ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཝ་ནེ་རྒ་ཐིའི་དུས་ཀྱི་འགྲུལ་བཞུད།[ཕྱི་དུམ]༡

2014-12-24 པི་མུའུ་བཞེས། སྐྱ་བོ།
པི་མུའུ་བཞེས་ཀྱིས་བརྩམས།
སྐྱ་བོས་བོད་ཡིག་ཏུ་བསྒྱུར་ཅིང་མཆན་བཏབ།

བཅུ་བ།
  ཀུན་གྱིས་དོ་སྣང་བྱེད་སའི་ཝོ་ནེ་རྒ་ཐིའི་སྒྲུང་ཐོག་མ་ནི《བྱི་ལའི་ཁྱོགས་སྒྲོམ》ཞེས་པ་དེ་ཡིན། སྒྲུང་དེབ་དེ༡༩༦༣ལོར་པར་དུ་བསྐྲུན་པ་དང་། རྩོམ་ལུས་ནི་སྔར་བཞིན་ཚན་རིག་རྟོག་སྒྲུང་ཡིན། “བྱི་ལའི་ཁྱོགས་སྒྲོམ”ཞེས་པ་དོན་དུ་སྐུད་པ་ཕྲ་མོས་ལག་ནང་ནས་དབྱིབས་དང་རྣམ་པ་མི་འདྲ་བའི་རི་མོ་སྣ་ཚོགས་གྲུབ་པར་བྱེད་པའི་བྱིས་པའི་རྩེད་མོ་ཞིག་གི་མིང་ཡིན། སྒྲུང་དེའི་ནང་དུ། མིང་ལ་རྗོའུ་ནཱ་ཟེར་བའི་རྩོམ་པ་པོ་ཞིག་གིས་ཧི་རོ་ཤི་མར་འཕངས་པའི་རྡུལ་ཕྲན་མཚོན་ཆའི་སྐོར་གྱི་དེབ་ཅིག་བྲི་བར་འདོད་དེ། “རྡུལ་ཕྲན་མཚོན་ཆའི་མེས་པོ”རུ་འབོད་པའི་ཚན་རིག་པ་ཧྥུ་ར་ཁུ་སི་ཧོར་ནེ་ཁི་ཟེར་བ་ཞིག་ལ་བཅར་བའི་སྐོར་བྲིས་ཡོད། ཚན་རིག་པ་དེ་ཉིད་ཚན་རིག་ཞིབ་འཇུག་གི་ལས་ཁོ་ནར་འཇུག་པ་ལས་ཁོས་མིའི་རིགས་ཀྱིས་ཞིབ་འཇུག་གི་འབྲས་བུ་དེ་ཉིད་ཇི་ལྟར་སྤྱོད་པར་བསམ་བློ་མི་གཏོང་། ཧི་རོ་ཤི་མར་རྡུལ་ཕྲན་མཚོན་ཆ་འགས་གཏོར་བྱེད་པའི་ཉིན་མོར་ཁོས་དེ་ལ་དོ་སྣང་གཏན་ནས་མི་བྱེད་པར་རང་གི་ཕྲུ་གུ་དང་ལྷན་ཅིག“བྱི་ལའི་ཁྱོགས་སྒྲོམ”རྩེ་བཞིན་པ་རེད། དེར་མ་ཟད་ཚན་རིག་པ་དེས་མིང་ལ“འཁྱག་རོམ་དགུ་བ”ཟེར་བའི་དངོས་པོ་ཞིག་གསར་གཏོད་བྱས་ཤིང། དེས་ཁང་བ་དྲོན་པོའི་ནང་ནས་ཀྱང་ཆུ་ཉིད་སྲ་གཟུགས་སུ་བསྒྱུར་ཐུབ་པས་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་ཡིན། འབུམ་རམས་པ་ཧོར་ནེ་ཁི་སྐུ་གཤེགས་ཁར། ཁོས“འཁྱག་རོམ་དགུ་བ”རང་གི་ཕྲུ་གུ་རྣམས་ལ་བགོས་ཤིང་ཕྲུ་གུ་ཚོས་དེ་ཉིད་སོ་སོའི་འདོད་པ་ལྟར་བེད་སྤྱད། ཁོ་ཚོའི་ནང་གི་གཅིག་གིས་གླིང་ཕྲན་རྒྱལ་ཁབ་ཅིག་གི་སྒེར་གཅོད་སྲིད་གཞུང་ནས་ཚན་རིག་སྡེ་ཁག་གི་མགོ་གཙོ་བྱས། གླིང་ཕྲན་དེར་མི་རྗེ་གཏུམ་པོ་ཞིག་གིས་དབང་དུ་བསྒྱུར་ཅིང་མི་རྣམས་བྷོ་ཁོ་ནོ་ཟེར་བའི་ཆོས་ལུགས་ཤིག་ལ་དད་པར་བྱེད། མི་སྣ་གཙོ་བོ་རྗོའུ་ནཱ་གླིང་ཕྲན་དེར་བསླེབས་དུས། ཁོ་རང“འཁྱག་རོམ་ཨང་དགུ་བས”འཇིག་རྟེན་རྨེག་མེད་དུ་གཏོང་བའི་ཆག་འཇིག་དང་འཕྲད་པ་རེད། 
  《བྱི་ལའི་ཁྱོགས་སྒྲོམ》ནི་ཚན་རིག་དང་། ཆབ་སྲིད། ཆོས་ལུགས་སོགས་བརྗོད་བྱར་བྱས་ཏེ་རྟོག་པའི་ཀློང་བརྡོལ་ཅིང་ཁ་མཚར་ནག་པོའི་ཉམས་ཀྱིས་ཕྱུག་པ་ཞིག་ཡིན། དེབ་དེ་དེ་འདྲའི་མཐུག་པོ་མིན་ནའང་ས་བཅད་བརྒྱ་དང་ཉེར་བདུན་ལ་བགོས་ཡོད་ཅིང་། ས་བཅད་རེ་རེར་ཡིག་འབྲུ་ཉུང་ལ་སྒྲིག་གཞི་ཐར་ཐོར་དུ་བྱས་ཏེ་ཅི་བཤད་འདི་བཤད་མེད་པའི་ཁོང་རང་གི་ཁྱད་ཆོས་དང་ལྡན་པར་བྱས་ཡོད། བརྩམས་སྒྲུང་དེ་ལ་དཔྱད་བརྗོད་པ་རྣམས་ཀྱིས་དོ་སྣང་བྱས་པར་མ་ཟད། 《ཉོའུ་ཡོག་དུས་བབ》ཏུ་དེའི་སྐོར་གྱི་དཔྱད་པ་ཐུང་ངུ་ཞིག་སྤེལ་ཏེ་གདེང་འཇོག་བྱས། ཀློག་མཁན་གྱི་ཁྲོད་ནས་ཀྱང་དེ་ལ་དགའ་མཁན་བྱེད་མཁན་བྱུང་སྟེ། ཝ་ནེ་རྒ་ཐི་ལ་ཐེངས་དང་པོར་ཁོང་རང་གི“ཧྥན་ཟི”ཡོད་པར་གྱུར།
  ལོ་ངོ་འགའི་རྗེས་སུ།ཆི་ཁ་རྒོའི་སློབ་ཆེན་གྱིས་བརྩམས་སྒྲུང་དེ་ཉིད་ཁོང་གི་མཐར་ཕྱིན་དཔྱད་རྩོམ་ལ་བརྩིས་ཏེ་ལོ་ངོ་ཉེར་ལྔའི་སྔོན་དུ་ཁོང་ལ་ཐོབ་མ་ཐུབ་པའི་མིའི་རིགས་རིག་པའི་ཤེས་རམས་པའི་བསླབ་གནས་ཀྱང་གནང་། 
  ༡༩༦༥ལོར་ཁོང་གི་སྒྲུང་དེབ《སྐུ་ཞབས་རོ་ཟི་ཝོ་ཐིར། འཇིག་རྟེན་བྱེད་པོས་ཁྱོད་ལ་སྲུང》ཅེས་པ་པར་དུ་བསྐྲུན་ཅིང་དེ་ནི་བརྗོད་དོན་ཉིད་མངོན་སུམ་གྱི་འཚོ་བ་དང་ཐག་ཉེ་བའི་སྒྲུང་ཞིག་ཡིན། མི་སྣ་གཙོ་བོ་ཨེལ་ཡ་ཐི་རོ་ཟི་ཝོ་ཐིར་ནི་ཐེབས་རྩ་ཚོགས་པ་ཞིག་གི་ཤུལ་དངོས་རྒྱུད་འཛིན་བྱས་པ་ལས་ཕྱུག་པོ་ཆགས་པ་ཞིག་ཡིན་ལ། ཁོས་སྐྱེ་བོ་གཞན་དག་བརྩེ་བས་སྐྱོང་བའི་ཕུགས་འདུན་འཆང་བར་མ་ཟད། ནམ་ཡང་མེ་གསོད་རུ་མི་ཞིག་བྱེད་འདོད་ཡོད་པ་རེད། ཐེབས་རྩ་ཚོགས་པ་དེའི་ནང་གི་ཁྲིམས་རྩོད་པ་གཞོན་ནུ་ཞིག་ནོར་ལ་རྔམ་སྟེ་རོ་ཟི་ཝོ་ཐིར་སྨྱོན་པ་ཡིན་པའི་སྒྲུབ་བྱེད་བཙལ་ནས་སྒེར་དོན་ལ་གཞོལ། ཨ་རིའི་སྤྱི་ཚོགས་ལ་ཟུར་ཟ་བྱེད་པའི་སྒྲུང་རིང་དེར་དཔྱད་བརྗོད་པ་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་པར་མ་ཟད་བསྟོད་བསྔགས་ཀྱང་ཆེས་ཆེར་གནང་།
  དེ་ལྟ་ནའང་། ཝ་ནེ་རྒ་ཐིར་གྲགས་པ་རྒྱས་བྱེད་ཀྱི་བརྩམས་ཆོས་གཙོ་བོ་ནི་གཤམ་དུ་མཚམས་སྦྱོར་ཞུ་འགྱུར་གྱི་སྒྲུང་དེབ《གསོད་ར་ལྔ་བ》ཞེས་པ་དེ་ཡིན།
  ཏག་ཏག་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་མཉམ་འབྲེལ་དམག་དཔུང་གིས་འཇར་མན་གྱི་གྲོང་ཁྱེར་ཊི་རེ་ཟི་ཊུ་འགས་གཏོར་བྱས་པ་གཞིར་བཟུང་སྟེ་བརྩམས་པའི་སྒྲུང་དེས་ཁོང་ཡུན་རིང་བར་སྡུག་ལ་གཏད། དེ་བས་སྒྲུང་དེ་འབྲི་དུས། ཁོང་གིས་སྤོབས་པ་ཆེན་པོས་དེ་སྔ་ཡོད་མ་མྱོང་བའི་སྤྲོས་བརྗོད་ཀྱི་ཐབས་གསར་བ་བཀོལ་བ་དང་། དེ་ལ་བརྟེན་ནས་སྒྲུང་དེའང་ཨ་རིའི་དེང་རབས་རྩོམ་རིག་གི་ལེགས་རྩོམ་སུ་གྱུར་ཏེ། ཀློག་མཁན་མང་པོས་བསྟོད་པའི་མེ་ཏོག་ཕུལ།

བཅུ་གཅིག་པ།
  ཁྱོད་ཀྱིས་སེམས་ལ་འདི་ལྟར་བསྒོམ་ཆོག་སྟེ། ཕོ་ལོ་ཞེ་ལྔ་ཡིན་པའི་ཝ་ནེ་རྒ་ཐི་ནི་དཔེ་ཁང་གི་ནང་ན་སྨིན་མ་བསྡུས་ཏེ་སུན་སྣང་དང་བཅས་བསྡད་ཡོད། ཅོག་ཙེའི་སྒང་དུ་དུ་སྣེ་གྲངས་མེད་པ་དང་འབྲི་ཤོག་བརྩེགས་མ་ཞིག་སྤུངས་ཡོད་ལ་དེ་དག་གི་ངོས་སུ་ཡོད་པ་ནི་ཁོང་གིས་བགྲང་བྱ་ཉི་ཤུའི་རིང་ལ་སྐྱ་ཐིག་བཏབ་པའི་དམག་འཁྲུག་གི་སྐོར་གྱི་སྒྲུང་དེ་རེད། ཁང་པའི་ནང་གི་དུ་དྲི་ཁ་བས་དབུགས་ཀྱང་གཅོད་པར་བྱེད་ལ་ཤོག་བུའི་ངོས་ཀྱི་ཡི་གེ་དག་གིས་མི་སེམས་སྡུག་ལ་སྦྱོར་བར་བྱེད།
  ཤིན་ཏུ་བྲི་དཀའ་བའི་སྒྲུང་དེར་མཚོན་ན། དོན་མང་པོ་ཞིག་ནི་ཧ་ཅང་གསལ་ཅིང་བསྙོན་དུ་མེད་པ་རེད། དཔེར་ན་ཁོང་གིས་དམག་འཁྲུག་ལ་བསྔགས་བརྗོད་བྱ་མི་འདོད་ཅིང་།ཊི་རེ་ཟི་ཊུར་འགས་གཏོར་བྱས་པ་དེར་བདེན་ལུགས་ཀྱི་སྐད་ཆ་གང་ཡང་བརྗོད་མི་འདོད། དེ་བཞིན་དཔའ་བོའི་སྣང་བརྙན་བཞེངས་མི་འདོད་ལ། རྩོམ་པ་པོའི་མཐོང་ལམ་ཡང་གཡུལ་ས་དེ་ཁོ་ན་ལས་མ་འདས་པ་ཞིག་ཀྱང་བྱ་མི་འདོད་པར། དམག་འཁྲུག་དེས་དེའི་ནང་གི་མི་རྣམས་ཀྱི་ཚེ་གཅིག་གི་འཚོ་བ་ལ་ཤུགས་རྐྱེན་གང་འདྲ་ཐེབས་པའི་སྐོར་བརྗོད་འདོད། དེ་མིན་ཁོང་གིས་དེ་དང་འབྲེལ་ནས་ལོ་རབས་དྲུག་ཅུ་བའི་ཨ་མེ་རི་ཀའང་བྲི་འདོད་པ་རེད།
  དེ་ལྟར་བསམ་དུས་ཁོང་འགལ་རྐྱེན་འགའ་ཞིག་དང་འཕྲད་དེ་མུ་མཐུད་དུ་སྨྱུ་གུའི་གར་སྟབས་སྒྱུར་མི་ཐུབ་པར་གྱུར། དཔེར་ན། དམག་འཁྲུག་དེ་ལས་ཐར་བའི་སྐྱེ་བོ་གཞན་དག་དང་འདྲ་བར། ཁོང་རང་ཉིད་ཀྱི་དྲན་པའི་ནང་དུའང་དེའི་སྐོར་ཐར་ཐོར་ཅིག་ལས་མེད་པ་རེད། ཇི་ལྟར་དྲན་པ་ཐར་ཐོར་དེ་དག་མགོ་རྔ་ཚང་བ་དང་། གོ་རིམ་ལྡན་པ། ཆ་ཚང་བའི་གཏམ་རྒྱུད་ཅིག་ཏུ་བསྒྲིག་དགོས་སམ། ཡང་དེ་དང་ལྷན་ཅིག་དམག་འཁྲུག་གི་རྗེས་ཀྱི་ཨ་རི་བྲི་དགོས་ཚེ་དེའི་བར་གྱི་ལོ་བཅུ་ཕྲག་འགའ་ལས་ལྡིང་སྟེ། དམག་འཁྲུག་དེས་དམག་འཁྲུག་ཚར་རྗེས་ཀྱི་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་ག་འདྲ་ཐེབས་པའི་སྐོར་ཀློག་མཁན་ལ་ཇི་ལྟར་ངོ་གསལ་པོར་སྤྲད་དགོས། དེ་མིན་ད་དུང་ཀློག་མཁན་ལ་སུན་སྣང་མི་སྟེར་བའི་ཕྱིར་ཏུ་ཟུར་ཟས་སྤྲས་ཏེ་རྩོམ་ཉམས་ཐོན་པར་བྱ་དགོས། དོན་དེ་དག་གིས་ཁོང་གི་མགོ་བོ་རབ་ཏུ་རྨོངས་པར་བྱས།
