《ཉ་མོས་ཆུ་མི་མཐོང་ངོ》ཞེས་པའི་དེབ་དཔྱད།
ཡ་ཏང•ཕཱེ་ལན།
དེབ་མིང་། 《ཉ་མོས་ཆུ་མི་མཐོང་ངོ》(Fish Can’t See Water)
རྩོམ་པ་པོ། ཁཱི•ཧཱ་མེ་རི་ཁ(Kai Hammerich) རཱི་ཁཱར་ཊ་ལཱེ་ཝིས (Richard Lewis)
དཔེ་སྐྲུན་ཁང་། John Wiley & Sons Inc (Verlag)
དཔར་སྐྲུན་དུས། 2013
དཔེ་རྟགས། 978-1-118-60856-2 (ISBN)
ཨ་རིའི་ཀུང་སི(Corporate America ཨ་རིའི་ཚོང་སྡེ་དང་ཁེ་ལས་ཆེ་གྲས་རྣམས)ཡི་རྒྱལ་ཁ་ནི་ཨ་རིར་སྔ་དུས་སུ་གཞིས་བཅའ་མཁན་དག་གི“ས་རྒོད་སློག་པའི་སྙིང་སྟོབས”ལས་བྱུང་བ་ཡིན་མིན་དང་། དབྱིན་ཇིའི་བཟོ་ལས་ལ་ཉམས་རྒུད་ཐེབས་པའི་འབྱུང་རྩ་དེ་རྒྱལ་ཁབ་གང་དེའི་ཡལ་ཐབས་མེད་པའི་མི་རིགས་རང་དྲེགས་ཀྱི་བསམ་བློ་དང་འབྲེལ་བ་ཡོད་མེད་ཀྱི་སྐོར་ལ། ཊེན་མཱར་ཀ་རྒྱལ་ཁབ་ཀྱི་ཁཱི•ཧཱ་མེ་རི་ཁ(Kai Hammerich)དང་དབྱིན་ཇིའི་སྒྲ་རིག་མཁས་པ་རཱི་ཁཱར་ཊ་ལཱེ་ཝིས (Richard Lewis)རྣམ་གཉིས་ཀྱིས་མཉམ་དུ་མཛད་པའི་དེབ་གསར《ཉ་མོས་ཆུ་མི་མཐོང་ངོ》(Fish Can’t See Water)ཞེས་པར་ལན་བཏབ་འདུག་ལ། ཁོང་གཉིས་ཀྱིས་དེ་ལྟར་ཡིན་པའི་དྲང་ཕྱོགས་ཀྱི་ཁ་ཚོན་བཅད་འདུག
རྩོམ་དེའི་བརྗོད་བྱ་རྩོམ་གང་གི་མིང་དང་འདྲ་བར། ཁེ་ལས་ཀྱི་འགན་འཛིན་པས་རིག་གནས་མི་རྟོགས་ཤིང་ཁོ་ཚོས་རྟག་པར་མི་རིགས་རིག་གནས་ཀྱིས་ཁེ་ལས་ལ་ཇི་འདྲའི་ཤུགས་རྐྱེན་ཐེབས་བཞིན་པ་དེ་མཐོང་མི་འདུག་ཞེས་བཀོད་འདུག་ལ། དེབ་འདིའི་རྩོམ་པ་པོས། ཁེ་ལས་ཀྱི་ཐབས་ཇུས་ཞིབ་འཇུག་ཁྲོད་རིག་གནས་ཀྱི་ཆ་དེ་ནམ་རྒྱུན་སྣང་མེད་དུ་གྱུར་འགྲོ་བའི་རྒྱུ་མཚན་ནི། དོན་དངོས་སུ་རིག་གནས་རང་དང་འབྲེལ་ཡོད་པ་ཞིག་ཡིན་ཏེ། དོ་དམ་སྐོར་གྱི་བརྩམས་ཆོས་དག་ནི་ཐོག་མ་ནས་ཨ་རིས་གཙོ་ཁྲིད་བྱས་ཡོད་ལ། ཞིབ་འཇུག་བྱེད་ས་ཡང་གཙོ་བོ་ཨ་མེ་རི་ཀའི་དཔེ་གཞི་རེད་ཟེར།
ཁོ་ཚོའི་སྒྲུབ་བྱེད་ཀྱི་སྲོག་ཤིང་ནི་གཤམ་གྱི་ལྟ་ཚུལ་གཉིས་ལ་དགག་རྒྱག་བྱས་པ་ཞིག་སྟེ། ཐོ་མཱ་སི•ཧྥི་རཱེ་དི་མན(Thomas Friedman)གྱིས་བཏོན་པའི་འཛམ་གླིང་ནི〝ལེབ་མོ〞ཡིན་ཞེས་པ་དེ་དང་། གཞན་གཅིག་ནི་ཁེ་ལས་ལ་མིང་དོན་མཚུངས་པའི〝འཛམ་གླིང་ཅན〞གྱི་རིག་གནས་འཛོམས་ཡོད་ཅེས་པ་དེ་རེད། ཧ་མེ་ཨས་ཁྲུ་དང་ལཱིའུ་སིས〝རྒྱལ་བརྒལ་ཁེ་ལས་ཕལ་ཆེ་བ་ལ་ངོ་བོའི་ཐད་ནས་མི་རིགས་རིག་གནས་ཆིག་རྐྱང་བ་གཅིག་མ་གཏོགས་མི་འདུག〞ཅེས་བྲིས་འདུག
རྩོམ་པ་པོ་འདི་གཉིས་ན་རེ། མི་རིགས་ཀྱི་རིག་གནས་ཧ་ཅང་གལ་ཆེ་སྟེ། རྒྱུ་མཚན་ནི〝མི་རིགས་ཀྱི་རིག་གནས་ཀྱིས་རྒྱལ་བརྒལ་ཁེ་ལས་ཀྱི་དར་རྒུད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཡིན་ཡང་ཤུགས་རྐྱེན་འདིའི་རིགས་རྟག་པར་གཟུགས་མེད་ཀྱི་ཚུལ་དུ་ཡོད〞ཟེར། ཁེ་ལས་ཀྱི་དུས་རིམ་མི་འདྲ་བ་དང་། ལྷག་པར་དུ་ཉམས་ཉེན་བྱུང་སྐབས་སུ། ཁེ་ལས་ལ་ཐེབས་པའི་ཤུགས་རྐྱེན་དེ་ཁེ་ལས་དེའི་རྒྱལ་ཁབ་ཀྱི་རིག་གནས་ཐ་དད་པ་དང་བསྟུན་ནས་ཐ་དད་པར་སྣང་། དེ་བས“རྒྱལ་ཁབ་ལ་ལའི་མི་རིགས་ཀྱི་གཤིས་ཀ་དེ་ཁེ་ལས་གསར་དུ་བཙུགས་པའི་ཐོག་མའི་དུས་རིམ་དུ་འཚམ་པ་དང་། ལ་ལའི་རིག་གནས་ནི་ཁེ་ལས་ཧ་ཅང་དར་བའི་དུས་རིམ་ལ་ཤིན་ཏུ་འཚམ”ཞེས་བྲིས་འདུག
ནོ་ཀཱི་ཡ(Nokia)ལ་ཆ་བཞག་ནས་བཤད་ན། ཐོག་མའི་དབུ་བརྙེས་པ་ནས་རིམ་བཞིན་རྒྱས་ཏེ་ཡོ་རོབ་གླིང་གི་ཆེས་ཆེ་བའི་ཚན་རྩལ་ཁེ་ལས་སུ་གྱུར་བ་དང་། དེ་ནས་རྗེས་སུ་ཉམས་རྒུད་བྱུང་བའི་དར་རྒུད་ཀྱི་ལམ་བུ་དེ་ནི་དེང་སང་ཞིབ་འཇུག་བྱེད་སའི་དཔེ་གཞི་ཞིག་ཏུ་གྱུར་ཡོད། དེས་མི་རྣམས་ལ་འདི་འདྲའི་གནད་དོན་ཞིག་ལ་བསམ་བློ་གཏོང་དུ་བཅུག་ཡོད་དེ། མི་རིགས་རིག་གནས་ཀྱིས་ཁེ་ལས་དར་རྒུད་ཀྱི་དུས་རིམ་མི་འདྲ་བའི་ནང་དུ་ཇི་ལྟར་དེ་ཉིད་སྐུལ་འདེད་ཀྱི་ཡོ་བྱད་ལྟ་བུར་གྱུར་བ་དང་། ཡང་ཇི་ལྟར་ན་དེ་ཉིད་ཀྱི་བཀག་རྡོ་རུ་གྱུར་སོང་བ་དེ་རེད།
རྩོམ་པ་པོས་ནོ་ཀཱི་ཡ(Nokia)མགྱོགས་མྱུར་ངང་དར་བར་གྲོགས་བྱས་པའི〝དགེ་མཚན〞མང་པོ་ཞིག་གི་འབྱུང་རྩ་དེ་ཧྥིན་ལན་རྒྱལ་ཁབ(Finland)ཀྱི་མིའི་སེམས་ཁམས་ལ་རག་ལས་ཞེས་པའི་ལྟ་ཚུལ་བཏོན་འདུག ཧྥིན་ལན་པ་རྣམས་ནི〝འབད་བརྩོན་ཆེ་ཞིང་གཞུང་དྲང་བ། རྡོག་རྩ་གཅིག་ཏུ་སྒྲིལ་བ། དངོས་ཐོག་བདེན་འཚོལ་དང་ཆགས་ཞེན་གྱིས་མགོ་མི་རྨོངས་པ་ཞིག་ཡིན〞ལ། ཁོང་ཚོའི་གཤིས་རྒྱུད་འདི་དག་གིས་ནོ་ཀཱི་ཡའི་ཐོན་རྫས་དེ〝དཔེ་མཚོན་ཅན་གྱི་འགྲན་རྩོད་ཀྱི་ནུས་པ་ཅན〞ཞིག་ཏུ་འགྲུབ་པར་བྱས་པ་དང་། དེ་ལ〝མཆོང་ཕོད་སྒྲུབ་ཕོད〞པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པས། གསར་ཐོན་ལག་འཁྱེར་ཚོང་རྭའི་གཙོ་བོར་གྱུར་བ་རེད། འོན་ཀྱང་། ཚོང་རྭའི་འཕེལ་རྒྱས་དང་བསྟུན། ནོ་ཀཱི་ཡ་ལ〝མི་རིགས་ཕྱོགས་ལྷུང་བསམ་བློ〞དང་གཞན་དང〝འབྲེལ་འདྲིས་ལ་མི་མོས་པའི〞མི་རིགས་ཀྱི་གཤིས་རྒྱུད་ཀྱིས་ཤུགས་རྐྱེན་ཐེབས་ནས། བེད་སྤྱོད་མཁན་དང་བར་ཐག་ཇེ་རིང་དུ་གྱུར་བ་རེད་ཟེར།
དེབ་ཏུ་བཀོད་པའི་དཔེ་གཉིས་པ་ནི་དབྱིན་ཇི་རེད། དབྱིན་ཇི་བའི〝ལག་ལེན་ལ་མཐོང་ཆེན་བྱེད་པའི〞གཤིས་རྒྱུད་ཀྱིས་ཨོ་སི་ཏེན་རླངས་འཁོར (Austin Motors) དེ་འཁྲུག་ཆེན་གཉིས་པའི་རྗེས་རེ་ཞིག་ཤིན་ཏུ་དར་ནའང་། རྗེས་སུ་དེ་ཉིད་ཀུང་སི་འདི་བརྡིབས་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་བ་ལྟ་བུ་རེད།
ཨོ་སི་ཏེན་གྱི་གསར་གཏོད་ཀྱི་བྱེད་སྟངས་སྣ་ཚོགས (ཧ་ཅང་དགའ་བསུ་ཐོབ་པའི་རླངས་འཁོར་ཆུང་བའི་བཟོ་དབྱིབས་ཀྱང་འདུ) ཀྱིས་རྒྱལ་ཁ་ཆེན་པོ་བླངས་རུང་། དོ་དམ་ཞན་པ་དང་འཆར་གཞི་འཐུས་ཚང་མིན་པས་ཀུང་སིའི་དངུལ་དོན་ཐད་ལ་གྱོང་གུན་ཐེབས། རྩོམ་པ་པོ་རྣམ་གཉིས་ཀྱིས〝དབྱིན་ཇི་བའི་དངོས་དོན་གཉེར་བ་དང་སྐབས་ཐོག་ལ་ཁ་ལན་སྤྲོད་པའི་གཤིས་ཀའི་ཁྱད་ཆོས་དེས‘ལག་ལེན་ལ་མཐོང་ཆེན་བྱེད་པ’ཡི་རིག་གནས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ལ། དེ་ཉིད་ཡང་ཁམས་དང་བསྟུན་པའི་རིག་གནས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར〞ཅེས་བྲིས་འདུག ཁོང་གཉིས་ན་རེ། 〝ཁམས་དང་བསྟུན་པའི་གཤིས་ཀ〞འདི་རིགས་ནི་དབྱིན་ཇི་བའི་མི་གཤིས་ཀྱི་ཁྱད་ཆོས་ཤིག་རེད་ཟེར་ལ། སྔོན་ཆད་ཀྱི་དབྱིན་ཇིའི་དངུལ་རྩའི་ཞབས་ཞུ་ལས་རིགས་ཀྱི་རྒྱལ་ཁ་དང་ཉེ་ལམ་གྱི་ཕམ་ཁ་སོགས་ཀྱང་མདོར་དྲིལ་ན་གཤིས་ཀ་འདི་རིགས་ཀྱི〝ལག་རྗེས〞རེད་ཞེས་པའི་ལྟ་ཚུལ་བཏོན་འདུག
འདི་འདྲའི་ལྟ་ཚུལ་ཐུན་མོང་མ་ཡིན་པ་དེབ་འདིའི་ནང་གང་སར་མཐོང་ཐུབ།
དེབ་ནང་དུ་དྲངས་པའི་དཔེ་འགར་གོ་སྐོན་བློ་འགུག་གི་ནུས་པ་ཆེས་ཆེར་ལྡན་ཏེ། དཔེ་གཞི་གཅིག་ནི། ཝཱལ་མར་ཊ(Walmart)ཡིས་རིག་གནས་བར་གྱི་ཁྱད་པར་སྣང་མེད་དུ་བཏང་ནས། འཇར་མན་གྱི་ཚོང་རར་ཨ་རིའི་ལུགས་ཀྱིས་མཛད་སྤྱོད་པར་ཞབས་ཞུ་བྱེད་ལུགས་དེ་ཁྱབ་བརྡལ་དུ་བཏང་ཡང་། མཐར་ཐུག་ཕམ་ཁ་ཉོས་པ་ལྟ་བུ་རེད། ཡིན་ཡང་དཔེ་གཞི་གཞན་འགའི་ནང་དུ། རྩོམ་པ་པོས་མི་རིགས་ཀྱི་ཁྱད་ཆོས་དང་དེའི་བྱེད་ལས་ནན་བཤད་བྱས་པ་ཐལ་དྲགས་ནས། དཔལ་འབྱོར་དང་ཆབ་སྲིད་ཀྱི་རྒྱུ་རྐྱེན་སོགས་མངོན་གསལ་གྱིས་སྣང་མེད་དུ་བཞག་པའང་འདུག
དེབ་འདིས་གཙོ་རྒྱུགས་སུ་གྱུར་བའི་ཚོང་ལས་ཀྱི་འཐབ་ཇུས་བསམ་གཞིགས་དང་ཡེ་ནས་ཐ་དད་པའི་རིགས་རྟོགས་རིང་ལུགས་ཀྱི་མཐོང་སྣེ་གསར་བ་ཞིག་འདོན་སྤྲོད་བྱས་ཡོད་རུང་། དེབ་འདིའི་ཆ་མང་པོ་ཞིག་སྟབས་བདེ་དྲགས་པ་དང་། བསྡོམས་ཚིག་ལ་འོལ་ཚོད་བྱས་པའི་གནད་དོན་ཡང་འདུག
གླེང་མི་དགོས་པ་ཞིག་ལ། མི་རིགས་ཚང་མའི་བག་ཆགས་འགྱུར་མེད་དག—དཔེར་ན། ཨ་རི་བར་རང་ལ་བློ་ཁོག་ཡོད་དྲགས་པ་དང་། འཇར་མན་པར་མཁྲེགས་འཛིན་ཆེ་དྲགས་པ་ལྟ་བུ་དག་ལ་རྣག་ཐོག་ཁབ་གཙགས་ལྟ་བུའི་བདེན་པའི་ཆ་ངེས་པར་ཡོད་ནའང་། མི་རིགས་ཀྱི་བག་ཆགས་རྙིང་བས་ཁེ་ལས་ཀྱི་དར་རྒུད་ཅི་རིགས་ཡོད་དོ་ཅོག་ལ་འགྲེལ་བཤད་བརྒྱབ་ན། མི་རྣམས་ཡིད་ཆེས་དཀའ་བར་བྱེད་དོ༎(རྩོམ་འགན་པ། རྟ་མགྲིན)