པོར་སྒྲུང་ནང་དུ་བྱོན་ཡོད། དཔེར་ན་དེབ་དེའི་ནང་དུ་གཤམ་གསལ་ལྟར་རྩོམ་པ་པོ་དང་ཁོང་རང་ཉིད་བར་གྱི་ཁ་བརྡ་དུམ་བུ་ཞིག་ཡོད།

“ཁྱོད་ཀྱིས་འབྲི་བཞིན་པའི་དེབ་དེ་དངོས་གནས་སྡུག་ཅག་ཅིག་རེད”ཅེས་ངས“ལྡུག་མཆུའི”རྒྱབ་ཀྱི་རང་ཉིད་ལ་སྨྲས།
 ང་ན་རེ། “ངས་ཤེས་ཡོད”
“ཁྱོད་ཀྱང་རང་གི་མ་ཡུམ་ལྟར་ལྕེབས་པར་སྐྲག་གམ” ངས་དེ་ལྟར་དྲིས།
ང་ན་རེ། “ངས་ཤེས་ཡོད”[འདིའང་བརྩམས་སྒྲུང《རྒྱལ་བ་བོའི་ཞོགས་ཟས》ལས་བཏུས་པའོ]

  《རྒྱལ་བ་བོའི་ཞོགས་ཟས》མཇུག་སྡུད་ཁར། ཝ་ནེ་རྒ་ཐི་ཁོང་རང་ཉིད་དང་སྒྲུང་ནང་གི་མི་སྣ་ཁྲི་རའུ་ཁྲི་གཉིས་ཀྱི་ཁ་བརྡ་དུམ་བུ་ཞིག་ཡོད། སྒྲུང་ནང་དུ་རྟོག་བཟོ་བྱས་པའི་ཚན་རིག་རྟོག་སྒྲུང་བ་དེས“ངའི་ཡབ་ལགས་ཀྱི་སྐད་གདངས”ལ་བརྟེན་ནས་རྩོམ་པ་པོར“ང་རང་ལོ་ན་གཞོན་པར་བྱོས་ཤིག ང་རང་ལོ་ན་གཞོན་པར་བྱོས་ཤིག ང་རང་ལོ་ན་གཞོན་པར་བྱོས་ཤིག”ཅེས་སྐད་མཐོན་པོས་བོས་པ་རེད།
  ཁེལ་རྒོར་ཁྲི་རའུ་ཁྲི་ནི་ཝ་ནེ་རྒ་ཐི་མཆོག་ཆེས་དགའ་སའི་མི་སྣ་ཞིག་ཡིན་པ་འདྲ་སྟེ། མི་སྣ་དེ《རྒྱལ་བ་བོའི་ཞོགས་ཟས》ཁོ་ནར་མ་ཟད་པར། 《སྐུ་ཞབས་རོ་ཟི་ཝོ་ཐིར། འཇིག་རྟེན་བྱེད་པོས་ཁྱོད་ལ་སྲུང་།》(God Bless you, Mr.Rosewater)དང་། 《གསོད་ར་ལྔ་བ》《བཙོན་བྱེའུ》(Jailbird) 《དུས་ཡོམ》(Timequake)སོགས་སྒྲུང་མང་པོའི་ནང་དུ་ཡོད། གོ་ཐོས་སུ་ཁེལ་རྒོར་ཁྲི་རའུ་ཁྲིའི་དཔེ་ལྟ་ས་ནི་ཨ་རིའི་ཚན་རིག་རྟོག་སྒྲུང་བ་ཟིས་ཨུ་ཏོར་སི་ཁྲིར་རྗུན(Theodore Sturgeon)ཡིན་པར་གྲགས་ཤིང་དེ་ལས་ཁོང་རང་དང་འདྲ་བའི་ཆ་ཤིག་ཀྱང་རྙེད་ཐུབ་པ་ཡིན་ནོ།།

བདུན་པ།
  ཝོ་ནེ་རྒ་ཐི་དང་ཁོང་གིས་བཟོས་པའི་སྒྲུང་གི་མི་སྣ་ཁེལ་རྒོར་ཁྲི་རའུ་ཁྲི་གཉིས་ལ་འདྲ་ས་གཉིས་ཡོད་པ་ནི། ཁོང་གཉིས་ཀས་ཚན་རིག་རྟོག་སྒྲུང་འབྲི་བ་དང་། གཞོན་ནུའི་དུས་སུ་ལས་ལམ་དུ་མ་ལྷོངས་པའམ་རྩོམ་ལ་མཉམ་འཇོག་བྱེད་མཁན་མ་བྱུང་བའོ།།
  ༡༩༤༧ ལོར། ཝོ་ནེ་རྒ་ཐིར་འཚོ་བའི་ཕྱོགས་ནས་དཀའ་ཁག་ཆེན་པོར་འཕྲད། སྐབས་དེར་ཁོང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་གཡུལ་ས་ནས་ཕྱིར་ལོག་སྟེ་ཆི་ཁ་རྒོའི་སློབ་ཆེན་གྱི་ལོ་གཉིས་རིང་གི་ཤེས་རམས་པའི་བསླབ་གནས་ལ་བརྩོན་གྱིན་ཡོད་ནའང་། དཔྱད་རྩོམ་ལ་ཡིག་ཚད་མ་ལོངས་པར་གྱུར། དེ་བས་ཁོང་སློབ་གྲྭ་དེ་དང་ཁ་འབྲལ་སྐབས་སྔར་བཞིན་མཐོ་འབྲིང་གི་འཛིན་ཡིག་ལས་མེད། དུས་དེར་ཁོང་གཉེན་བསྒྲིགས་ཏེ་ཕྲུ་གུའང་བཙས་ཡོད་པས་ཁོང་གིས་མ་བུ་དེ་གཉིས་ཀ་གསོ་དགོས་ཡོད།
  ཕུ་བོས་མཚམས་སྦྱོར་བྱས་པ་ལྟར། ཁོང་གིས་ཡོངས་ཁྱབ་གློག་ཤུགས་ཀུང་ཟི(General Electric)ནས་ལས་ཀ་ཞིག་རྙེད། དེའང་ཁོང་གིས་དེ་སྔ་རྩིས་ཚན་གྱི་སྐོར་སྦྱངས་ཡོད་པས་ཁོང་ལ་ཀུང་ཟིའི་ཚོད་ལྟ་ཁང་ནས་ཞིབ་འཇུག་གི་སྙན་ཞུ་འབྲི་རུ་བཅུག ཁོང་ཚན་རིག་པ་དང་གྲོགས་སུ་འགྱུར་བར་དགའ་བོ་ཡོད་ནའང་ལས་ཀ་དེ་ནི་ཁོང་གི་དགའ་ཕྱོགས་དང་གཏན་ནས་མི་འཚམས་པ་ཞིག་རེད། དེ་བས་ཁོང་གིས་ངལ་གསོའི་དུས་ཚོད་ཀྱི་སྐབས་སུ་སྒྲུང་ཐུང་འབྲི་མགོ་བརྩམས། སྒྲུང་ཐུང་དང་པོ་དེར་རྩོམ་ཡོན་སྒྲོ་ལོར༧༥༠རེག་ཅིང་དེ་ནི་སྐབས་དེར་ཁོང་གི་བདུན་ཕྲག་དྲུག་རིང་གི་གླ་ཕོགས་དང་འདྲ། དེའི་འཕྲོར་ཁོང་གི་སྒྲུང་ཐུང་གཉིས་པ་དེ་ལའང་རྩོམ་ཡོན་སྒྲོ་ལོར་༩༥༠རེག དེ་བས་ཁོང་གིས་ལས་ཀ་དེ་དོར་ནས་ཆེད་དུ་སྒྲུང་འབྲི་བའི་ལས་ལ་ཞུགས། བརྙན་འཕྲིན་དང་དྲ་བས་ཀློག་མཁན་དག་འཕྲོག་མི་སྲིད་པའི་དུས་རབས་དེར། སྒྲུང་ཐུང་བྲིས་པ་ཙམ་གྱིས་ཀྱང་རྩོམ་པ་པོ་ཞིག་གི་ལྟོ་གོས་འཕྱིད་ཐུབ་པ་དེ་ནི་དེང་གི་དུས་འདིར་བསམ་པའི་ཡུལ་ལས་འདས་པ་ཞིག་མ་ཡིན་ནམ། 
  ལས་ཀ་དེ་དོར་རྗེས། ཝ་ནེ་རྒ་ཐི་མཆོག་མཛེས་ཤིང་ལྟ་ན་སྡུག་པའི་ཁེབ་ཁ་ཊི་ལ་གནས་སྤོས་ཤིང་ཆེད་དུ་སྒྲུང་འབྲི་བའི་འཚོ་བ་བསྐྱངས། དེ་ནི་ཁོང་གི་མ་ཡུམ་ལགས་སྐུ་མ་འདས་པའི་སྔོན་ལ་རེ་བས་བསྒུགས་ནའང་འབྲས་བུ་མ་སྨིན་པའི་དོན་གཉིས་ལས་གཅིག་ཡིན་ནོ།། 

བརྒྱད་པ།
  ༡༩༥༢ལོར། ཝ་ནེ་རྒ་ཐེའི་སྒྲུང་རིང་དེབ་ཐོག་མ《རང་འགུལ་རྣོ་སྦྲེང》ཞེས་པ་དངོས་སུ་པར་སྐྲུན་བྱས། སྒྲུང་དེ་ནི“ཚན་རིག་གི་རྟོག་སྒྲུང་སྙི་མོ”(Soft Science Fiction)ཞེས་པའི་རྩོམ་ཐབས་ལ་གཏོགས་པ་སྟེ། དེའི་བརྗོད་དོན་གཙོ་བོ་ནི་ལག་རྩལ་མ་ཡིན་པར་མི་དང་སྤྱི་ཚོགས་ཡིན་པས་སོ།། སྒྲུང་དེ་ནི་ཡུ་ཐོ་ཕི་ཡ[ཨིན་སྐད་Utopiaརང་སོར་བཞག་པ་སྟེ། རྒྱ་སྐད་དུ་乌托邦ཞེས་པ་དེའོ]ལ་རྒོལ་བའི་ཆ་དང་ལྡན་པ་ཞིག་ཡིན། དེའི་ནང་དོན་ནི་འདི་ལྟ་སྟེ། མ་འོངས་པའི་དུས་ཤིག་ལ་ལས་ཀ་མཐའ་དག་འཕྲུལ་འཁོར་གྱིས་སྒྲུབ་ཐུབ་པས་མི་ཡིས་རྐང་ལག་འགུལ་ནས་ལས་ཀ་སྒྲུབ་པ་དེ་ལྷག་མར་གྱུར་ཡོད། དེ་རུ་མི་རྣམས་གྲལ་རིམ་གཉིས་སུ་གྱེས་ཡོད། གཅིག་ནི་ལག་རྩལ་དང་དོ་དམ་ལ་མཁས་ཤིང་བློ་རིག་ཁོ་ན་མ་གཏོགས་རྐང་ལག་འགུལ་མི་དགོས་པའི་གྲལ་རིམ་མཐོན་པོའི་རིགས་དང་ཅིག་ཤོས་ནི་ལུས་ཤུགས་ངལ་རྩོལ་བྱེད་མཁན་ཏེ་དབུལ་བོའི་རིགས་སོ།། སྐབས་དེར་མིང་ལ“གདོན་འདྲེའི་ཚི་ལེན”དུ་འབོད་པའི་གསར་བརྗེའི་རྩ་འཛུགས་ཤིག་གིས་སྤྱི་ཚོགས་ཀྱི་རྣམ་པ་དེ་བསྒྱུར་ཨེ་ཐུབ་བལྟས། འོན་ཀྱང་མཐར་ཁོ་ཚོས་མིའི་རིགས་ལ་ཆེས་མཁོ་བ་ནི་གསར་བརྗེ་མ་ཡིན་པར་རེ་བ་དང་དམིགས་ཡུལ་ཡིན་པ་ཤེས། དེ་སྔོན་ཝ་ནེ་རྒ་ཐེས་ཡོངས་ཁྱབ་གློག་ཤུགས་ཀུང་ཟི་ནས་ལས་ཀ་སྒྲུབ་པའི་ཉམས་མྱོང་གིས་ཁོང་ལ་《རང་འགུལ་རྣོ་སྦྲེང》ཞེས་པའི་དེབ་དེ་རྩོམ་པའི་བློ་སྒོ་ཕྱེ་ཡོད། ཡིན་ནའང་དེབ་དེ་པར་དུ་བསྐྲུན་རྗེས་རྩོམ་རིག་གི་སྡེ་ནས་གདེང་འཇོག་གང་ཡང་མ་བྱས།
  དེ་བཞིན་ཁོང་གི་སྒྲུང་རིང་དེབ་གཉིས་པ《སྐར་མ་ཐེ་ཐན་སྟེང་གི་སཱ་རེན》[སཱ་རེན་ནི་གནའ་བོའི་གྷི་རིག་གི་ལྷ་སྒྲུང་དུ་བྱུང་བའི་ལུས་ཕྱེད་མི་དང་ལུས་ཕྱེད་གླིང་ཕྲན་ཡིན་པའི་མཚོ་ནང་གི་བདུད་མོ་ཞིག་སྟེ། རྟག་པར་གཞས་སྙན་མོས་དེད་དཔོན་དག་གི་ཡིད་དྲངས་ཏེ། གྲུ་གཟིངས་མར་ནུབ་ཏུ་འཇུག](The Sirens of Titan)དང་། སྒྲུང་དེབ་གསུམ་པ《མཚན་ཨ་མ》(Mother Night)གཉིས་ལའང་མཉམ་འཇོག་བྱེད་མཁན་མ་བྱུང་། རྗེས་སུ་ཝ་ནེ་རྒ་ཐེས་སྐབས་དེའི་གནས་ཚུལ་གླེང་སྐབས“དུས་དེར་བདག་གི་བརྩམས་སྒྲུང་ལ་དཔྱད་གཏམ་སྤེལ་མཁན་གྱི་མི་ཞིག་ཀྱང་མ་བྱུང་། 《སྐུ་དྲག》ཅེས་པའི་དུས་དེབ་ཏུ་སྐབས་དེའི་ཨ་རིའི་རྩོམ་རིག་པའི་སྡེ་ཡི་མི་དག་གི་མིང་ཐོ་བཀོད་ཅིང་། རྩ་ཅུང་ཙམ་ཆེ་བའི་རྩོམ་པ་པོ་མཐའ་དག་དེའི་ནང་དུ་ཐེ་བར་བྱས་འདུག འོན་ཀྱང་ང་རང་དེར་ཐེ་མེད་པས་ང་ལ་རང་ཉིད་ནི་གཞན་ལས་དམན་པར་གྱུར་བའི་ཚོར་བ་ཞིག་བྱུང”
  གཅིག་བྱས་ན་ཝ་ནེ་རྒ་ཐིའི་སྨྱུག་འོག་གི་ཚན་རིག་རྟོག་སྒྲུང་བ་ཁེལ་རྒོར་ཁྲི་རའུ་ཁྲིས་ནི་ཚེ་སྟོད་ཀྱི་ཁོང་རང་ཉིད་མཚོན་ཡོད་པ་འདྲ་སྟེ། ཁེལ་རྒོར་ཁྲི་རའུ་ཁྲི་ནི་དུས་རྟག་པར་དབུལ་ཅིང་ཧྲེང་བོར་ལུས་ཡོད་ཅིང་།ཁོ་ལ་བྱིངས་དང་མི་འདྲ་བའི་འཆར་སྒོ་སྣ་ཚོགས་ཡོད་པས་ནང་དོན་ཁྱད་མཚར་ཅན་གྱི་ཚན་རིག་རྟོག་སྒྲུང་རེ་བྲིས་ནའང་། རྩོམ་རིག་དཔྱད་བརྗོད་པ་ཚོས་ཁས་གཏན་ནས་མི་ལེན་པར་མ་ཟད་ཉོ་མཁན་ཡང་ཤིན་ཏུ་ཉུང་། དེ་བས་ཁོའི་བརྩམས་སྒྲུང་ནི་ཆགས་སྲེད་ཀྱི་ཀློག་དེབ་འཚོང་ས་དག་གི་སྒེའུ་ཁུང་ཁར་བཞག་སྟེ་ཆགས་སྲེད་ཀྱི་དེབ་དག་ཀུན་གྱི་མིག་ལམ་ནས་སྒྲིབ་བྱེད་བྱས་ཡོད། 

དགུ་བ།
  དུས་སྐབས་དེར། ཝ་ནེ་རྒ་ཐིའི་ཁྱིམ་གྱི་འཚོ་བ་ལའང་གོད་ཆག་སྣ་ཚོགས་བྱུང་།
  ༡༩༤༧ལོར། ཁོང་གི་ཡབ་ལགས་ཚེ་ལས་འདས།
  དེ་ནས་རིང་བོ་མ་ལོན་པར་ཁོང་ལ་ཧ་ཅང་སྙིང་ཉེ་བའི་གཅེན་མོ་ཨ་ལི་ཟིའང་སྐྲན་ནད་ཀྱིས་མནར་ཏེ་ཚེ་ཡི་འཕེན་པ་རྫོགས།
  ཨ་ལི་ཟི་ཚེ་ལས་འདས་པའི་སྔ་ཉིན། མོའི་ཁྱོ་ཀ་མོ་ལ་སྨན་ཁང་དུ་ལྟ་བར་འོང་བའི་ལམ་བར་ནས་འཁོར་བགེགས་བྱུང་སྟེ་གྲོངས།
  ཁྱོ་ཤུག་དེ་གཉིས་ཀ་འདས་རྗེས་ཤུལ་ཏུ་གཉོར་སྐྱོང་བྱེད་མཁན་མེད་པའི་ཕྲུ་གུ་བཞི་ལུས་ཡོད་ཅིང་དེའི་ནང་གི་གསུམ་ཝ་ནེ་རྒ་ཐི་ཁྱོ་ཤུག་གཉིས་ཀྱིས་གཉོར་བ་དང་། དེ་དག་གི་ཁར་ཁོང་གཉིས་ཀྱི་ཕྲུ་གུ་གསུམ་པོ་བསྣན་རྗེས་ཁྱོན་ཁོང་གཉིས་ཀྱིས་ཕྲུ་གུ་དྲུག་གཉོར་སྐྱོང་བྱ་དགོས་བྱུང་།
  དུས་སྐབས་དེར། བཟའ་མི་ཚོའི་ཁ་རྒྱབ་ཀྱི་ཆེད་དུ། ཝ་ནེ་རྒ་ཐིས་དུས་ཐུང་གི་དགེ་རྒན་དང་། བརྡ་ཁྱབ་སྤེལ་མཁན་གྱི་ལས་ཀ་བསྒྲུབས་པར་མ་ཟད་སཱབ་ཟེར་བའི་མོ་ཊ་འཚོང་ས་ཞིག་ཀྱང་ཕྱེ་མྱོང་།
  བརྩམས་སྒྲུང《དུས་ཡོམ》ཞེས་པའི་ནང་ཁོང་གིས་དེའི་སྐོར་འདི་ལྟར་བྲིས་ཡོད་དེ།
  གསར་འགོད་པ་ཞིག་གིས་ངའི་བུ་ཆུང་མར་ཁི་ལ། ཆུང་ངུའི་དུས་ནས་སྐྱེས་བུ་གྲགས་ཅན་ཞིག་གི་ཁྱིམ་ནས་འཚར་ལོངས་བྱུང་ན་ཚོར་བ་ཅི་འདྲ་འདུག་ཅེས་དྲིས་པར། མར་ཁིས་ལན་དུ། ངའི་ཨ་ཕ་ནི་མོ་ཊ་འཚོང་མཁན་ཞིག་ཡིན། ཁོང་གིས་ཁེབ་ཁ་ཊིའི་ཆེད་ལས་སློབ་གྲྭ་ནས་དཔེ་ཁྲིད་བྱེད་པའི་ལས་ཀ་ཞིག་ཀྱང་མ་རྙེད་པ་རེད་ཅེས་སྨྲས།[མུ་འགོད](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག