ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《སྐད་ཡིག་ཉམས་རྒུད་དང་རིག་གནས་ཆགས་འཇིག》—མེ་བྱང་ཨིན་དིའི་སྐད་ཡིག་གི་འཇིག་ཚུལ་ཞིབ་འཇུག

2015-04-10 འོད་སྣང་།
 
སྔོན་གླེང་།
   ཉེ་ཆར་ཧྲང་ཧེ་མཚོ་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་ཡོང་ལྱེང(蔡永良)ནས་ཁོང་གི་བརྩམས་ཆོས་གསར་བ《སྐད་ཡིག་ཉམས་རྒུད་དང་རིག་གནས་ཆགས་འཇིག---མེ་བྱང་ཨིན་དིའི་སྐད་ཡིག་འཇིག་ཚུལ་ཞིབ་འཇུག》ཅེས་པའི་གཞུང་གི་ཕྱི་མོ་བསྐུར་ཡོང་ཏེ་ཁོ་བོར་གླེང་བརྗོད་ཅིག་འབྲི་བར་བསྐུལ་བྱུང་། བརྩམས་ཆོས་འདིར་ཨ་རིའི་མི་རིགས་གྲངས་ཉུང་གི་སྐད་ཡིག་ཉམས་རྒུད་དུ་སོང་བའི་སྣང་ཚུལ་ལ་ཞིབ་འཇུག་བྱས་ཡོད་དེ། གཞུང་གི་དཔྱད་བྱ་སྐད་ཡིག་སྲིད་ཇུས་དང་སྐད་ཡིག་འཆར་འགོད་ཀྱི་གྲས་སུ་འདུ་བས། ཁོ་བོའི་ཞིབ་འཇུག་གི་དམིགས་བྱ་གཙོ་བོ་མ་ཡིན། ཡིན་ནའང་། གཞུང་དངོས་ཀྱི་བརྗོད་བྱ་དང་བཞེད་ཚུལ་གྱིས་ཁོ་བོར་སྤྲོ་བ་རབ་ཏུ་འཕེལ་བར་བྱས་ཤིང་། གཞུང་དོན་ཧྲིལ་བོར་ལྟ་ཀློག་རོབ་ཙམ་བྱས་པས་སྔོན་འགྲོའི་ཚུལ་དུ་གཏམ་འགའ་འཆད་པའི་སྤོབས་པ་སྐྱེས། 
   ས་ལྒང་ཧྲིལ་བོའི་སྐད་ཡིག་སྐྱེ་ཁམས་ཀྱི་གནས་བབ་ལ་འཁྱུག་ཙམ་བལྟས་ཚེ།  མིག་སྔར་འཛམ་བུ་གླིང་ན་སྐད་ཡིག 6000 ལྷག་ཡོད་པའི་ནང་ནས་སྨྲ་མཁན་ས་ཡ་གཅིག་གི་ཡན་དུ་ཟིན་པའི་སྐད་ཡིག 20 ལས་མེད་པ་དང་། སྐད་ཡིག 3000 ལྷག་ལ་སྨྲ་མཁན 10000 ལས་མེད། བཞི་ཆའི་གཅིག་ཙམ་གྱི་སྐད་ཡིག་ལ་སྨྲ་མཁན1000ལས་མེད་པ་དང་། ཁེ་ན་ཏའི་གདོད་མའི་སྐད་ཡིག་ཁ་ཅིག་ལ་སྨྲ་མཁན་བཅུ་ཉི་ཤུ་ཙམ་ལས་མེད་པ་བཅས་རགས་རྩིས་བྱས་ཙམ་གྱིས་ཤེས་པར་འགྱུར་ལ། མཱ་ཨིན་གླིང་ཕྲན་གྱི་མཱ་ཨིན་སྐད་དང་ཏུར་ཁེའི་ཡོ་པེ་ཁཱའི་སྐད་གཉིས་ནི་ཉམས་ཏེ་ཡོངས་སུ་བརླག་ཚར་བ་དང་། 2008ལོར་མཱ་ལི་ཧྲི་མི་སི་སྐུ་ལྕམ་ཤི་བར་གྱུར་བ་ནས་ཨ་རིའི་ཨ་ལཱ་ཟི་ཅཱ་ཨད་ཁི་སྐད་ཀྱང་ཕྱི་མའི་ཡུལ་དུ་ཁྱེར་ཏེ་གཏན་དུ་ནུབ་པར་གྱུར་རོ། །
   སྐད་བརྡ་སྨྲ་བ་དག་གི་བཞེད་ཚུལ་ལ། སྐད་ཡིག་གཅིག་འཚོ་ཞིང་གནས་པར་སྨྲ་མཁན་ས་ཡ་གཅིག་གི་ཡན་དགོས་ཏེ། ཨེ་ཅེབ་དང་རྒྱ་ནག་དང་གྷི་རི་སི་དང་ལ་ཏིན་གྱི་སྐད་བཞིན་དུ་ལོ་ངོ་སྟོང་ཕྲག་གཉིས་ལྷག་ལ་རྒྱུན་བསྲིང་ནས་གནས་ཐུབ་པ་ཤིན་ཏུ་དཀོན། 2008 ལོའི་ཟླ 2 ཚེས 19 ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནས་མི་སྐད་སྨྲ་བ་ཡོངས་ལ་བསྒྲགས་པའི་ཉེན་བརྡ་རུ་འདི་ལྟར་བརྗོད་ཡོད་དེ། འཛམ་གླིང་གི་སྐད་རྣམས་ལས 2500 ཙམ་ཉམས་མགོ་ཚུགས་པ་དང་།  538 ཙམ་འཇིག་པའི་ཉེན་ཁ་དང་ལྡན་པར་གྱུར་བ་དང་།   502 ཙམ་ཉག་ཕྲ་བའི་གནས་སུ་སླེབས།  632ཙམ་ནུབ་པར་འགྱུར་ཐག་ཆོད་པ་དང་།  607 ཙམ་ལ་ཉམས་པའི་མཚན་མ་བཅས་གནས་བབ་ཤིན་ཏུ་སྐྱོའོ། །
   སྣང་ཚུལ་འདི་རིགས་བྱུང་དང་འབྱུང་མུས་པ་ནི་སྐད་ཡིག་རང་ངོས་ནས་འཁོས་ཞན་པས་མ་ཡིན་པར། སྐད་སྨྲ་མཁན་དེ་མ་ཐག་ཏུ་ཇེ་ཉུང་དུ་སོང་བ་དང་། འཛམ་གླིང་དཔལ་འབྱོར་དང་སྤྱི་ཚོགས་གཞི་གཅིག་ཅན་ལ་ཕྱོགས་པ་དང་། བརྡ་འཕྲིན་ལག་རྩལ་ཤིན་ཏུ་འཕེལ་བ་དང་། སྟོབས་ལྡན་ཤེས་རིག་དང་སྟོབས་ལྡན་སྐད་ཡིག་གི་འཐབ་ཇུས་རྒྱ་སྐྱེད་པ་དང་། འབྲེལ་ཡོད་སྲིད་གཞུང་གིས་སྐད་ཡིག་སྲུང་སྐྱོབ་བྱས་པ་མ་འདང་བ་སོགས་ལ་རག་པས་ཡིན། 
   ཁ་ཅིག་གིས་འཛམ་བུ་གླིང་དུ་སྐད་ཡིག་འདི་འདྲ་མང་པོ་ཞིག་ཡོད་པས་རེ་གཉིས་ནུབ་པར་གྱུར་ཡང་གྱོང་གུད་ཐེབས་དོགས་མེད་ལ། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་སྐད་ཡིག་ཤིན་ཏུ་མང་པོ་ཉམས་ཤིང་རྒུད་ཀྱང་མིའི་རིགས་སྔར་བཞིན་འཚོ་གཞེས་བྱེད་ཐུབ་པར་སྨྲ། དེ་ཡང་བདེན་ཏེ།  སྐད་ཡིག་རེ་གཉིས་བརླག་པས་མིའི་རིགས་དེ་མ་ཐག་ཏུ་ནུབ་པར་མི་འགྱུར། ཡིན་ནའང་། འུ་ཅག་གིས་ངེས་དགོས་པ་ལ་སྐད་ཡིག་གི་སྐྱེ་འཆིས་མིའི་རིགས་ཀྱི་ཤེས་རིག་གི་སྣ་མང་རང་བཞིན་ལ་ཤན་ཤུགས་ངེས་ཅན་ཐེབས་ཏེ། སྐད་དང་ཡི་གེ་ནི་ཤེས་རིག་གང་གི་རྟེན་གཞི་དང་གྲུབ་ཆ་གཙོ་བོ་ཡིན་ལ། སྐད་ཡིག་དང་ཤེས་རིག་ནི་གཅིག་ལ་གཅིག་བརྟེན་དུ་ཡོད་པས་སྐད་ཡིག་ཉམས་པས་དེ་ལ་བརྟེན་པའི་ཤེས་རིག་དང་མི་རིགས་ཀྱང་ནུབ་པར་འགྱུར་རོ། ། 
   འདི་ལྟར་བསམས་ཚེ། དགེ་རྒན་ཆེན་མོ་ཚེ་ཡོང་ལྱེང་གི་ཞིབ་འཇུག་གིས་སྐད་ཡིག་ཙམ་ལ་དོ་ཁུར་གནང་བ་མ་ཡིན་པར། སྐད་ཡིག་ལ་འཇུག་པ་ཐབས་སུ་བརྟེན་ནས། སྐད་ཡིག་གི་ཉམས་རྒུད་ཀྱིས་དེར་བརྟེན་པའི་ཤེས་རིག་དང་མི་རིགས་དང་འགྲོ་བ་མིའི་རིགས་ལ་ཐེབས་པའི་ཤན་ཤུགས་མངོན་པར་སྟོན་པ་དང་། སྐྱེ་བོ་ཡོངས་ཀྱི་སྐད་ཡིག་རིག་གནས་ཀྱི་སྐྱེ་ཁམས་འདུ་ཤེས་མཐོ་རུ་འདེགས་པ་དང་། སྐད་ཡིག་སྣ་མང་དང་རིག་གནས་སྣ་མང་དང་མིའི་རིགས་ཀྱི་ཤེས་རིག་བར་གྱི་འབྲེལ་བ་གཙིགས་ཆེར་འཛིན་པ་དང་། ཉེན་ལྡན་སྐད་ཡིག་ལ་དགོས་ངེས་ཀྱི་སྐྱོབ་ཐབས་སྤྱད་ནས་དུས་ཐོག་ཏུ་སྲུང་དགོས་པ་དང། སྐད་ཡིག་སྣ་མང་རང་བཞིན་དང་རིག་གནས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ་མིའི་རིགས་ཀྱི་ཤེས་རིག་རྒྱུན་སྐྱོང་དགོས་ཚུལ་སྐྱེ་བོ་ཡོངས་ལ་དྲན་སྐུལ་གཏོང་འདོད་པ་རེད། 
   དགེ་རྒན་ཆེན་མོ་ཚེ་ཡོང་ལྱེང་ནས་ཞིབ་འཇུག་གི་འབྲས་བུ་གནད་དུ་ཁེལ་ཞིང་ཡིད་རྟོན་རུང་བར་དམིགས་ནས་རིག་མང་ཞིབ་འཇུག་དང་དཔེ་གཞི་འཇོག་པའི་ཐབས་ལམ་སྤྱད་ཡོད་དེ། རིག་མང་ཞིབ་འཇུག་གིས་ལོ་རྒྱུས་རིག་པ་དང་སྐད་བརྡ་རིག་པ། རིག་གནས་མིའི་རིགས་རིག་པ། མི་རིགས་རིག་པ། སྐྱེ་ཁམས་རིག་པ་སོགས་རིག་ཚན་མང་པོའི་མཐོང་སྣེ་སོ་སོ་ནས་ཨིན་དིའི་སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་རྒྱུ་དང་རྐྱེན་སོགས་ལ་བརྟག་ཡོད་པ་དང་། དཔེ་གཞི་འཇོག་པའི་ཞིབ་འཇུག་གིས་ཨ་རིའི་ཨིན་དིའི་སྐད་ཡིག་དམིགས་སུ་བདམས་ཏེ་སྐད་ཡིག་ཉམས་དམུས་ཀྱི་རྒྱུ་རྐྱེན་དང་མཐའ་འབྲས་ལ་དཔྱད་པ་བཏང་ཡོད། 
   གཞུང་འདིའི་དཔྱད་བྱ་ནི་ཨ་རི་ས་ཁུལ་གྱི་སྐད་ཡིག་གི་གནས་བབ་ཡིན་ཡང་། འུ་ཅག་ཀྲུང་གོའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ཐད་ལ་ཟུར་ལྟའི་རིན་ཐང་ཤིན་ཏུ་ཆེན་པོ་ཡོད་དེ། ཀྲུང་གོའང་ཨ་རི་དང་འདྲ་བར་མི་རིགས་མང་པོ་དང་སྐད་ཡིག་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། ཉེན་ལྡན་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ནས་ཨ་རི་དང་འདྲ་བར་གནད་དོན་ཕྱོགས་མཚུངས་པ་མང་པོར་འཕྲད་ཡོད། བརྟག་དཔྱད་ཅིག་གི་འབྲས་བུ་ལྟར་ན། རང་རྒྱལ་དུ་མི་རིགས་གྲངས་ཉུང་གི་སྐད་ཡིག 120 ལྷག་བཀོལ་ཞིང་སྤྱོད་ཀྱིན་ཡོད་ལ། དེ་དག་ཁྲོད་དུ་སྨྲ་མཁན་ཁྲི་ཡན་ཟིན་པ་ཕྱེད་ཀ་ལས་མེད་པ་དང་། སྨྲ་མཁན་སྟོང་ཁ་ཤས་ལས་མེད་པ 20 ལྷག་ཡོད་པས། སྐད་ཡིག་འདི་དག་ཤིན་ཏུ་ཉག་ཕྲ་བའི་གནས་སུ་སླེབས་ཡོད།  སྨྲ་མཁན1000ལྷག་ཡོད་པས་སྐད་ཡིག་ཅིག་འཚོ་ཞིང་གནས་ཐུབ་པའི་ངེས་པ་ཡེ་མེད་དེ། མན་ཇུ་མི་རིགས་ཀྱི་གྲངས་འབོར་ལ་ས་ཡ་ཁ་ཤས་ཡོད་ཀྱང་། མན་ཇུའི་སྐད་སྨྲ་ཤེས་མཁན་ནི་རྒན་པ་རེ་ཟུང་ལས་མེད་པ་ལྟ་བུ་དང་། ཧྲེ་མི་རིགས་ལ་མི་གྲངས་འབུམ་ཕྲག་ཁ་ཤས་ཡོད་ཀྱང་། རང་སྐད་སྨྲ་ཤེས་མཁན་1000ཙམ་ཡང་མེད་པ་ལྟ་བུའོ། །ཨ་རིའི་ཨིན་དིའི་སྐད་ཡིག་གི་འཇིག་ཚུལ་ལས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ། རང་རྒྱལ་གྱི་སྐད་ཡིག་འདི་དག་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་པ་ནི་འུ་ཅག་སྐད་བརྡ་ཞིབ་འཇུག་པ་དང་། སྐད་ཡིག་གི་སྲིད་ཇུས་དང་སྐད་ཡིག་གི་འཆར་འགོད་ཀྱི་ཐག་གཅོད་པ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སོ་སོ་ངེས་པར་འཕྲད་སྲིད་པའི་དཀའ་གནད་ཆེ་ཤོས་ཤིག་རེད། སྐབས་འདིར་ཁོ་བོས་ཀྱང་རེ་སྨོན་འདི་འདྲ་ཞིག་ཞུ་འདོད་དེ། དགེ་རྒན་ཆེན་མོ་ཚེ་ཡོང་ལྱེང་གི་ཞིབ་འཇུག་གི་འབྲས་བུར་བརྟེན་ནས་འབྲེལ་ཡོད་མགོ་ཁྲིད་རྣམ་པས་མིའི་རིགས་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་ལ་མཐོང་ཆེན་བྱས་ཁར། སྐད་ཡིག་ཉམས་རྒུད་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཉེན་ཁ་ཇི་ཙམ་ཐེབས་ཚུལ་ལ་ངེས་ཤེས་ཟབ་མོ་སྐྱེས་ཏེ། རང་རྒྱལ་ལ་ཚན་རིག་དང་མཐུན་པའི་སྐད་ཡིག་གི་འཆར་འགོད་དང་སྐད་ཡིག་གི་སྲིད་ཇུས་ཤིག་བཟོས་ནས་ཉེན་ལྡན་སྐད་ཡིག་དེ་དག་སྐྱོབ་ཐུབ་པར་ཤོག 
                                                                     ཀྲོའུ་ཡོང་ཧྲིན་ནས།
                                          2008ལོའི་ཟླ12ཚེས24 ལ་ཧྥུ་ཏན་སློབ་ཆེན་དུ། 
འབྲེལ་ཡོད་རྩོམ་ཡིག