ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

གཟའ་འཁོར་གཉིས་རེའམ་ཟླ་བ་ཕྱེད་རེར་སྐད་རིགས་རེ་ནུབ་པར་འགྱུར་བཞིན་ཡོད།

2015-03-26 མཁན་པོ་ཚུལ་ཁྲིམས་བློ་གྲོས།
   སྐད་ཡིག་གི་འཆི་བ་ཞེས་པ་ནི། སྐད་དང་ཡི་གེ་རྣམས་སྐྱེས་ཤིང་གནས་པའི་རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་ཉམས་ཤིང་རྒུད་དེ་མཐར་ཡོངས་སུ་ནུབ་པར་གྱུར་ནས་དེ་ཕན་ཆད་མི་ཡུལ་འདི་ན་སྐད་ཆ་དེ་འཆད་མཁན་གྱི་མི་གཅིག་ཀྱང་མེད་པར་གྱུར་པ་སྟེ། དཔེར་ན། ཁ་ས་པེའི་(Kasabe)སྐད་རིགས་དེ་སྤྱི་ལོ ༡༩༩༥ ལོའི་ཟླ་བ ༡༡ པའི་ཚེས ༤ ཉིན་ད་དུང་གསོན་པོ་ཡིན་ལ། ཚེས ༥ ཉིན་ཤི་བར་གྱུར་པ་ལྟ་བུ་སྟེ། དེ་ཡང་ཁ་ས་པེའི་སྐད་སྨྲ་མཁན་གྱི་མི་རྣམས་ཀྱི་ནང་ནས་ཆེས་རྗེས་མ་དེ་པོ་གོམ(Bogon)ཞེས་པའི་མི་དེ་ཡིན། སྐད་དེ་སྨྲ་མཁན་མི་གཅིག་པོ་དེ་ལས་མེད། མི་དེ ༡༩༩༥ ལོའི་ཟླ་བ ༡༡ པའི་ཚེས ༥ ཉིན་ཤི་བར་གྱུར་པས་ཁ་ས་པེའི་སྐད་ཀྱང་ཕྱི་མའི་ཡུལ་དུ་ཁྱེར་ནས་སོང༌། དེའི་ཤུལ་ན་སྲིང་མོ་ཞིག་ཡོད་ཀྱང་དེས་ཁ་ས་པེའི་སྐད་ཉན་པ་ཙམ་ལས་སྨྲ་མི་ཤེས། བུ་དང་ཚ་བོ་རྣམས་ཀྱི་ནང་ན་ནི་སྐད་དེ་ཤེས་མཁན་གཅིག་ཀྱང་མེད་པས་སྐད་དེ་ཉིད་སའི་སྟེང་ནས་ནུབ་པར་གྱུར་པ་ལྟ་བུའོ། །
   སྐད་དང་ཡི་གེ་ནི་རིག་གནས་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དེ་ལྟར་དུ་ནུབ་པར་གྱུར་ན་དེ་ལ་བརྟེན་པའི་རིག་གནས་ཐམས་ཅད་ཀྱང་ནུབ་པར་འགྱུར་བ་ཡིན་ཏེ། དཔེར་ན་རྒྱ་མཚོར་བསྐྱོད་པའི་གྲུ་གཟིངས་ཞིག་པར་གྱུར་ན་དེའི་ནང་དུ་ཡོད་པའི་ནོར་རྫས་ཐམས་ཅད་རྒྱ་མཚོའི་ནང་དུ་ནུབ་ནས་བརླག་པར་འགྱུར་བ་ལྟ་བུ་ཡིན། དེས་ན་སྐད་དང་ཡི་གེ་ཇི་ལྟར་ཇེ་ཉུང་དུ་སོང་བ་དེ་ལྟར་དུ་མིའི་འཇིག་རྟེན་དུ་བསམ་བློ་དང་རིག་གནས་སྣ་ཁ་ཇེ་ཉུང་དུ་འགྲོ་བ་ཡིན་པས་མིའི་རིགས་སྤྱི་ལའང་གྱོང་རྒུད་ཤིན་ཏུ་ཆེ་ཞིང༌། གང་གི་སྐད་ཡིག་མེད་པར་གྱུར་པའི་མི་རིགས་དེ་ཉིད་ནི་ཕ་སྐད་ནུབ་ན་མི་རིགས་འཆི་ཞེས་པ་ལྟར་དེ་ནས་བཟུང་མཇུག་རྫོགས་པ་ཡིན་པས་གྱོང་རྒུད་ཆེའམ་མི་ཆེ་ཞེས་དཔྱད་དུ་མེད་དོ། །མདོར་ན་ཐོག་མར་སྐད་དང་ཡི་གེ་གཉིས་པོ་བཀོལ་སྤྱོད་བྱེད་མཁན་གྱི་མི་གཅིག་ཀྱང་མེད་པར་གྱུར་ནས་གཏན་དུ་ཤི་ཞིང༌། དེའི་དབང་གིས་མི་རིགས་དེའི་རིག་གནས་མཐའ་དག་ངང་གིས་ནུབ་ཅིང༌། མཐར་མི་རིགས་དེ་ཉིད་ཀྱང་ཧྲིལ་གྱིས་གཞན་ཞིག་ཏུ་གྱུར་ཏེ་སྔར་གྱི་རྗེས་ཤུལ་ཙམ་ཡང་མི་མངོན་པར་འགྱུར་བའི་བྱེད་ལས་ཅན་གྱི་རིག་གནས་ཀྱི་ཆག་སྒོ་ཆེན་པོ་ཞིག་གོ །
   གཉིས་པ་འཆི་བ་བྱུང་ཚུལ་བཤད་པ་ནི། དུས་རབས་ཉི་ཤུ་པའི་ནང་དུ་སྐད་རིགས་སྟོང་ཕྲག་གཅིག་ནུབ་ཏེ་སའི་གོ་ལའི་སྟེང་ནས་མེད་པར་གྱུར་ཅེས་ཟེར། ད་ལྟ་མ་མཐའ་ཡང་གཟའ་འཁོར་གཉིས་རེའམ་ཟླ་བ་ཕྱེད་རེ་ནས་སྐད་རིགས་རེ་རེ་ནུབ་པར་འགྱུར་བཞིན་པ་ཡིན་ཏེ། ཨ་མེ་རི་ཁའི་ཨ་ར་སི་ཁ་སློབ་གྲྭ་ཆེན་མོའི་སྐད་རིག་པ་པ་ཁི་རོ་སི་(Michael Krauss,克劳斯) ལ་སོགས་སྐད་རིག་པ་པ་གསུམ་གྱིས་མགྲིན་གཅིག་ཏུ་ད་ལྟ་ནས་ལོ་བརྒྱའི་རྗེས་སུ་མིའི་རིགས་ཀྱི་སྐད་ལས་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་ནུབ་ནས་མེད་པར་འགྱུར་ཞེས་སྨྲས་པའི་ཕྱིར་ཏེ། མིའི་རིགས་ཀྱི་སྐད་ཀྱི་བརྒྱ་ཆ་ལྔ་བཅུ་ནི་སྐད་རིགས་སུམ་སྟོང་ཙམ་ཞིག་ཡིན་ལ། ལོ་བརྒྱ་ཐམ་པ་དེ་ཟླ་བར་བསིལ་ན་ཟླ་བ་ཆིག་སྟོང་ཉིས་བརྒྱ་ཡོད་ཅིང་གོང་གི་སྐད་ཀྱི་གྲངས་དེ་དེར་བགོས་ན་མ་མཐར་ཡང་ཆ་མཉམ་དུ་གཟའ་འཁོར་གཉིས་རེ་ནས་སྐད་རིགས་རེ་རེ་ཤི་ནས་མེད་པར་འགྱུར་དགོས་པའི་ཕྱིར་རོ། །
   ཡང་ཁི་རོ་སིས་བསྡོམས་རྩིས་ཀྱི་དན་གྲངས་མང་པོ་ལ་གཞི་བྱས་ཏེ་སྨྲས་པ། འདི་ལྟར་བརྩི་བ་དོན་དང་མཐུན་པ་ཡིན་དགོས་པར་ངེད་ཀྱིས་འདོད་པ་ཡིན་ཏེ། དངོས་པོ་རྣམས་འཕེལ་རྒྱས་སུ་འགྲོ་བའི་ད་ལྟའི་འགྲོས་ཚད་འདི་ལ་གཞིགས་ན་དུས་རབས་རྗེས་མ་འདིའི་ནང་དུ་མིའི་རིགས་ཀྱི་སྐད་ལས་བརྒྱ་ཆ ༩༠ ཐམ་པ་དེ་གལ་ཏེ་དངོས་སུ་ཤི་བར་མ་གྱུར་ཀྱང་ངེས་པར་འཆི་བའི་གནས་སུ་འགྱུར་ཞེས་ཟེར། དེ་ལྟ་ན་ནི་སྐད་རིགས ༦༠༠ ཙམ་མ་གཏོགས་གཞན་ཐམས་ཅད་འཆི་ངེས་སུ་འགྱུར་བ་ཡིན། ཚོད་རྩིས་འདིའི་དབང་དུ་བྱས་ན་སྐད་རིགས་དྲུག་སྟོང་ཡར་མར་ཙམ་ཞིག་ནུབ་པར་འགྱུར་བས་ཕལ་ཆེར་གཟའ་འཁོར་གཅིག་ཙམ་མམ་གཅིག་ལྷག་ཙམ་རེ་ལ་སྐད་རིགས་རེ་ཤི་བའམ་འཆི་ངེས་ཀྱི་གནས་སུ་འགྱུར་དགོས་པ་ཡིན། 
   འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས(UNESCO)ཀྱིས ༢༠༠༩ ལོའི་ཟླ ༢ པའི ༡༩ ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་བསྒྲགས་པའི་རིས་དཔེ་ལས་འཛམ་གླིང་གི་སྐད་རྣམས་ལས ༢༥༡༡ ཙམ་ཞིག་ཉག་ཕྲ་བ་དང་ཉེན་ཁ་དང་ལྡན་པ་དང་ཧ་ཅང་ཉེན་ཁ་དང་ལྡན་པའི་གནས་སུ་གྱུར་པས་ས་སྟེང་ནས་ནུབ་པའི་ཉེན་ཁ་ལ་མངོན་དུ་ཕྱོགས་པར་ཡོད་ཅེས་ཟེར། གྲངས་ཀ་འདི ༢༠༠༡ ལོ་བསྒྲགས་པའི་ཉེན་ལྡན་སྐད་རིགས་ཀྱི་གྲངས་ལས་ལྡབ་འགའ་ཞིག་གི་ཇེ་མང་དུ་སོང༌། རྩ་འཛུགས་འདིས་ཚོད་རྩིས་ལྟར་ན་ལོ ༢༥༠ ཐམ་པའི་རྗེས་སུ་མི་རྣམས་ཀྱིས་དབྱིན་ཇི་དང་རྒྱ་ནག་དང་ཧྥ་རན་སི་དང་སི་ཕེན་དང་ཕོར་ཐུ་གལ་གྱི་སྐད་སོགས་ཉུང་ཤས་ཤིག་ལས་གཞན་མི་ཤེས་པར་འགྱུར་ཞེས་ཟེར་རོ། །
   སྐད་རིགས་མང་པོ་ཞིག་ད་ལྟ་དངོས་སུ་ནུབ་པ་མིན་ཡང་ནུབ་མ་རག་པར་གྱུར་ཏེ་སྨྲ་མཁན་གྱི་མི་འགའ་རེ་ལས་མེད་པར་གྱུར་ཡོད་དེ། ཏེ་ཝེ་ཁི་རེ་སི་ཐིལ་གྱི་སྐད་ཀྱི་འཆི་བ་ཞེས་པའི་གཞུང་ལས། སྨྲ་མཁན་གྱི་མི་གྲངས་མང་ཉུང་གི་དབང་དུ་བྱས་ན་འཛམ་བུ་གླིང་གི་སྐད་རིགས ༥༡ ལ་སྨྲ་མཁན་གྱི་མི་གཅིག་རེ་ལས་མེད། སྐད་རིགས ༥༠ ཐམ་པ་ལ་སྨྲ་མཁན་གྱི་མི ༡༠ ཙམ་རེ་ལས་མེད། སྐད་རིགས ༥༠༠ ལ་སྨྲ་མཁན་གྱི་མི་༡༠༠ ཙམ་རེ་ལས་མེད། སྐད་རིགས ༡༥༠༠ ལ་སྨྲ་མཁན་གྱི་མི ༡༠༠༠ ཙམ་རེ་ལས་མེད། སྐད་རིགས ༥༠༠༠ ལ་སྨྲ་མཁན་གྱི་མི་འབུམ་གཅིག་ཙམ་རེ་ལས་མི་འདུག་ཅེས་སྨྲས་ཏེ། འདི་རྣམས་ཀྱང་སྐད་རིགས་རིམ་གྱིས་ཉམས་ཏེ་མཐར་སྨྲ་མཁན་གྱི་མི་དེ་ཙམ་རེ་ལས་ལྷག་མར་མ་ལུས་པ་ཡིན་གྱི། དང་པོ་ནས་སྐད་རིགས་ཤིག་ལ་སྨྲ་མཁན་གྱི་མི་བཅུ་ཕྲག་ཙམ་རེ་ལས་མེད་པ་སོགས་ནི་མ་ཡིན་ཏེ། དཔེར་ན། ཧྥ་རན་སིའི་པུ་རེ་ཐོ་ནུའི་སྐད་ལ་སྤྱི་ལོ  ༡༩༠༥ ལོར་སྨྲ་མཁན་གྱི་མི་ཚོད་རྩིས་བྱས་ན་ཁྲི་ཕྲག ༡༤༠ ཙམ་ཡོད་ཀྱང་ད་ལྟ་སྐད་དེ་ལེགས་པར་སྨྲ་ཐུབ་མཁན་གྱི་མི་ཁྲི་ཚོ ༢༥ ཙམ་ལས་མེད་པར་གྱུར་ཟིན་པ་དང༌། ཨ་མེ་རི་ཀ་བྱང་མ་ན་སྔར་གྱི་དུས་སུ་ཡུལ་སྐད་རིགས་མི་འདྲ་བ ༡༠༠༠ ཙམ་ཞིག་ཡོད་ཀྱང་ད་ལྟ་གཞུང་ཕྱོགས་ཀྱིས་ཁས་བླངས་པའི་སྐད་རིགས་བཅུ་གྲངས་ཙམ་ལས་མེད། ཁེ་ན་ཏར ༡༩༨༡ ལོར་ཡུལ་སྐད ༥༠ ཙམ་ཡོད་ཀྱང ༡༩༩༦ ལོར་སྨྲ་མཁན་གྱི་མི་མང་ཙམ་ཡོད་པའི་སྐད་རིགས་གསུམ་ཙམ་ལས་མེད་པར་གྱུར། ཨོ་སི་ཐྲ་ལི་ཡར་དུས་རབས ༡༨ པའི་སྐབས་སུ་ཡུལ་སྐད ༢༥༠ ཙམ་ཡོད་ཀྱང་ད་ལྟ ༢༥ ལས་མེད་པར་གྱུར། བྷ་རེ་ཟེ(Brazil,巴西)ན་སྤྱི་ལོ ༡༥༠༠ ཙམ་གྱི་དུས་སུ་སྐད་ཀྱི་གྲངས་ཀ་ཚོད་དཔག་བྱས་ན ༡༡༧༥ ཡར་མར་ཞིག་ཡོད་ཀྱང་ད་ལྟ་ལུས་པ་ལ ༢༠༠ ཙམ་གྱི་ཁར་ཡང་མི་ལོངས་བ་དང༌། ཀྲུང་གོའི་ཐོའུ་ཅ(土家)མི་རིགས་ལ་ད་ལྟ་མི་གྲངས་ས་ཡ་བརྒྱད་ཡོད། འོན་ཀྱང་དེའི་ནང་ན་མི་རིགས་རང་གི་སྐད་ཤེས་མཁན་བརྒྱ་ཆ་གཅིག་ལས་མི་འདུག་ལ། དེ་ཡང་ལོ་བཅུ་ཕྲག་འགའ་ཞིག་གི་རྗེས་ནས་མཇུག་རྫོགས་རྒྱུ་ཡིན་འདུག དེ་བཞིན་དུ་མན་ཇུའི(满)རིགས་ལ་ད་ལྟ་མི་གྲངས་བྱེ་བ་ལྷག་ཅིག་ཡོད། ལོ་ཉིས་བརྒྱ་ལྷག་གམ་སུམ་བརྒྱ་ཙམ་ཞིག་གི་རིང་ལ་ཁོང་ཚོའི་སྐད་ཡིག་ཉམས་ནས་ད་ལྟ་མན་རིགས་ཀྱི་གྲོང་ཚོ་ཕ་སྐད་བདག་སྲུང་ལེགས་ཤོས་གཉིས་གསུམ་རེ་ཡོད་པ་དག་གི་ནང་དུའང་རྒན་པོ་ལོ་དྲུག་ཅུ་ཡན་ཆད་ལོན་ཟིན་པའི་མི་གྲངས་བཅུ་ཁ་མ་ལོང་པ་ཙམ་ཞིག་གིས་ནང་ཕན་ཚུན་དུ་སྨྲ་ཞིང་གོ་ནུས་པ་ལས་གཞན་མེད། དེའང་ལོ་བཅུ་ཕྲག་གཅིག་གཉིས་ཙམ་གྱི་རྗེས་ནས་རྒྱུན་ཆད་པར་འགྱུར་བ་ལྟ་བུ་སྟེ། འདི་དག་ནི་འཛམ་བུ་གླིང་དུ་སྐད་རིགས་ཇི་ལྟར་ཤི་བར་གྱུར་པའི་ཚུལ་ལོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག