ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཇོར་ཇེ་སི་ཐེ་ནེར(George Steiner)གྱི་དེབ་ཆུང་ངུ《ཡོ་རོབ་ཀྱི་ལྟ་བ》

2015-04-20 Daniel Hannan
   《ཡོ་རོབ་ཀྱི་ལྟ་བ》(The Idea of Europe, Overlook Booksདཔེ་སྐྲུན་ཁང་གིས2015ལོའི་ཟླ3པར་པར་དུ་བསྐྲུན།   ལྡེབ་གྲངས48)།
   T. S. ཨེ་ལི་ཐི(T. S. Eliot,1888-1965)1ཡིས་རང་ཉིད་ལོན་ཏོན་གྱི་གླ་གཏོང་མོ་ཊའི་ཁ་ལོ་པ་ཞིག་གིས་ངོ་ཤེས་པའི་ཚུལ་ལ་ཕྱིར་དྲན་གནང་རྒྱུར་མོས།    སྐབས་དེར་ཁོང་གིས་ཆེས་ཆེར་ཡ་མཚར་བའི་ངང་ཁ་ལོ་པར།    མི་རྣམས་ཀྱིས་རྒྱུན་པར་སྙན་ངག་པ་དག་ཧ་ལམ་ངོ་ཤེས་ཀྱི་མེད་ཅེས་སྨྲས།    “ངས་ནམ་ཡང་མི་ཆེན་པོ་དག་ངོ་ཤེས་ཀྱི་ཡོད།”  ཁ་ལོ་པ་དེ་ན་རེ།   “ཏག་ཏག་ཉིན་འགའི་སྔོན་ལ་ད་དུང་རླབས་ཆེ་བའི་རུ་སེལ(Bertrand Russel,1872-1970)2ལགས་ངའི་མོ་ཊར་བསྡད་མྱོང་།    ཁོ་གཞུག་སྟེགས་སུ་བསྡད་རྗེས།    ངས་ཁོ་ལ‘པེར་ཐྲན་དི(Bertrand)།  འཇིག་རྟེན་ཁམས་ཀྱི་ཆོས་ཐམས་ཅད་ལ་སྙིང་པོ་ཅི་ཞིག་ཡོད་དམ’ཞེས་དྲིས་པ་ཡིན།     ཁྱོད་ཀྱིས་མཁྱེན་ནམ།    ཁོས་ང་ལ་ལན་ཚིག་གཅིག་ཀྱང་གདབ་ཐུབ་མ་སོང”
   གཏམ་རྒྱུད་ཐུང་ངུ་འདིས་གླ་གཏོང་མོ་ཊའི་ཁ་ལོ་པའི་ཁྱད་ཆོས་ཤིག་མངོན་པར་མཚོན་འདུག     གླ་གཏོང་མོ་ཊར་སྡོད་པའི་དུས་ཡུན་ཐུང་ངུ་ཞིག་གི་ཡུན་དུ་པེར་ཐྲན་དི་རུ་སེལ་མཆོག་ལ་ཁོའི་མཚན་ཉིད་རིག་པའི་གཞུང་ལ་སྤྱི་སྡོམ་ཞིག་ཁོད་ཅེ་ན།    ཁོང་དཀའ་ལས་ལ་གཏད་པ་རེད་མོད།     ཁོས་ཀྱང་མ་གཞི་སྤྱི་སྡོམ་གྱི་ཚུལ་གྱི་ཚིག་ཁ་ཤས་ཤིག་ཅིས་ཀྱང་ལབ་ཆོག་ཆོག་ཡོད།
   ཇོར་ཇེ་སི་ཐེ་ནེར་ནི་ཏག་ཏག་རུ་སེལ་ལྟ་བུ་ཕ་རོལ་པོ་ལ་དྲིང་བ་མི་འཇོག་པའི་སྤྱི་པའི་ཡོན་ཏན་པ་ཞིག་ཡིན།     ཁོང་ཕ་རི་སི་རུ་ཕ་ཡུལ་ཝི་ཨེ་ན(Vienna)ནས་ཡིན་པའི་ཡ་ཧུ་ད་པའི་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་།  1940ལོར་འཇར་མན་གྱིས་ཧྥ་རན་སི་བཙན་གྱིས་མ་བཟུང་གོང་གི་ཟླ་གཅིག་ཙམ་གྱི་དུས་སུ།      ད་དུང་བྱིས་དུས་མ་འདའ་བའི་སི་ཐེན་ནེར་གྲོང་ཁྱེར་ཉིག་ཡོག་ཏུ་བསྐྱལ།      བྱིས་པའི་དུས་ནས་ཁོས་དབྱིན་སྐད་དང་།    ཧྥ་རན་སིའི་སྐད།   འཇར་མན་གྱི་སྐད་ཐོགས་པ་མེད་པར་ཤོད་ཐུབ་ཀྱི་ཡོད།    ལོ་ན་དྲུག་གི་སྐབས་སུ་ཁོས་པ་ལགས་ཀྱིས་ད་དུང་གནའ་བོའི་ཀེ་རི་སིའི་སྐད་ཀྱིས《ཨི་ལི་ཨད》 (Iliad)3བཀླགས་ཤིང་ཁྲིད།     ནུབ་རྒྱ་མཚོ་ཆེན་མོའི་ཕར་ཚུར་གཉིས་ཀ་བརྒལ་བའི་སི་ཐེན་ནེར་གྱིས།     རོལ་དབྱངས་དང་ཆོས་ལུགས།    མཚན་ཉིད་རིག་པ་དང་བཟོ་བསྐྲུན་རིག་པ་སོགས་རིག་པའི་ཡན་ལག་མང་པོ་ཞིག་ལ་སྦྱངས་ཤིང་ངེས་པ་བྱུང་ནས།     རྩོམ་པ་པོ་དང་སྒྲུང་གཏམ་པ།      སྐྱོན་བརྗོད་པ་སོགས་ཀྱི་ཐོབ་ཀྱང་བླངས་མཆིས་པས།     ཡོ་རོབ་ཀྱི་ལྟ་བ་འབྲི་བ་ལ་ཁོ་ལས་འཚམ་པའི་གང་ཟག་ཅིག་གང་དུ་བཙལ་ཡང་རྙེད་པར་མི་འགྱུར།

 

   ད་ལྟའི་མི་ཆོས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་ཡོན་ཏན་པ་ཆེན་མོ་ཇོར་ཇེ་སི་ཐེན་ནེར(1929ལོའི་ཟླ4པའི་ཚེས23ཉིན—)།  གསུང་རྩོམ་ལ《སྐད་ཆ་དང་ངག་མི་སྨྲ་བ》དང《སྐྱོ་གར་ཤི་བ》《པ་པེལ་མཆོད་རྟེན་གྱི་རྗེས་སུ》4ལ་སོགས་གྲགས་ཆེ།
 
   ལྟ་བའི་བྱུང་བ་བརྗོད་པའི་དེབ་ཆུང་ངུ་འདི་འཆད་ཁྲིད་ཅིག་ལས་མགོ་བརྩམས་པར་འདུག      དེའང་ཁྱེད་ཀྱིས་མཁྱེན་པ་ནང་བཞིན་རིག་པའི་གནས་དང་ཡན་ལག་ཀུན་ལ་ཁྱབ་ཅིང་བློ་གྲོས་ཀྱི་རྩལ་གྱིས་ཐོན་པ་ཞིག་འདུག་པ་སྟེ།  སི་ཐེན་ནེར་གྱི་འཇུག་ཡུལ་གང་དེ་ཕུ་རོ་ཐི་ནོ(Plotinus,205-270)5དང་མོན་ཐེན(Montaigne,1533-1592)6།    ཡི་ར་མོ་སི(Desiderius Erasmus,1466-1536ཙམ)7།       སི་པིན་ནོ་ཟ(Spinoza,1632-1677)8ནས་ཧེ་དེ་གེར(Martin Heidegger,1889-1976)9སོགས་ཡོ་རོབ་ཀྱི་ལྟ་བའི་ལོ་རྒྱུས་ཀྱི་དུས་རིང་མོ་ཞིག་བརྒལ་ཡོད།     ལན་རེར་ཁོང་གིས་ད་དུང་ཁོའི་ཀློག་པ་པོ་དག་ཁོ་དང་ཤེས་བྱའི་ཚད་མཉམ་པའི་ཡོན་ཏན་པ་ཞིག་ཏུ་མཐོང་ནས།     ལུང་མང་པོ་རུ་འཇར་མན་སྐད་ཀྱི་མ་ཡིག་དྲངས་ཡོད་པ་རེད།     དེས་ཀྱང་རྩོམ་གྱི་ཉམས་ཡག་པོ་ཞིག་ཐོན་ཡོད་པ་སྟེ་དཔེར་ན།
   “ཧྥ་རན་སིའི་གྲོང་བརྡལ་ཆུང་ངུ་ཞིག་ཏུ།    རྫི་གླུ་དང་སོ་ནམ་པའི་སྙན་ཚིག་ལ་ཤིན་ཏུ་མཁས་པའི་སྙན་ངག་པ་ལ་མར་ཏིན(Lamartine,1790-1869)10ལ་རྗེས་དྲན་ཞུ་བའི་བྱང་བུ་ཞིག་ཡོད་པ་དེའི་སྲང་གི་ཁ་གཏད་དུ།    1944ལོར་བྱུང་བའི་ལོ་རྒྱུས་ཀྱི་ནག་ཉེས་ལ་དྲན་བྱང་བཟོས་ཏེ།  རང་ས་བརྟན་པོར་བསྲུངས་པའི་དམག་མི་དག་ལ་མནར་གཅོད་བཏང་ནས་བསད་པའི་ཚུལ་བྲིས་ཡོད།     ཡོ་རོབ་གླིང་ནི་ཡུལ་འདི་ལྟ་བུ་ཞིག་སྟེ།    ཀོ་ཐེ(Goethe,1749-1832)11ཡི་མེ་ཏོག་ལྡུམ་རྭ་ཉིད་ནི་པུག་ཧེན་ཝལ་དི་བཙོན་རྭ་ཆེན་མོ(Buchenwald)12དང་ཁྱིམ་མཚེས་ཀྱི་ཚུལ་དུ་གནས་ཤིང་།    ཁོར་ནེ་ལེ(Corneille,1606-1684)13ཡི་ཁང་པ་དེ་དཔའ་མོ་རན་དར་ཁེ(Jeaned’Arc,1412-1431)14གདུག་རྩུབ་ཀྱིས་བསད་པའི་ཐང་ཆེན་དང་ཉེ་བར་གནས་ཡོད།”
   དེབ་དེའི་ནང་དུ་གཞན་དཔྱད་རྩོམ་གྱི་རང་བཞིན་ཅན་གྱི་དཔྱད་པ་ཐུང་ངུ་སྙིང་ཉེ་བ་རེའང་ཡོད་པ།     དཔེར་ན་ཁོ་ཧྥེ་ཁང་གི་རིག་གནས་ཀྱི་ངོ་བོ་དང་།  ཡ་ཧུ་ད་པ་དང་གནའ་བོའི་ཀེ་རི་སིའི་རིག་གནས་ཀྱི་འགྲོ་འོང་གིས་ཡོ་རོབ་ཀྱི་ཤེས་རིག་ཇི་ལྟར་བསྐྲུན་པའི་ཚུལ་དང་།     ཡོ་རོབ་ཀྱི་ལོ་རྒྱུས་ཀྱི་ཁུར་པོ་ཆེན་མོ(“ཡོ་རོབ་ཀྱི་གླིང་དུ།    ཐ་ན་བྱིས་པ་ཞིག་གིས་ཀྱང་ལོ་རྒྱུས་ཀྱི་ཁུར་པོ་ཆེན་མོ་ཞིག་ཕྲག་ཏུ་མི་ལེན་ཀ་མེད་ཡིན།  དེ་ནི་དཔེ་ཆ་མང་པོས་བཀང་བའི་དཔེ་ཁུག་ལྗིད་མོ་ཞིག་གིས་ཁོ་སྒུར་དུ་བཅུག་པ་ནང་བཞིན་ནོ།།”) ལ་སོགས་པ་ལྟ་བུའོ།།
   ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་པའི་ཡ་ཧུ་ད་པ་ལ་རྒོལ་བའི་ལྟ་བ་དེའང་སི་ཐེ་ནེར་གྱི་གླེང་གཞི་ཞིག་ཏུ་གྱུར་ཡོད།  “འཛེམ་བག་ཅི་ཡང་མེད་པར་རྡོ་སོལ་གྱི་ལྕགས་ཐབ་བཀོལ་རྐྱང་བྱེད་པའི་ལོ་རྒྱུས་རིང་མོ་ཞིག་གི་སྔུན་དུ།      འུ་ཅག་ཡོ་རོབ་གླིང་གི་ནམ་མཁའི་སྐར་མ་མང་པོའི་ཁ་དོག་སྔར་བཞིན་སེར་པོ་ཡིན།”  སྐབས་འདིར་འུ་ཅག་ནི་ཨེ་ལི་ཐི་ལགས་གླ་གཏོང་མོ་ཊའི་ཁ་ལོ་པར་འཕྲད་པ་ནང་བཞིན་ཅི་ཡིན་འདི་ཡིན་ཆ་མི་འཚལ་བར་གྱུར་འགྲོ་ངེས།    (དོན་ལ“སྐར་མ་སེར་པོ”ཞེས་པ་ནི་ན་ཚི(Nazi)ཡི་དབང་བསྒྱུར་འོག་ཏུ་ཡོ་རོབ་ཀྱི་རྒྱལ་ཁབ་དག་ཏུ་ཡ་ཧུ་ད་པ་ལ་བཙན་གྱིས”ཡ་ཧུ་ད་པའི་སྐར་མ”ཞེས་པའི་རྟགས་སེར་པོ་ཞིག་འགོད་པ་དང་།    “རྡོ་སོལ་གྱི་ལྕགས་ཐབ”ཅེས་པ་ནི་ན་ཚི་དག་གིས་དམར་གསོད་བཏང་བའི་ཡ་ཧུ་ད་པ་དག་གི་རོ་སྲེག་སའི་ཁང་པར་གོའོ།།)
   སི་ཐེ་ནེར་གྱིས་རང་བཞིན་གྱིས་སྣང་བ་མི་བྱེད་པར།     སྒྱུ་རྩལ་ཞེས་པར་ཅི་སྟེ་དམིགས་ཡུལ་ཅུང་ཙམ་ཡང་མེད་པ་མིན་ཚེ།     མངོན་སུམ་དུ་སྤྱོད་པར་བྱ་བའི་ཡུལ་ཅི་ཡང་ཡོད་པར་མི་རིགས་ཤེས་འདོད་ཀྱི་ཡོད།    ཤེས་བྱ་ཡི་སླད་དུ་ཤེས་བྱ་འཐོབ་པར་བྱ་བ་དང་།     མཛེས་པའི་ཆེད་དུ་མཛེས་པ་རྩོམ་པར་བྱ་བའི་མངོན་མཐོའི་རིག་གནས་དེ་དག་གིས།     ང་ཚོ་འགྲོ་བ་མི་ཞེས་པ་དོན་དང་ལྡན་པར་བྱས་པ་ཡིན་ཞེས་འདོད།     ཁོས་བཤད་པའང་བདེན་ཏེ།     ཨི་ཏ་ལིའི་རྩོམ་པ་པོ་ཕུ་ལི་ཨོ་ལེ་ཝི(Primo Levi,1919-1987)15ཡིས་ཏན་ཐེ(Dante Alighieri,1265-1321)16ཡི་སྙན་ངག་བློ་ལ་བསྐྱོར་བར་བརྟེན་ནས་ཨོ་སི་ཝི་ཚི་བཙོན་རྭ་ཆེན་མོ(Auschwitz-Birkenzu)17རུ་གསོན་དུ་རེ་བའི་བློ་སྤོབས་རྒྱས་པར་བྱས་པ་དང་།     ཕོ་ལན་གྱི་སྙན་ངག་པ་ཨ་ལེག་ཟན་དེར་ཝ་ཐི(Aleksander Wat,1900-1967)18ལགས་ཀྱིས་པ་ཧེ(Bach,1685-1750)19མཆོག་གི་དཔྱིད་ཀྱི་བསིལ་རླུང་ལྟ་བུའི《མ་ཐེ་ཡི་སྡུག་སྦྱངས་རོལ་མོ》 (Matthaus Passion)20ཡི་ཚན་པ་ཞིག་ལ་གསན་པར་བརྟེན་ནས་སི་ཐ་ལིན(Stalin,1878-1953)21གྱི་ལུ་པེ་ཡན་ཁ་བཙོན་ཁང(Lubyanka Prison)22ལས་བཟོད་པའི་དམ་བཅའ་རྙེད།
   སི་ཐེ་ནེར་གྱིས་རྣམ་པར་དག་ཅིང་སྤྱོད་སྒོ་བྲལ་བའི་ལས་གསུམ་གྱིས་འགྲོ་བ་མི་དག་མངོན་པར་མཐོ་ཞིང་ངེས་པར་ལེགས་པ་ཞིག་ཏུ་བྱས་ཡོད་དེ།  དེ་དག་ནི་རོལ་མོ་དང་།     གྲངས་རིག་པ་དང་།     སྒོམ་གནང་བ(ཁོང་གིས་སྙན་ངག་དེའི་གྲས་སུ་བགྲང་ཡོད)བཅས་སོ།   །ལས་འདི་གསུམ་པོ་ཡོ་རོབ་ཀྱི་གླིང་དུ་དར་བའི་རྩེར་སོན་ཡོད།     དོན་ལ་དེ་གསུམ་གྱིས་ཕན་ཚུན་བརྟེན་ཞིང་ཕན་ཚུན་འགོག་པར་བྱེད་པ་ཞིག་ཀྱང་ཡིན་ཏེ།      ལེ་པུ་ཉི་ཚི(Leibniz)23ཡིས“འཇིག་རྟེན་བྱེད་པོ(God)ཡིས་རང་ལ་གཞས་གཏོང་དུས།     ཁོས་བཏང་བ་ནི་གྲངས་རིག་པ་ཡིན་ནོ”ཞེས་པ་ནང་བཞིན་ནོ། །
   དེབ་ཆུང་ངུ་འདི་རུ་རྩོམ་པ་པོའི་ཆབ་སྲིད་ཀྱི་ལྟ་བ་བཙལ་དུ་མེད།    དཔེར་ན་སི་ཐེ་ནེར་གྱིས་ཁོ་ཧྥེ་ཁང་གཞི་བྱས་པའི་ཡོ་རོབ་ཀྱི་ཤེས་རིག་གླེང་ཡོད་མོད།  དེ་རུ་དབྱིན་ཇི་དང་ཨེར་ལན་གཉིས་འདུས་མེད།     ཡིན་ནའང་དེ་ལྟར་མཛད་ཚེ་སྐྱོན་མེད་པའང་མ་ཡིན། (སི་ཐེ་ནེར་གྱིས་ཁ་ནས་དེ་ལྟར་བཤད་མི་སྲིད།    ཁོས་འཇིག་རྟེན་ནམ་ཕལ་པའི་ལམ་ནས་ཆོས་སམ་མངོན་མཐོ་ལ་ལྟ་བ་ཡིན།  ཨ་རི་སི་ཏོ་ཏལ(Aristotel,སྤྱི་ལོ་སྔོན་གྱི384-སྔོན་གྱི322)24གྱི་ལུགས་ཀྱིས་ཕུ་ལ་ཐོ(Plato,སྤྱི་ལོ་སྔོན་གྱི427-སྔོན་གྱི347)25ལ་དྲེག་པ་བསྒོ་བ་ཡིན་ནོ་ལོ་ཞིག་ལབ་ངེས།
   མི་སེམས་ལ་སྤོབས་པ་སྦྱིན་པར་བྱེད་པའི་གསུང་དེའི་མཇུག་ཏུ།     སི་ཐེ་ནེར་གྱིས་ལམ་ཆེས་ཆེར་སྤྱིར་བཏང་བ་ཞིག་གིས་མཇུག་བསྡུས་ཡོད།     ཁོས་བདག་ཅག་གིས་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཤེས་བྱའི་གནས་དག་ལ་སྦྱངས་པ་ལས།      རྒྱུ་ནོར་དང་བདག་འཛིན་གྱི་དངོས་པོའི་འཇིག་རྟེན་ཆུང་ངུ་རང་ཤོང་སྤྱིལ་བུ་འདྲ་བ་རུ་བྱིངས་པར་མི་འོས་ཞེས་ནན་གྱིས་བསྟན།    འདི་ཡག་ནི་ཤག་ཤག་མོད།     གནའ་བོའི་དུས་ནས་མི་རབས་རེ་རེའི་ཡོན་ཏན་པ་དག་གིས་ལྟ་བ་འདི་ལབ་མྱོང་བ་མ་རེད་དམ།     མཇུག་ཏུ་སི་ཐེ་ནེར་གྱིས་མངོན་སུམ་ལ་དམིགས་པའི་བསམ་ཚུལ་ཞིག་བཏོན་ཡོད་དེ།      དེ་ནི་ཡོན་ཏན་པ་དག་ནུབ་རྒྱ་མཚོ་ཆེན་མོའི་ཚུ་རོལ་ནས་ཕ་རོལ་ལ་འགྲོ་བ་འགོག་པའི་ཕྱིར་ཁོ་ཚོའི་ཟླ་ཕོགས་མཐོ་རུ་གཏོང་དགོས་ཞེས་པའོ། །
   ངས་བསམས་ན་གནད་འདིས་ང་ཚོ་ལ་སློབ་སྟོན་ཡག་པོ་ཞིག་གནང་ཡོད་པ་ནི།      རིག་པ་ཤིན་ཏུ་བཀྲ་ཞིང་བློ་གྲོས་རྒྱས་པའི་སྐྱེ་བོ་དག་ཀྱང་།    ཤེས་བྱའི་གནས་ཇི་སྙེད་པ་ཐམས་ཅད་དུ་བློ་གྲོས་རྒྱས་ཤིང་རིག་པ་བཀྲ་བ་ཞིག་མ་ཡིན་པ་རང་ཅག་ལ་བསླབ་ཡོད་པ་དེ་རེད་སྙམ།     སི་ཐེ་ནེར་གྱིས་ལྟ་བའི་གནད་ཀྱི་དམ་པ་ནི་འདི་ལྟ་སྟེ།     དེ་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་དེ་རེད།    འཇིག་རྟེན་ཁམས་ཀྱི་ཆོས་ཐམས་ཅད་ལ་སྙིང་པོ་ཅི་ཞིག་ཡོད་མེད་ཁོས་ཀྱང་ལན་ཁོ་ཐག་ཆོད་པ་ཞིག་གདབ་པར་མི་ནུས་སོ། །

འགྱུར་མཆན།
1 དབྱིན་ཇིའི་སྙན་ངག་པ་ཆེན་མོ།    སྙན་ངག་ཆེན་མོ《མྱ་ངམ་ཐང》དང《བཞི་སྦྲགས་རོལ་མོ་བཞི》སོགས་ཡོད།    1948ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ།
2 དབྱིན་ཇིའི་མཚན་ཉིད་རིག་པ་བ་དང་གྲངས་རིག་པ་བ།  གཏན་ཚིགས་རིག་པ་བ།  ལོ་རྒྱུས་པ་སོགས་མཁས་པ་ཆེན་མོ་ཞིག་ཡིན།  1950ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ།  གསུང་རྩོམ་ལ《བདེ་བ་འདོད་པའི་ལམ》དང《ནུབ་ཕྱོགས་མཚན་ཉིད་རིག་པའི་བྱུང་བ་བརྗོད་པ》།  《ཆོས་རྣམ་འབྱེད》སོགས་ཡོད།
 3 སྙན་ངག་པ་ལོང་བ་ཧོ་མེར(Homer)གྱིས་མཛད་པར་གྲགས་པའི་སྙན་ངག་ཆེན་པོ་ཞིག་སྟེ།    ཕྲེང་བ15693དང་།     ལེའུ24ཡི་བདག་ཉིད་ཅན་ཞིག་གོ །
4  ཡེ་ཤུའི་ཆོས་ཀྱི་དམ་པའི་གསུང་རབ་ཏུ་སྔོན་མི་དག་གིས་ལྷ་ལ་འབྲེལ་བ་བགྱི་བའི་ཐབས་སུ་མཆོད་རྟེན་ཞིག་བཟོས་པ།    འཇིག་རྟེན་བྱེད་པོས་དེ་འགོག་པའི་ཕྱིར་མི་རྣམས་ལ་སྐད་རིགས་འདྲ་མིན་སྣ་ཚོགས་ཤེས་སུ་བཅུག་སྟེ་ཕན་ཚུན་ལ་འབྲེལ་བ་བགྱི་མི་ཐུབ་པར་བཟོས་པར་གྲགས་པའི་མཆོད་རྟེན་དེའོ། །
5 རོ་མའི་བཙན་རྒྱལ་ཆེན་མོའི་སྐབས་ཀྱི་མཚན་ཉིད་རིག་པ་བ་ཆེན་མོ།
6 དུས་རབས་བཅུ་དྲུག་པའི་སྐབས་ཀྱི་མི་ཆོས་རིང་ལུགས་པ་སྨྲ་བ་པོ་ཞིག
7 དུས་རབས་བཅུ་དྲུག་པའི་ཡོ་རོབ་ཀྱི་མི་ཆོས་རིང་ལུགས་སྨྲ་བའི་གྲས་ཀྱི་གཅིག
8 ནུབ་ཕྱོགས་མཚན་ཉིད་རིག་པ་ལས་རིགས་པ་སྨྲ་བ་གྲུབ་མཐའ་འཛིན་པ་ཞིག
9 འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་པོ།   ཡོད་པའམ་གནས་པ་སྨྲ་བའི་ཤིང་རྟ་པ།
10 ཧྥ་རན་སིའི་དུས་རབས་བཅུ་དགུ་པའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཐོག་མ།
11 འཇར་མན་གྱི་རྩོམ་པ་པོ་ཆེན་པོ།  སྙན་ངག་ཆེན་པོ《ཧྥོ་སི་ཐི》(Faust)སོགས་བརྩམས་ཡོད།
12 ན་ཚི་ཡིས་སྤྱི་ལོ1937ལོར་བཟོས་པའི་བཙོན་རྭ་ཆེན་མོ་ཞིག་སྟེ།   མི་འབུམ་ལྔ་དང་ཁྲི་དྲུག་ལྷག་བཙོན་དང་མནར་གཅོད་ལས་འདས།   དེའི་ནང་ཡ་ཧུ་ད་པ་མི་འབུམ་གཅིག་དང་ཁྲི་གཅིག་ལྷག་ཡོད།
13 ཧྥ་རན་སིའི་གནའ་བོའི་ལུགས་ཀྱི་ཟློས་གར་རྩོམ་པ་པོ་གྲགས་ཅན་ཞིག
14 ཧྥ་དབྱིན་ལོ་བརྒྱའི་གཡུལ་འགྱེད་ཁྲོད་ཀྱི་དམག་དོན་པ།    ཧྥ་རན་སིའི་དཔའ་མོ།     ལོ་བཅུ་དགུའི་སྟེང་དབྱིན་ཇི་པས་གསོན་སྲེག་བྱས།
15 ཨི་ཏ་ལིའི་རྩོམ་པ་པོ་དང་རྫས་འགྱུར་པ།   འཇར་མན་གྱི་བཙོན་རྭ་ཆེན་མོ་རུ་ཟླ་བཅུ་གཅིག་ལྷག་ལ་སྡུག་མྱངས།  
16 ཨི་ཏ་ལིའི་སྙན་ངག་པ་ཆེན་པོ།    སྙན་ངག་ཆེན་མོ《ལྷ་ཡི་རོལ་མོ》ཞེས་པ་ཕྲེང་བ་ཆིག་ཁྲི་བཞི་སྟོང་ལྷག་གི་བདག་ཉིད་ཅན་བརྩམས་ཡོད།
17 ངན་མིང་བསྐལ་བརྒྱར་ཁྱབ་པའི་འཇར་མན་གྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་གདུག་རྩུབ་ཆེ་བའི་བཙོན་རྭ་ཆེན་མོ་ཞིག
18 ཕོ་ལན་གྱི་སྙན་ངག་པ།   《བདག་གི་དུས་རབས་ཏེ་ཕོ་ལན་གྱི་ཡོན་ཏན་པ་ཞིག་གིས་ཡུལ་གྱར་བའི་གཏམ》ཞེས་པ་སོགས་བརྩམས་ཡོད།
19 འཇར་མན་གྱི་དབྱངས་རྩོམ་མཁན་ཆེན་པོ།    ཡོ་རོབ་ནུབ་མའི་མི་རིགས་སོ་སོའི་རོལ་མོ་དག་གཅིག་ཏུ་བསྡེབས་ནས་དབྱངས་བརྩམས་པའི་ཤིང་རྟ་པ་སྟེ་ནུབ་ཕྱོགས་རོལ་མོའི་ཡབ་ཆེན་ཞེས་སུ་གྲགས།
20 དུས་རབས་བཅུ་དྲུག་པར་བརྩམས་པ།   ཚན་པ78གྱིས་གྲུབ་ཅིང་།   ཇེའུ་ཟ་མཆོག་སློབ་མས་གཡོ་ཡིས་བསླུས་ཏེ་བཟུང་ཞིང་རྒྱ་གྲམ་ལ་སྦྱར་བའི་ཚུལ་ཞིག་མངོན་པར་མཚོན་ཡོད།
21 སུའུ་ལེན་གྱི་གཙོ་འཛིན།    སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་ཅན་དང་ཞིང་ལས་ཐུན་མོང་ཅན་དུ་བཟོས་ནས་མུ་གེ་དར་བ་དང་།    རིགས་མི་མཐུན་པ་དང་།   གྲངས་ཉུང་མི་རིགས་སོགས་མི་འབུམ་ལ་ཉེ་བ་འཆི་ལམ་དུ་བརྫངས་པའི་མི་སྣ་ནག་ཉེས་ཅན་ཞིག
22  སུའུ་ལེན་གྱི་བཙོན་ཁང་གྲགས་ཅན་ཞིག
23  འཇར་མན་གྱི་གྲངས་རིག་པ་དང་མཚན་ཉིད་རིག་པ་བ།   དུས་རབས་བཅུ་བདུན་པའི་ཨ་རི་སི་ཏོ་ཏལ་ཞེས་སུ་གྲགས།
24 གནའ་བོའི་ཀེ་རི་སིའི་རིག་གནས་པའི་གནང་མང་མཁྱེན་པའི་མཁས་པའི་དབང་པོ་ཆེན་པོ།   ནུབ་ཕྱོགས་མཚན་ཉིད་རིག་པའི་ཤིང་རྟ་པ།    མཛེས་པའི་རིག་པ་དང་།   གཏན་ཚིགས་རིག་པ་དང་།    ཀུན་སྤྱོད་དང་།    སྲིད་ཀྱི་རིག་པ་དང་།    གཟུགས་འདས་རིག་པ་སོགས་སྐོར་ལ་གསུང་མང་དུ་མཛད།
25 གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་བ་ཆེན་མོ།   ཨ་རི་སི་ཏོ་ཏལ་གྱི་སློབ་དཔོན།   

(རྩོམ་འདིའི་མ་ཡིག་དབྱིན་ཇིའི《ཟུར་ལྟ་བ》 (The Spectator) དུས་དེབ་ཀྱི་དྲ་ཚིགས་སུ་སྤྱི་ལོ2015ལོའི་ཟླ4པའི་ཚེས18ཉིན་འཁོད་ཅིང་།    ཁ་བྱང་ལ《From Plotinus to Heidegger: a history of European thought in 48 pages》ཞེས་འཁོད།   འདིར་ཟླ་བས་རྒྱ་འགྱུར་མ་ལས་བོད་ཡིག་ཏུ་བསྒྱུར་ཅིང་མཆན་བཏབ།)(རྩོམ་འགན་པ། རྟ་མགྲིན)

 

 
འབྲེལ་ཡོད་རྩོམ་ཡིག