  ཝ་ནེ་རྒ་ཐེས་སྒྲུང་དེ་འབྲི་སྐབས་ངེད་ཅག་ལ་ཁོང་གི་རིག་པ་ཇི་ལྟར་ཀློང་དུ་བརྡོལ་བའི་སྐོར་ཅི་ཡང་བཤད་མ་བྱུང་། གཅིག་བྱས་ན། ཁོང་གིས་ཐ་མག་རྐང་གཅིག་ལ་མེ་སྒྲོན་བཞིན་པའི་སྐབས་སུ་འཆར་སྒོ་གློ་བུར་བ་ཞིག་ནི་མེ་སྟག་མཁའ་ལ་འཚུབ་པ་ཇི་བཞིན་ཁོང་གི་བློ་ངོར་བྱུང་བ་ཡིན་ངེས། ཁོང་གིས་གློ་བུར་ཏུ་གོང་གི་དཀའ་ཉོག་དེ་དག་སེལ་དགོས་ན། སྲོལ་རྒྱུན་གྱི་སྒྲུང་ཤོད་སྟངས་ཏེ་དུས་ཚོད་ཀྱི་ཕྲེང་བ་ལྟར་སྒྲུང་ཤོད་པའི་རྣམ་པ་དེ་མ་དོར་ཐབས་མེད་ཡིན་པ་ཤེས་སོང་།
  རེད་དེ། གལ་སྲིད་དུས་ཚོད་ཀྱི་གོ་རིམ་ལྟར་དུ་སྒྲུང་མ་བཤད་ཚེ། དྲན་པ་ཐར་ཐོར་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་གཏམ་རྒྱུད་ཆ་ཚང་བ་ཞིག་ཏུ་བསྒྲིག་དགོས་དོན་མེད་ལ། དོན་རྐྱེན་རེ་རེའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིབ་ཏུ་སྤྲོ་དགོས་དོན་ཡང་མེད། དུས་སྐབས་མི་འདྲ་བའི་གཏམ་རྒྱུད་དག་ལྷན་ཅིག་ཏུ་བཤད་དེ་དུས་ལས་ཡོལ་བ་དག་ཀྱང་གནས་གཅིག་ཏུ་བསྡུ་ཆོག་པ་ཡིན་ནོ།།
  དེས་ན་དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་དག་གཏོར་བའི་ལས་དེ་ཇི་ལྟར་སྒྲུབ་དགོས་པ་ཡིན་ནམ།
  དེ་ལ་བསམ་གཞིགས་གཏོང་དུས། སླར་ཡང་འཆར་སྒོ་གསར་བ་ཞིག་གིས་ཁུ་སིམ་པའི་གནས་སྐབས་དེ་སྐད་ཅིག་རིང་གཏོར་ཅིང་། ཚན་རིག་རྟོག་སྒྲུང་འབྲི་བར་གོམས་པའི་རྩོམ་མཁན་ཁོང་གི་ཞལ་ལ་འཛུམ་པའི་མདངས་ཤིག་རྒྱས། ཁོང་གི་སེམས་ལ“དུས་ཀྱི་འགྲུལ་བཞུད”ཅེས་པའི་ཚིག་དེ་ཝ་ལེར་ཤར་བྱུང་།

 བཅུ་གཉིས་པ།
  བརྩམས་སྒྲུང《གསོད་ར་ལྔ་བའི》ནང་གི་མི་སྣ་གཙོ་བོའི་མིང་ལ་བྷེ་ལི་ཕིལ་གྷི་རེམ(Billy Pilgrim)ཟེར་ཅིང་། ཁོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཨ་རིའི་དམག་མི་ཞིག་ཡིན། སྒྲུང་དེའི་ནང་དུ་དཔའ་བོའི་སྣང་བརྙན་གཅིག་ཀྱང་མེད་པས་མི་སྣ་དེའང་དཔའ་བོའི་སྣང་བརྙན་དུ་བཞེངས་མེད། ཁོ་རང་འཇར་མན་གྱི་དམག་གིས་བཟུང་སྟེ་ཨ་རིའི་བཟུང་དམག་གཞན་འགའ་དང་མཉམ་དུ་འཇར་མན་གྱི་གྲོང་ཁྱེར་ཊི་རེ་ཟི་ཊུ་ལ་ཁྲིད། གནས་དེ་ནས་ཁོས་ཨིན་ཇིའི་དམག་དཔུང་གིས་གྲོང་ཁྱེར་དེ་ལ་འགས་གཏོར་བྱས་པ་དང་། མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁྱེར་དེ་ཞག་གཅིག་གི་རིང་ལ་ཐལ་བའི་རྡུལ་དུ་བརླག་པ་མཐོང་། དམག་འཁྲུག་མཇུག་གྲིལ་རྗེས། ཁོས་གཉེན་བསྒྲིགས་ཤིང་ཕྲུ་གུའི་ཨ་ཕར་གྱུར་བ་དང་། མིག་ཤེལ་བཟོ་སྒྲིག་པ་ཞིག་བྱས། ཁོ་རང་རྒྱལ་སྤྱིའི་ཚོགས་འདུ་ཞིག་ལ་ཞུགས་པའི་ལམ་བར་ནས་གནམ་གྲུར་ཆག་སྒོ་བྱུང་ཞིང་དེའི་རྗེས་སུ་སེམས་ཁམས་ནད་པར་གྱུར་བས། རང་ཉིད་ནི་དེ་སྔ་གོ་ལ་གཞན་གྱི་མིས“ཁྲི་རལ་ཧྤ་མ་ལྡོར”(tralfamadore)ཟེར་བའི་འཇིག་རྟེན་གཞན་ཞིག་ཏུ་བཙན་གྱིས་ཁྲིད་ཅིང་། ཧོ་ལེ་ཝོ་ཊིའི་མཛེས་མ་གྲགས་ཅན་ཞིག་དང་མཉམ་དུ་གནས་དེའི་རི་དྭགས་ར་བ་ཞིག་ཏུ་བཅུག་སྟེ་ཀུན་གྱིས་ལྟད་མོ་ལྟ་ས་བྱས་སོང་ཞེས་བཤད། དེ་མིན་ཁོ་ལ“དུས་ཚོད་ཀྱི་འཆིང་རྒྱ་ལས་ཐར་བར”འབོད་པའི་རྫུ་འཕྲུལ་ཞིག་ཡོད་པར་གྱུར་ཏེ་དེ་སྔ་ཐེངས་མང་པོར་དུས་ཚོད་ཀྱི་འཆིང་རྒྱ་ལས་ཐར་ཅིང་འདས་མ་འོངས་ད་ལྟ་གསུམ་གྱི་བར་ནས“དུས་ཀྱི་འགྲུལ་བཞུད”བྱས་པ་རེད།
《གསོད་ར་ལྔ་བའི》ནང་གི་གཏམ་རྒྱུད་ནི་གནས་མི་འདྲ་བ་གསུམ་ནས་བྱུང་ཡོད་པ་སྟེ། འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཡོ་རོབ་དང་། འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཨ་རི། ཁྲི་རལ་ཧྥ་མ་ལྡོར་ཞེས་པའི་གོ་ལ་བཅས་སོ།། དེ་ལྟ་ནའང་སྒྲུང་གི་བྱུང་རིམ་ནི་དུས་ཚོད་ཀྱི་སྔ་ཕྱི་ལྟར་དུ་བྲིས་མེད་པར་མི་སྣ་གཙོ་བོ་བྷེ་ལིའི“དུས་ཀྱི་འགྲུལ་བཞུད”ལྟར་དུ་བྲིས་ཏེ་གནས་མི་འདྲ་བ་དེ་གསུམ་ནས་ཕར་འགྲོ་ཚུར་ཡོང་བྱེད་པ་ཡིན་ནོ།། དཔེར་ན། སྒྲུང་གི་མགོ་རྩོམ་སྐབས་འཁྲུག་ཆེན་གཉིས་པའི་དུས་སུ་བྷེ་ལི་དང་ཁོའི་འཐབ་གྲོགས་རྣམས་མདུན་དུ་སྐྱོད་པའི་སྐོར་དུམ་བུ་ཞིག་བྲིས་ཡོད་ལ་ནགས་ཚལ་ཞིག་ཏུ་བསླེབས་དུས་བྷེ་ལི་གློ་བུར་དུ “དུས་ཀྱི་འགྲུལ་བཞུད”ལ་ཞུགས་ཏེ་བྱིས་དུས་སུ་བསླེབས་ཤིང་། དེ་ནས་ཁོ་རང་དམག་འཁྲུག་རྗེས་ཀྱི་༡༩༦༥ལོ་དང་། ༡༩༥༨ལོ། ༡༩༦༡ལོ་བཅས་སུ་རེ་རེ་བཞིན་བསླེབས། དེ་ནས་སླར་ཡང་འཁྲུག་ཆེན་གཉིས་པའི་གཡུལ་སར་བསླེབས་ཏེ་འཇར་མན་གྱི་དམག་གིས་བཟུང་། འཇར་མན་གྱི་བཟུང་དམག་ཏུ་གྱུར་བའི་སྐབས་སུ་ཁོ་ཡང་བསྐྱར“དུས་ཀྱི་འགྲུལ་བཞུད”ལ་ཞུགས་ཏེ་དམག་འཁྲུག་མཇུག་གྲིལ་རྗེས་ཀྱི་ཨ་རིར་བསླེབས་ཤིང་། གོ་ལ་གཞན་གྱིས་འཕུར་སྡེར་གྱིས་ཁྱེར་བ་སོགས་སོ།། དེ་ལྟར་བརྩམས་སྒྲུང་དེའི་བྱུང་རིམ་ནི་གནས་དེ་གསུམ་ཀ་ནས་ཡར་ལྡིང་མར་ལྡིང་བྱེད་པས་དེ་ནི་མི་སྣ་གཙོ་བོའི་མི་ཚོའི་བྱུང་བ་དེ་ཉིད་གོ་རིམ་མེད་པར་ཕྱོགས་གཅིག་ཏུ་བསྡོམས་པ་དང་འདྲའོ།།
  ཝ་ནེ་རྒ་ཐིས་སྒྲུང་དེའི་ནང་དུ་ད་དུང་རྩ་བའི་སྒྲུང་ཤོད་སྟངས(Meta-narrative)ཞེས་པའི་མཚོན་ཐབས་བཀོལ་ཡོད་དེ། སྒྲུང་དེའི་ས་བཅད་དང་པོར། རྩོམ་པ་པོ་ཁོང་རང་ཉིད་ཀྱང་ཀློག་མཁན་གྱི་མདུན་སར་བྱོན་ཏེ་དེ་སྔ་སྒྲུང་དེ་འབྲི་རྩིས་བྱེད་དུས་དཀའ་ཉོག་སྣ་ཚོགས་ལ་འཕྲད་པ་དང་། སྒྲུང་དེ་དང་འབྲེལ་བའི་དོན་སྣ་ཚོགས་གླེང་ཡོད་པར་མ་ཟད། ཐ་ན་ཁོང་གིས་ཚིག་གང་ཞིག་གིས་སྒྲུང་གི་དབུ་བསླང་སྲིད་པ་དང་ཡང་ཚིག་གང་ཞིག་གིས་སྒྲུང་གི་མཇུག་བསྡུ་སྲིད་པའང་བྲིས་ཡོད། ས་བཅད་གཉིས་པའི་ནང་དུ། ཁོང་གིས་མི་སྣ་གཙོ་བོའི་མི་ཚེར་སྡོམ་ཚིག་རགས་པ་ཞིག་བཀོད་དེ་བྱུང་རིམ་ལ་བརྟེན་ནས་ཀློག་མཁན་བསླུ་བའི་སྦྱོར་བ་སྤངས་ཡོད། ཀློག་མཁན་གྱིས་སྡོམ་ཚིག་རགས་པ་དེ་ལ་བརྟེན་ནས་གཏམ་རྒྱུད་ཀྱི་མགོ་རྔ་ཙམ་ཁོང་དུ་ཆུད་པར་འགྱུར་ཅིང་དེ་ཡིས་མཐུ་ལས་ས་བཅད་རྗེས་མ་དག་གི་ནང་ནས་མི་སྣ་གཙོ་བོས“དུས་ཀྱི་འགྲུལ་བཞུད”ཇི་ལྟར་བྱས་ཀྱང་ཀློག་མཁན་གྱི་མགོ་འཐོམས་པར་མི་འགྱུར།
  སྒྲུང་ཤོད་སྐབས་ཀྱི་སྐད་ཆའི་ངོས་ནས་བཤད་ན། ཝ་ནེས་རྒ་ཐིས་དམངས་ཕལ་བའི་སྐད་ཆ་བཀོལ་ཏེ་ཁ་བརྡ་བྱེད་པ་ལྟར་བྲིས་ཡོད་ལ། དེ་ཉིད་ཁ་མཚར་དང་ཟུར་ཟ་སྤེལ་མར་བྱས་ཡོད། དེའི་ཁར་གོ་ལ་གཞན་གྱི་མི་བྱུང་བ་དང་། དུས་ཀྱི་འགྲུལ་བཞུད་སོགས་བྱུང་རིམ་ཡ་མཚན་པ་དག་གིས་སྤྲས་པས་བསྟན་བཤིག་ཚ་བོའི་ཉམས་ལྡན་ནོ།།
  དེ་ལྟ་ནའང་ཁ་མཚར་དེ་ལ་ནི་ཁ་མཚར་ནག་པོ་ཞེས་བྱ་སྟེ། སྒྲུང་གི་རྣམ་པ་དེ་འདྲའི་ཡ་མཚན་པ་ཞིག་ཡིན་ནའང་། ཀློག་མཁན་གྱིས་ཡིག་འབྲུ་རེ་རེ་བཀླགས་པ་བརྒྱུད་ནས་སྡུག་བསྔལ་གྱི་ཚོར་བ་ཞིག་ཉམས་སུ་མྱང་ཐུབ། དམག་འཁྲུག་གིས་མི་ལུས་རིན་པོ་ཆེ་མང་པོ་བརླག་པར་མ་ཟད། དེ་ལས་ཐར་ཏེ་གསོན་ཡོད་པ་དག་གི་ཕུགས་འདུན་དང་རེ་བའང་རྩ་བ་ནས་བཅོམ་སྟེ་མི་ཚེའི་སྙིང་བོ་མི་རྙེད་པར་བྱས། མཐར་སེམས་ཁམས་ནད་པར་གྱུར་ནས་སྡུག་བསྔལ་ལ་བྱོལ་ཆེད་གནས་ངེས་མེད་དུ་འཁྱམ་དགོས་བྱུང་བ་དེ་རེད། 
  《གསོད་ར་ལྔ་བ》ནི༡༩༦༩ལོར་པར་དུ་བསྐྲུན་ཅིང་ཏག་ཏག་དུས་དེ་ནི་ཝེད་ནམ་དམག་འཁྲུག་གི་སྐབས་དང་འཁེལ་ཏེ་ཨ་རིའི་རྒྱལ་ནང་དུ་དམག་འཁྲུག་ལ་རྒོལ་བའི་རླབས་རྒྱུན་དྲག་པོ་འཕྱུར་སྒང་ཡིན་པས། དེབ་བཀྲམ་མ་ཐག་ཀུན་གྱི་དགའ་གུས་ཆེན་པོ་བྱས་ཏེ་དུས་དེར་ཆེས་བྲིན་པའི་དེབ་ཅིག་ཏུ་གྱུར། དེར་མ་ཟད་ཝ་ནེ་རྒ་ཐི་མཆོག་ཡུལ་གྲུ་མང་པོས་གདན་དྲངས་ཏེ་གཏམ་བཤད་དུ་བཅུག་པར་མ་ཟད་སློབ་ཆེན་ནས་ཀྱང་སློབ་ཁྲིད་བྱེད་པའི་སྐལ་བ་བྱུང་། དེབ་དེས་ཁོང་ལ་དངུལ་འབོར་ཆེན་རེག་པར་བྱས་ཏེ་འཚོ་ཚིས་ཀྱི་དཀའ་ངལ་ཡང་བཟློག་པར་བྱས། དཔྱད་བརྗོད་པ་དག་གིས་ཀྱང་དེབ་དེ་ཉིད་བསྟོད་པའི་སྦྲང་ཆར་གྱིས་ཀུན་ཏུ་བྲན་ཅིང་། ཁོང་ཡང་གང་གི་གྲས་སུའང་མི་ཐེ་བའི་ཚན་རིག་རྟོག་སྒྲུང་རྩོམ་པ་པོ་ཞིག་ནས་མིང་གྲགས་ཆེ་བའི་རྩོམ་མཁན་ཆེན་མོར་གྱུར།

བཅུ་གསུམ་པ།
  ༡༩༨༤ལོར། རྩོམ་པའི་དེད་དཔོན་ཁོང་གིས་ཉོའུ་ཡོག་གི་ཁྱིམ་ནས་སྨན་མང་པོ་བཏུང་སྟེ་ལྕེབས་རྩིས་བྱས་ནའང་མཐར་མྱུར་སྐྱོབ་བྱས་ཏེ་འཆི་བདག་གི་ཁ་ནས་ཐར་བར་གྱུར།
  དེ་དུས་ཁོང་དགུང་ལོ་དྲུག་ཅུ་རེ་གཉིས་ཡིན།
  སྐབས་དེའི་གནས་ཚུལ་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་པ་ནི་མི་འདུག ཁོང་གི་ལོ་རྒྱུས་ཀྱི་རྩོམ་ཡིག་ཅིག་ཏུ་དེའི་སྐོར་དུམ་བུ་ཞིག་བྲིས་ཡོད་ནའང་བྱེ་བྲག་གི་དོན་གང་ཡང་གླེང་མི་འདུག གཅིག་བྱས་ན་འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་ཝ་ནེ་རྒ་ཐིའི་གད་མོ་སློང་ཞིང་བསྟན་བཤིག་ཚ་བའི་གཤིས་ཀ་དེ་ལ་དགའ་བ་མ་གཏོགས་ཁོང་ཉིད་དུས་ཡུན་རིང་བོར་རྣམ་རིག་རྡིབ་སྟེ་སྙིང་རླུང་གིས་མནར་བའི་དོན་དེ་ཤེས་འདོད་མེད་པ་འདྲ། 
  དེས་ན་ཅི་ཞིག་གི་རྐྱེན་པས་ཁོང་ཉིད་དེ་ལྟ་བུར་གྱུར་བ་ཡིན་ནམ་ཞེ་ན། 
  གཅིག་བྱས་ན་ཁོང་གི་ཡབ་ཡུམ་གཉིས་དང་འབྲེལ་བ་ཡོད་ཀྱང་སྲིད། གཞོན་ནུའི་དུས་སུ་ཡབ་ཡུམ་གཉིས་ཀ་ཁོང་ལ་རྒྱང་དུ་བཀྱེད་པ་དང་མ་ཡུམ་ལྕེབས་པ་སོགས་ཀྱིས་ཁོང་གི་སེམས་ལ་སྡུག་བསྔལ་གྱི་ས་བོན་བཏབ་མེད་པ་ག་ལ་སྲིད། ཁོང་གིས་རང་ཉིད་ནི་ལོ་དྲུག་གི་སྐབས་ནས་བཟུང་དུས་ངེས་མེད་དུ་ཚིག་པ་ཟ་མཁན་ཞིག་ཡིན་ཞེས་རང་ཚུལ་སྲོང་བོར་བརྗོད་མྱོང་།
  དེ་མིན་དེ་ནི་ཁོང་གི་གཉེན་དོན་དང་ཡང་འབྲེལ་བ་ཡོད་སྲིད་དེ། ༡༩༧༡ལོར། ཁོང་ཉིད་མཉམ་གཅིག་ཏུ་བགྲང་བྱ་ཉེར་ལྔའི་རིང་འཚོ་བ་རོལ་བའི་ཟླ་མོ་རྗེན་དང་སོ་སོར་གྱེས་ཏེ་ཁེབ་ཁ་ཊི་ནས་ཉོའུ་ཡོག་ཏུ་གནས་སྤོས། ༡༩༧༩ལོར་ཁོང་གིས་ཆུང་མ་གཉིས་པ་ཅེའོ་ཁུལ་མེན་ཚི་དང་གཉེན་བསྒྲིགས་ཏེ་ཉོའུ་ཡོག་ནས་གཏན་སྡོད་བྱས།
  ཡང་གཅིག་བྱས་ན་དོན་དེ་ནི་ཁོང་གི་བུ་ཕྲུག་དང་འབྲེལ་བ་ཡོད་ངེས། ༡༩༧༢ལོར། ཁོང་གི་བུ་ཆུང་སྟེ་ཕོ་ལོ་ཉེར་གསུམ་ལས་མིན་པའི་མར་ཁི་ཝ་ནེ་རྒ་ཐི་ཉིད་སེམས་ཁམས་ནད་པར་གྱུར་ཏེ་སྨྱོ་ནད་སྨན་ཁང་དུ་སྐྱེལ་དགོས་བྱུང་། རྗེས་སུ་ཁོ་རང་སངས་དྲག་བྱུང་སྟེ་དེ་འབྲེལ་གྱི་དྲན་ཐོ་ཞིག་བྲིས་ཡོད་ལ། ད་ལྟ་ནི་སྨན་པའི་ལས་ཀ་སྒྲུབ་ཀྱིན་ཡོད།
  ཡང་མིན་ན་དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྐྱེན་གྱིས་ཏེ། དམག་འཁྲུག་གི་ཁྲོད་ནས་ཁོང་བཟུང་དམག་ཏུ་གྱུར་ཅིང་། དམར་གསོད་སྣ་ཚོགས་དངོས་སུ་མཐོང་མྱོང་བས་དེའི་ཤུགས་རྐྱེན་མེད་པའང་ག་ལ་སྲིད།
  ཡང་ན་དེ་དང་ཁོང་གི་གསར་རྩོམ་གྱི་བར་ལ་འབྲེལ་བ་ཡོད་སྲིད། 《གསོད་ར་ལྔ་བ》ལེགས་པར་འགྲུབ་པའི་རྗེས་སུ། ཁོང་ལ་བྲི་འདོད་པ་ཐམས་ཅད་བྲིས་ཟིན་པའི་སྣང་བ་ཞིག་བྱུང་། རྗེས་སུ《རྒྱལ་བ་བོའི་ཞོགས་ཟས》འབྲི་མགོ་བརྩམས་ནའང་ཁོང་གི་ཡིད་གཏན་ནས་མ་ཚིམ་པར་སྐབས་ཤིག་ལ་འབྲི་མཚམས་བཞག་སྟེ་ཟློས་གར་གྱི་འཁྲབ་གཞུང་བྲིས། མཐར་《རྒྱལ་བ་བོའི་ཞོགས་ཟས》ནི་༡༩༧༣ལོར་པར་དུ་བསྐྲུན་ཡང་དཔྱད་བརྗོད་པ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེར་གནང་། ༡༩༧༦ལོར་ཁོང་གིས་སླར་ཡང《བཞད་མོའི་ཟློས་གར》(Slapstick)ཞེས་པ་བརྩམས་ཀྱང་དེ་ནི་སྔ་མ་ལས་ཀྱང་སྡུག་པ་ཞིག་ཏུ་གྱུར། དེ་ལ་བསམ་ན་རྩིས་ཚན་སྦྱངས་ཤིང་། གོ་བདེ་བའི་སྒྲུང་འབྲི་ལ། བརྩམས་དེབ་ཤིན་ཏུ་བྲིན་པའི་རྩོམ་པ་པོ་ཁོང་རྩོམ་རིག་པའི་སྡེ་ནས་སྐྲོད་རྩིས་བྱེད་ཀྱིན་པ་འདྲ། རྗེས་སུ་ཝ་ནེ་རྒ་ཐིའི་དེའི་སྐོར་གླེང་དུས“ཁོ་ཚོས་ང་རང་གསར་རྩོམ་ལ་འཇུག་གིན་ཡོད་པ་ཙམ་མ་གཏོགས་མགོ་རྔ་ཚང་བའི་ངང་ནས་རྩོམ་རིག་ལ་སྦྱངས་པ་སོང་མེད་པས་ངེས་པ་དོན་གྱི་རྩོམ་པ་པོ་ཞིག་ཏུ་བརྩིས་མི་འདུགངས་སྔོན་ཆད་འབད་པ་ཆེན་པོས་དུས་དེབ་བྲིན་པོ་དག་གི་ངོས་སུ་བརྩམས་སྒྲུང་སྡུག་ཅག་འགའ་བྲིས་པ་རྒྱུ་མཚན་དུ་བྱས་ནས་ང་རང་ཁ་ཁོག་མི་མཚུངས་པའི་མི་ཞིག་ཏུ་བསྙད་བྱུང”ཟེར།
  གཅིག་བྱས་ན། སེམས་ཀྱི་ནད་དེས་ཁོང་ལ་རྟག་པར་འཚེ་བཞིན་པར་ངེས། དེ་བས་ནམ་ཞིག་གི་ཉིན་མོར་ཨི་ཁུང་ཆུང་ངུ་ཞིག་གི་ཁ་རལ་ཏེ་དུས་ཡུན་རིང་བོར་བསགས་པའི་རྙོག་ཆུ་རྣམས་དུས་གཅིག་ཏུ་ཤ་འོད་དྲག་པོར་གྱུར་ཏེ་བརྡོལ་བ་ཡིན་སྲིད།[མུ་འགོད](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག