ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཁབ་ཁ་དང་ཁོའི་གསུང་འབུམ།

2015-05-06 ཟླ་བས་བསྒྱུར།
   《ཁབ་ཁའི་གསུང་འབུམ》རྒྱ་འགྱུར་མ་ཉེ་ཆར་ཀྲུང་དབྱང་སྒྲིག་བསྒྱུར་དཔེ་སྐྲུན་ཁང་ནས་པར་དུ་བཏབ་ཡོད་ཅིང་ཁྱོན་བསྡོམས་པོད་དགུ་མཆིས་པ།  ཙི་ནའི་མཁས་པ་དང་འཇར་མན་སྐད་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་ཡེ་ཐེན་ཧྥང(叶廷芳)མཆོག་གིས་དབུ་ཁྲིད་པའི་འཇར་མན་གྱི་སྐད་ལ་མཁས་པའི་སྒྲ་བསྒྱུར་ལོ་ཙཱ་བ་སྐོར་ཞིག་ལས་ཀར་ཞུགས་ཡོད་པར་མ་ཟད།  དེབ་དེ་རུ་ཕྱི་རྒྱལ་གྱི་དེབ་མང་པོ་ཞིག་ལས་ལོ་རྒྱུས་ཀྱི་དོན་སྙིང་ཆེ་བའི་པར392བཏུས་ཡོད་པས།  ཁབ་ཁའི་གསུང་གི་འགྱུར་སྔོན་མ་དག་ལས་ཁྱད་ཆོས་ཡན་གར་བ་ཞིག་མངོན་ཡོད།
   ཧྥོ་རན་ཙི་ཁབ་ཁ(Franz Kafka,1883—1924)སྟེ།  ནུབ་ཕྱོགས་དེང་རབས་རྩོམ་རིག་གི་ཡབ་ཆེན་ཏུ་འབོད་པའི་ཨོ་སི་ཐྲི་ཡ(Austria)འི་རྩོམ་པ་པོ་འདི་ཉིད།  འཇར་མན་དང་ཧྥ་རན་སིའི་དམག་འཁྲུག་མཚམས་བཞག་མ་ཐག་ཅིང་།  སྤྱི་ཚོགས་རིང་ལུགས་ཀྱི་ཡོ་ལང་རྒྱས་པ་དང་།  མ་རྩ་རིང་ལུགས་ཀྱི་རླུང་རྟ་ཉམས་ཏེ།  ཡོ་རོབ་ཕྱོགས་ཀྱི་མི་རྣམས་སྐྱབས་མེད་མགོན་བྲལ་གྱི་ངང་ཚུལ་དུ་ལུས་པའི་སྐབས་ཀྱི།  སྤྱི་ལོ1883ལོའི་ཟླ7པའི་ཚེས3ཉིན་ཡ་ཧུ་དཱ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས།  ཡི་མུག་རེ་ཆད་ཀྱི་འདུ་བྱེད་འདི་དག་ལོ་ངོ་སུམ་ཅུའི་ཕྱིས་ཀྱི་མངོན་མཚོན་རིང་ལུགས(Expressionsism)ལས་ཡོངས་སུ་བསྟན་ཡོད།  ཁབ་ཁ་སྐུ་འཁྲུངས་སའི་པུ་ར་གེ(Prague)ནི་ཡོ་རོབ་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན།  སྐབས་དེར་མི་གྲངས་འབུམ་བརྒྱད་ལྷག་ཡོད་པ་ལྔ་ཆའི་གཅིག་གིས་འཇར་མན་གྱི་སྐད་ཤོད་ཀྱི་ཡོད།  འདི་ལ་ཁང་པའི་བཀོད་པ་བརྗིད་ཆེ་བ་ངོ་མཚར་བར་མ་ཟད།  རོལ་དབྱངས་ཀྱི་ལོ་རྒྱུས་རིང་ཞིང་།  རྩོམ་པ་པོ་ལའང་ཁབ་ཁ་ལས་གཞན་རིལ་ཁེ(Rainer Maria Rilke)ལ་སོགས་མང་དུ་མཆིས་ཤིང་།  ཐམས་ཅད་ཀྱིས་འཇར་མན་གྱི་ཡི་གེའི་ལམ་ནས་རྩོམ་འབྲི་བས།  ཕྱིས”པུ་ར་གེའི་རྩོམ་རིག”ཅེས་པའི་བརྡ་ཐ་སྙད་ཀྱང་བྱུང་།
   ཡ་ཧུ་དཱ་པའི་རིགས་རྒྱུད་འདི་ལ་ཁྱིམ་གཏན་ཆགས་ཤིག་མ་ཡོད་པར།  རབས་ནས་རབས་སུ་ཕ་རོལ་པོའི་མིག་ལོག་དང་ཁྱད་གསོད་མྱོང་གི་ཡོད་པ་དེས།  ཁབ་ཁ་ཆུང་ངུའི་དུས་ནས་སེམས་ལ་སྡུག་བསྔལ་གྱི་ཁ་དོག་བྱུགས་ཏེ།  གར་འགྲོ་གཏོལ་མེད་དང་།  གར་སོང་ཆ་མེད་ཀྱི་ངང་ཚུལ་གང་དེ་ཁོའི་སྒྲུང་གཏམ་དག་གི་སྲོག་ཏུ་གྱུར་ཡོད།  མ་ཟད་སྐྱེས་མའི་གྱོན་ཆས་འཚོང་ཁང་གི་ཚོང་བདག་སྟེ་ཁོའི་པ་ལགས་ནི།  ཁྱིམ་ཁྲིམས་བཙན་ཞིང་ཁོས་རྩོམ་འབྲི་བ་ལའང་དགའ་པོ་ཅི་ཡང་མེད་སྟབས།  དབང་ཆ་ལྗིད་པོ་ཞིག་གི་འོག་ཏུ་གནས་ཡོད་པ་ལྟ་བུའི་བརྗོད་བྱ་དེ་དག་ཁབ་ཁའི་རྩོམ་དུ་སླེབས་པ་རེད། ཁབ་ཁས་པུ་ར་གེའི་འཇར་མན་སྐད་ཀྱི་སློབ་ཆེན་དུ་ཁྲིམས་ལ་སྦྱངས་པ་མཛད་དེ།  1906ལོར་ཁྲིམས་ཀྱི་འབུམ་རམས་པའི་དམ་བཅའ་བཞག་རྗེས་ཀུང་སི་ཞིག་ཏུ་ལས་ཀ་གཉེར་ནའང་།  སེམས་ནི་རྩོམ་པ་ལ་ཀུན་ཏུ་ཕྱོགས་ནས་ལྗགས་རྩོམ་གནང་མཚམས་བཞག་མ་མྱོང་།  འཇར་མན་གྱི་རྩོམ་རིག་ལ་སྐྱོན་བརྗོད་གནང་མཁན་དང་རྩོམ་རིག་གི་ལོ་རྒྱུས་སྨྲ་བ་པོ་ཧན་སི་མེ་ཡེར(Hans Meyer)གྱིས།  ཁབ་ཁས་འཇར་མན་རྩོམ་རིག་གི་སྐད་ཆ་སྟེ།  མི་རྣམས་ལ་གོམས་པར་གྱུར་པའི་མནོ་བ་འགྲོ་སྟངས་དེ་ལ་འགྱུར་བ་བཏང་ཡོད་ཅེས་གདེང་འཇོག་གནང་ཡོད།  
   ཁབ་ཁའི་ལྟ་བ་ལ་ཤན་ཞུགས་མྱོང་བའི་མཁས་པ་གཙོ་བོ་ནི་འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་མོ་ནེའུ་ཆེ(Nietasche)དང་།  གཞི་གྲུབ་རིང་ལུགས་པའི་ཤིང་རྟ་པ་སྟེ་ཏན་མེག་གི་མཚན་ཉིད་རིག་པ་བ་ཁེར་ཁེ་གར་དི(Kierkegaard)གཉིས་ཡིན།   གཞན་ཆེ་ཕྱོགས་ནས་སྐབས་དེའི་ཨོ་ཧང་བཙན་རྒྱལ་ཆེན་མོ(Austria-Hungary Empire)ས་ད་དུང་དབང་ཆ་སྒེར་སྡོམ་རིང་ལུགས་ཀྱི་བྱ་བྱེད་སྐྱོང་བ་དང་།  ཡ་ཧུ་དཱ་པའི་མི་རིགས་ལ་གཞན་གྱི་ཁྱད་གསོད་གཏོང་བ།  སྤྱི་ཚོགས་ཀྱི་སྒང་ལ་ཁྲིམས་ནི་གཟུགས་ཙམ་ལས་དོན་གྱིས་དབེན་པ།  ཆུང་ཕྱོགས་ནས་པ་ལགས་ཀྱི་གཏུམ་དྲག་དང་བཙན་དབང་གིས་གཉོམ་ཆུང་ངུའི་སེམས་ལ་འཇིགས་པ་དང་ཞུམ་པའི་རྨ་ཁ་ཟབ་མོ་བཏབ་ཡོད་པ་བཅས་རྒྱུ་དང་རྐྱེན་དུ་གྱུར་ཏེ།  ཁབ་ཁས་འཇིག་རྟེན་འདི་ཆ་མེད་དང་ཅི་བྱ་གཏོལ་མེད།  ཡ་མ་བརླ།  ཁུངས་མེད་ལུང་བྲལ་ཞིག་ཏུ་མཐོང་གི་ཡོད།  ཁོ་སྔ་ཕྱིར་སྐྱེས་མ་ཞིག་དང་མཉམ་དུ་གཉེན་རྟགས་བརྒྱབ་ནའང་།  ལན་གཉིས་ཀར་རྒྱུ་མཚན་གཅིག་རྐྱེན་དུ་བྱས་ནས་གཉེན་མ་བསྒྲིགས་པར་མི་ཚེ་ཐུང་ངུ་དེ་ལྟར་ལུས།  
   སྤྱི་ལོ1912ལོར་ཁོས《བོར་ཟིན་པའི་མི》(མིང་གཞན་ལ《ཨ་མེ་རི་ཁ》)འབྲི་མགོ་བརྩམས་པ་དང་།  1914ལོར《གཏུག་བཤེར》བརྩམས་པ།   སྤྱི་ལོ1922ལོར《མཁར་རྫོང》རྩོམ་མགོ་ཚུགས་པ་བཅས།  ལོ་བཅུ་ལྷག་གི་རིང་ལ་ཁོས་སྒྲུང་གཏམ་གྲགས་ཅན་གསུམ་པོ་བརྩམས་ཡོད།  ཡིན་ནའང་སྒྲུང་གཏམ་དེ་དག་ལས་གཅིག་གི་མཇུག་ཀྱང་བསྡུ་ཐུབ་མེད།  གཅིག་བྱས་ན་ཁོའི་སྒྲུང་གཏམ་དེ་དག་ལ་མཇུག་མེད་པ་དང་ཚད་དང་བྲལ་བ།  ནར་མར་ལུས་པའི་རང་བཞིན་དེས།  འགྲོ་བ་མིའི་འཚོ་བ་དངོས་དང་།  མངོན་སུམ་གྱི་འཇིག་རྟེན་འདི་ལ་མཚམས་མེད་པ་དང་།  མཇུག་བསྡུ་རུ་བྲལ་བ།  ཡོངས་སུ་གཟུང་ཐབས་མེད་པ་ཞིག་ཏུ་ངེས་པ་མཚོན་ཐུབ་སྙམ།
   དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་པ་ནས་བཟུང་།   ཁབ་ཁའི་གསུང་རྩོམ་དག་རྒྱལ་མཚམས་ལས་བརྒལ་ཏེ།  སྔ་ཕྱིར་དབྱིན་ཇི་དང་ཧྥ་རན་སི།   ཨ་མེ་རི་ཁ་སོགས་སུ་དར་ཞིང་།  དེ་ནས་ཕྱིར་ཡོ་རོབ་ཏུ་ཁྱབ་པ་དང་།  ཆབས་ཅིག་ཏུ་ལ་ཏིང་ཨ་མེ་རི་ཁ་དང་།   ཨེ་ཤེ་ཡ།  ཨ་ཧྥེ་རི་ཁ་སོགས་ཡུལ་གྲུ་མང་པོར་དར་ནས།  རྒྱལ་ཁབ་མང་པོའི་སློབ་འབྲིང་གི་བསླབ་དེབ་ཏུ་བདམས་ཤིང་།  སློབ་ཆེན་གྱི་ཁྲིད་སྟེེགས་སུ་ཡང་ཡང་སླེབས་མྱོང་བ་དང་།  དེབ་དག་ཀྱང་སྐད་རིགས་མང་པོ་ལ་འགྱུར་ཏེ་ཡང་པར་བསྐྱར་པར་མང་དུ་བརྒྱབ་ཡོད།  ཁོང་གི་གསུང་རྩོམ་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུའང་ལོ་གཉིས་རེར་ཐེངས་རེ་དང་།  གསུང་ལ་དཔྱད་པ་བཏང་བའི་རྩོམ།  གནམ་བདག་ཆོས་ལུགས་ནས་མར་ཁེ་སི་རིང་ལུགས་འཛིན་མཁན་སོགས་མང་པོས།  སྤྱི་ཚོགས་རིག་པ་དང་ཆོས་ཀྱི་རིག་པ།   སེམས་ཀྱི་རིག་པ།  རྣམ་ཐར་རིག་པ།   གཞི་གྲུབ་སྨྲ་བའི་མཚན་ཉིད་རིག་པ།  སྣང་ཚུལ་གྱི་རིག་པ།  སྐད་བརྡ་རིག་པ་སོགས་ཐབས་དང་ལམ་རྣམ་པ་སྣ་ཚོགས་ནི་དེ་བས་ཀྱང་བགྲང་གིས་མི་ལངས།  
   ཁབ་ཁའི་སྒྲུང་གཏམ་དེ་དག་ཡུལ་དུས་ཀྱིས་ཇི་ལྟར་བསྐལ་ཡང་།  གསོན་སྟོབས་ལ་སྔར་བཞིན་ཉམས་པ་བྲལ་བའི་རྒྱུ་མཚན་གལ་ཆེན་ཞིག་ནི།   ལག་པས་མངོན་སུམ་དུ་རེག་པ་དང་མིག་གིས་དངོས་སུ་མཐོང་བ་ལྟ་བུའི་བདེན་པའི་རང་བཞིན་དེའོ། །འཚོ་བར་གཟིགས་པ་ཆེས་ཆེར་ཞིབ་ཅིང་།  མཐོང་སྟངས་ཁྱད་པར་བ་སྤྱད་ཡོད་པའི་ཁར།  རྩོམ་པ་པོའི་མྱོང་བ་དངོས་དང་མངོན་སུམ་གནད་དུ་བསྡུས་ནས་བྲིས་ཡོད་པའི་ཕྱིར་རོ། །ཁོའི་སྒྲུང་གཏམ་ཁ་ཤས་སུ་མངོན་པའི་གང་ཟག”K.”ཞེས་པའང་ཁོའི་རུས་མིང་ལས་དྲངས་ཡོང་བར་ངེས་ཤིང་།  ཚུལ་དེ་ཁོའི་སྔ་དུས་ཀྱི་སྒྲུང་གཏམ《ཁྲིམས་གཅོད་པ》དང《གཟུགས་འགྱུར་ཟིན་ཐོ》《ཐབ་གཉེར》《བོར་ཟིན་པའི་མི》《གཏུག་བཤེར》བཅས་དང་།  ཕྱིས་ཀྱི་སྒྲུང་གཏམ《མཁར་རྫོང》དང《ཟས་བཅད་སྒྱུ་རྩལ་པ》《ས་དོང》བཅས་དང་།   ཁོའི་སྒྲུང་གཏམ་མཐའ་མ《གླུ་མ་ཅོ་སེ་ཧྥེན།  ཡང་ན་ཙི་གུའི་མི་རིགས》བཅས་ལས་མཐོང་ཐུབ།  ཁབ་ཁའི་རྩོམ་གྲོགས་རྩོམ་པ་པོ་པུ་རོ་ཏེ(Max Brod)མཆོག་གིས་སྔ་ཕྱིར།  སྤྱི་ལོ1935ནས1936ལོའི་བར་དང་།  1949ནས1950ལོའི་བར་བཅས་ཐེངས་གཉིས་ལ་པོད་དྲུག་དང་པོད་དགུའི་བདག་ཉིད་ཅན་གྱི་ཁབ་ཁའི་གསུང་བཏུས་ཕྱོགས་གཅིག་ཏུ་བསྒྲིགས་ནས་པར་ལ་བཏབ་ཡོད།  རྒྱ་འགྱུར་མ་འདི་ནི་པུ་རོ་ཏེ་མཆོག་གི་པར་མ་དེ་གཞིར་བཟུང་ནས་རྒྱ་ཡིག་ལ་བསྒྱུར་ཅིང་བསྒྲིགས་པ་ལགས་སོ། །

《ཁབ་ཁའི་གསུང་འབུམ》གྱི་སྤྱིའི་དཀར་ཆག་གཤམ་ལྟར།

པོད་དང་པོ།  སྒྲུང་ཐུང་ཕྱོགས་བསྒྲིགས།
པོད་གཉིས་པ།  སྒྲུང་རིང《བོར་ཟིན་པའི་མི》《གཏུག་བཤེར》
པོད་གསུམ་པ།  སྒྲུང་རིང《མཁར་རྫོང》
པོད་བཞི་པ།  འབེལ་གཏམ་དང་ཁ་བརྡ་ཕྱོགས་བསྒྲིགས།
པོད་ལྔ་པ།  ཉིན་ཐོ(1910—1923)
པོད་དྲུག་པ།  འཕྲིན་ཡིག(1900—1921)
པོད་བདུན་པ།  འཕྲིན་ཡིག(1922—1924)
པོད་བརྒྱད་པ།  ཧྥེ་ལི་སི་ལ་སྤྲིངས་པའི་བརྩེ་འཕྲིན་ལས་ཁག་སྔ་མ།
པོད་དགུ་པ།   ཧྥེ་ལི་སི་ལ་སྤྲིངས་པའི་བརྩེ་འཕྲིན་ལས་ཁག་ཕྱི་མ།  མི་ལོན་ན་ལ་སྤྲིངས་པའི་བརྩེ་འཕྲིན།
 
མ་ཡིག་གི་དྲ་གནས།    http://www.thepaper.cn/newsDetail_forward_1325841
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག