ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ང་། ད་དུང་གསའ......

2016-02-02

                    1
སྐར་མདའ་ལྷུང་བའི་དུས་སུ།
བདག་གི་ལུས་ཕུང་། སྐད་ཅིག་མའི་རིང་ལ།
འོད་ཀྱིས་གསལ་ཐིང་ངེར་བཏང་། ངའི་ཤ་ལྤགས།
ཁ་བའི་མེ་ལྕེ་བཞིན་འབར།
བདག་གི་གྲིབ་གཟུགས། མདའ་མོ་བཞིན་འཁྱུག་ཙམ་བྱས།
དེ་ནི་དངུལ་མདོག་གི་ཉ་མོ་ཞིག་དང་མཚུངས་པར།
སྨག་རུམ་ཁྲོད་དུ་ཡལ།
བདག་ནི་གངས་རིའི་བུ་ཕྲུག་སྟེ།
ཁེར་རྐྱང་བསྲུངས་ནས། ཡུལ་དུས་ཡོད་ཚད་བརྒལ་ཅིང་།
བྲག་རིའི་སྲ་མཁྲེགས་ཀྱི་རྦ་རླབས་དབུས་སུ་སྦས།
ངས་གནས་འདི་སྟེ།
བླ་མེད་ཀྱི་ཡུལ་ཁོངས་འདི་བསྲུངས་ནས་བསྡད།
ཐེ་ཚོམ་སྐྱེས་དགོས་དོན་ཅི་ཡང་མེད། ཁྲག་རྒྱུད་གཙང་མ་འདི།
མེས་པོའི་རུས་མཛོད་ཀྱིས་བདེན་དཔང་བྱས་ཚར།
བདག་གི་སྐྱེས་རབས་ནི།
གངས་དཀར་གྱིས་ལོ་ངོ་སྟོང་ལ་སྦྲུམ་པའི་ངོ་མཚར་ཡིན།
བདག་གི་འཆི་བ་ནི།
གངས་དཀར་པོའི་སྐྱེ་འཆིར་བརྒྱུས་པའི་དུས་གཏན་གྱི་ལྷིང་འཇགས་ཡིན།
རྒྱུ་མཚན་བདག་གི་མིང་ཡིག་གི་ནང་དོན་ནི་འདི་ལྟ་སྟེ།
ང་སྨུག་པ་དང་སྤྲིན་པའི་ཆེས་ཟབ་སར་སྦས་ཡོད།
ང་ཚེ་སྲོག་གི་འདུ་ཤེས་ཁྲོད་ཀྱི་མཐའ་མཚམས་གཞན་ཞིག་ཏུ་བརྒྱུད་ཅིང་།
བདག་གི་མིག་ཟུང་གི་གཏིང་རུམ་དུ།
ཁ་དབུགས་འབྱིན་རྔུབ་ཀྱི་སྐར་འོད་འཕྲོ།
བདག་གི་བསམ་བློའི་མུ་ཏིག 
ཞོགས་པའི་ཆུ་ཐིགས་སུ་གྲུབ།
ང་ནི་གསུང་རབ་ཚར་གཅིག་མགོ་བརྩམས་མ་ཐག་གི
ཆ་ཤས་དེ་མིན།
བདག་གི་སྐད་སྒྲ་ནི།
རི་རབ་ཀྱིས་དུས་ཚོད་ཕམ་པར་བཏང་བའི་ཁུ་སིམ་ཡིན།
ང་ནི་སྐད་བརྡ་མཁའ་ངོགས་སུ་དཔྱངས་པའི།
ཡིག་འབྲུ་ལ་མི་གཏོགས།
ང་ནི་འོད་དཀར་ཡུགས་གཅིག་སྟེ།
ལམ་ལམ་འཕྲོ་བའི་གཉེར་རིས་ཤིག་བསྐྱུར་སོང་།
ང་ནི་ཁས་ལེན་ལ་བློ་སེམས་དཀར་བས།
ངོ་ལོག་ཐེབས་པའི་ཚིག་འབྲུས་གསར་རྩོམ་བྱ་མི་སྲིད།
ང་ནི་དུས་གཏན་དུ་སྟོང་བའི་སོ་མཚམས་སུ་གནས་ཤིང་།
ནམ་ཞིག་གངས་རི་འཇིགས་པར་གྱུར་ཀྱང་།
ང་ནི་དེ་དང་གྱེས་མི་སྲིད།
                     
                    2
ངའི་རི་སྒང་གི་གྲིབ་གཟུགས། མེ་ཏོག་ནག་པོ་འདྲ།
སྟོང་པ་དང་མངོན་སུམ་གཉིས།
མཚན་གྱི་བར་སྣང་དུ་ནུབ།
 
རང་དབང་གིས་མེས་པོའི་མངའ་ཁོངས་འཚོལ་བར།
ཐབས་ཤེས་གཅིག་ཁོ་ན་ལས་མེད་དེ།
དེ་ནི་རུས་ཁྲག་གིས་བརྒྱུད་པའི་གསང་གྲངས་ཡིན།
 
ཞོགས་པའི་དུས་ལ།
འདོད་ཧམ་གྱིས་ང་ལ་གཡབ་མོ་གཏོང་ཞིང་།
གསང་བ་ལྷིང་འཇགས་ཀྱི་གསེང་དུ་རྒྱུ།
 
ཏག་ཏག་དུས་སྐབས་འདི་ལ།
ངས་ད་གཟོད་བོར་སོང་བའི་དུས་རབས་དེ་ལ།
བསྐྱར་དུ་ཉམས་ཞིབ་བྱས།
 
 
                    3
སྐར་མདའ་ལྷུང་བར་བལྟས་ནས།
ལུས་པོ་འཇིག་རྟེན་གྱི་དབྱིངས་སུ་བཏེགས།
མིག་མདངས་སྔོན་པོ་དེ། ལྗིད་ཤོར་བའི་རྣམ་ཤེས་དང་འགྲོགས་ནས།
མཐའ་མེད་མཚམས་མེད་ཀྱི་ཕྱོགས་སུ་འཕགས།
ད་དུང་མགོ་བརྩམས་མེད་དེ།
གློག་ཞགས་བཞིན་ཕར་ལ་མ་མཆོང་གོང་།
ཤུགས་ཀྱིས་བརྟས་པའི་སྡེར་མོས།
སྔ་མོ་ནས་རྣོ་ལྕགས་ཀྱི་མཁའ་དབུགས་ལ་བརྡབས་ཚར།
སུས་ཀྱང་འདི་ལྟ་བུའི་གོ་རིམ་ཞིག་མཐོང་མི་སྲིད།
བདག་གི་དབུགས་རྒྱུན་དང་། ཕྱིར་དྲན། གསང་བའི་ཁ་དབུགས།
ཡོད་ཚད་སྔར་ནས་མྱ་ངམ་ཐང་འདིར་བསྟིམས།
འོན་ཀྱང་ང་རང་མི་འཚོལ་རོགས། གདོང་འབག་སྔར་ནས་བོར་ཚར།
 
                    4
སྐབས་འདིར། ང་ནི་གངས་ལྗོངས་ཕྱུག་མོ་འདི་ཡིན།
རླུང་ལྡང་བའི་ཁྲོད་དུ། ངའི་རུས་གོག་ལས་མཆེད་པའི་ཁྲོག་སྒྲ་ཐོས་ཐུབ།
གླག་རྒོད་ཅིག་མཁའ་ལ་ལྡིང་ཞིང་།
མཐོང་ཐབས་བྲལ་བའི་ཕ་རོལ་བོ་དང་འཛིང་རེས་བྱེད།
དེ་ནི་བདག་གི་གྲིབ་གཟུགས་ཡིན།
འོད་དང་སྨག་གི་མཚམས་སུ།
བྱ་ནི་སྐད་སྒྲ་མེད་པར་འབབ་མི་སྲིད།
རི་བོ་དང་གཙང་བོའི་འདྲེས་མདོ་དེ་ནི།
ངས་བསྐྱུར་བའི་བརྡ་དང་མཚན་མ་ཡིན།
གལ་ཏེ་འཕྱི་བ་ཞིག་སྲོག་བསྡོས་ཀྱིས་འབྲོ་ཞིང་།
དེའི་རྒྱབ་ཏུ་རྗེས་འདེད་མཁན་གཅིག་ཀྱང་དབེན་ཚེ།
དེ་ནི་བདག་གི་སེམས་ཚོར་ཏེ།
དེ་ལ་ཉེན་ཁའི་སྣང་བ་བྱིན།
ཁྱོད་ཀྱིས་དུས་སྐབས་འདི་ལྟ་བུ་ལ།
ང་ནི་གཏན་དུ་མཐོང་བར་མི་འགྱུར་ཏེ། 
ཁེངས་རློམ་དང་། གཡོ་ཟོལ་དང་། གསོད་རྨས་ཀྱིས་ཁེངས་པའི་སའི་གོ་ལའི་སྟེང་།
ང་ནི་དུས་གཏན་དུ་ཡུལ་གཞན་གང་ལའང་མི་གཏོགས།
                 
                    5
ངས་སྲོག་ཆགས་དང་སྐྱེ་དངོས་མཐའ་དག་གི
མིང་བརྗོད་མི་ཤེས།
ཡིན་ཀྱང་འདི་ནི་སྒོང་གཟུགས་ཀྱི་འཇིག་རྟེན་ཞིག་རེད།
ངའི་ཚེ་སྲོག་གི་རྒྱ་མ་ནི།
གཡས་སུ་གཟུར་ན་འགྲིག་གམ།
ཡང་ན་གཡོན་དུ་གཟུར་ན་འགྲིག་པ་མི་ཤེས།
ང་ནི་གསའ་ཞིག་ཡིན་ཏེ། 
ངས་ཚེ་སྲོག་འདི་དང་ཚེ་སྲོག་གཞན་བར་གྱི་འབྲེལ་བར་ལན་ལྡོན་དཀའ།
ཡིན་ཀྱང་། འཇིག་རྟེན་གྱི་གོ་རིམ་ནི་གློ་བུར་བའམ།
ཡང་ན་རྙོག་ཟིང་ལས་བྱུང་བ་མིན་པ་ང་ལ་ཡིད་ཆེས་བདོག
ང་རང་སྐྱེས་པ་ནས།
གནའ་བ་དང་ཝ་མོ། འཕྱི་བ།
དེ་དག་དང་འབྲེལ་བ་ཏོག་ཙམ་ཡོད་སྲིད།
ང་ཚོ་ནི་ལས་དབང་མ་ཡིན་ཏེ།
དཀྱོགས་མཚམས་ཀྱི་ལམ་མདོ་ཞིག་ཏུ།
དཔོག་པར་དཀའ་བའི་གབ་ཚིག་ཅིག་དང་ཅི་འདྲའི་མཚུངས།
ང་ཚོས་གནས་འདིར་ཡུན་རིང་འཚོས་ཤིང་།
སུ་ཡང་སུ་ཡི་འཚོ་གནས་དག་ལས་འབྲལ་བར་མི་ཕོད།
འོན་ཀྱང་ང་ཚོར་དངངས་སྐྲག་དང་ཞེད་སྣང་འབྱུང་སྲིད།
རྗེས་སྙེག་དང་གསར་སྐྱེས་ལ་ད་ནི་ཁྱད་པར་ཅི་ཡང་མེད……
 
                    6
བདག་གི་རྐང་རྗེས། གངས་ཐང་དུ་དཔར།
དེའི་གཟུགས་དབྱིབས་ནི་ལྷམ་མེར་བཞད་པའི།
མེ་ཏོག་ཚོམ་བུ་ཞིག་ལས་ཀྱང་ཡག་སྲིད།
ཡང་ན་དེ་ནི་སྟོང་ཉིད་ཀྱི་རྒྱུན་བསྲིངས་པ་ཙམ་ཡིན་ཀྱང་སྲིད་དེ།
རྒྱུ་མཚན་ནི་དེ་ཡིས་གསང་བ་བརྟོལ་མི་ཐུབ་ལ།
སུས་ཀྱང་མི་ཤེས་པའི་མཐའ་འབྲས་ལ།
ལུང་བསྟན་ཡང་སྩོལ་བར་མི་ནུས་ཏེ།
དོན་དུ་ཚེ་སྲོག་གི་ངོ་མཚར་ལས་གསལ་བོར་བསྟན་པ་ནི།
ཡུན་ཐུང་གི་གཞི་གྲུབ་དང་ཡུན་རིང་གི་འཆི་བ་ཡིས།
དེ་གཉིས་ཀྱི་གང་ཞིག་གལ་ཆེ་བ།
ང་ཚོར་བརྗོད་མི་ཐུབ།
འདི་ལྟ་བུའི་རྐང་རྗེས་ནི།
མོ་ལུང་འདེབས་མཁན་གྱིས་བསྐྱུར་བ་མིན་མོད།
འོན་ཀྱང་དེ་ནི་བརྡ་སྤྲོད་གཞན་ཞིག་སྟེ།
དེས་ཁུ་སིམ་གྱི་སྐད་སྒྲ་འབྱིན་པར་ནུས།
རླུང་ལྡང་བའི་དུས་སུ། ཡང་ན།
བློ་ཡུལ་ལས་འདས་པའི་ཁ་བ་ཆེན་པོ་ཞིག་ཡང་བསྐྱར་བབས་ཚེ།
རྐང་རྗེས་ཐར་ཐོར་དེ་དག
ད་གཟོད། ཡོངས་སུ་བསུབ་འགྲོ་ཨང……
 
                    7
ང་རང་མངོན་པའི་སྐད་ཅིག་མར།
ཁྱོད་ཀྱིས་ཤི་ཟིན་པའི་ཕྱིར་དྲན་ཁྲོད།
ཡང་ན་སད་ལ་ཉེ་བའི་རྨི་ལམ་དུ།
ང་རང་རབ་རིབ་མག་མོག་ཅིག་མཐོང་སྲིད་དེ།
དེ་ནི་ཉི་མའི་ལྡོག་འོད་དང་། འོད་ཟེར་གྱི་དངུལ་སྒོར་ཡིན།
དེ་ནི་བྲག་རིའི་སྟེང་གི་ཚབ་གྲངས་དང་། རླུང་ནང་གི་སྐྱེ་དངོས་ཡིན།
དེ་ནི་རྒྱ་སེའི་མེ་ཏོག་མཁའ་དབུགས་ཁྲོད་བཞུར་བའི་ཁ་དོག་ཡིན།
དེ་ནི་རྒྱ་སེ་སྟོང་མཉམ་དུ་བསྲེས་པའི་རྦབ་ཆུ་ཡིན།
དེ་ནི་འགུལ་མེད་ཀྱི་མྱུར་ཚད་དང་། གསེར་གྱི་གཞུ་དབྱིབས་ཡིན།
དེ་ནི་མཉེན་ལྕུག་གི་དུས་ཚོད་དང་། ཆ་ཤས་ཀྱི་སྟོབས་ཤུགས་ཡིན།
དེ་ནི་ཚདབརྒལ་གྱི་ཐིག་རིས་དང་། ནག་པོའི་ཁར་དཀར་པོ་བསྣན་པའི་ཐོབ་འབྲས་ཡིན།
དེ་ནི་འོད་ཀྱིས་མགར་བའི་ཚོ་དཔོན་དང་། གཡར་རོང་བརྒྱུད་པའི་གོར་ཐིག་ཡིན།
དེ་ནི་འཇིག་རྟེན་གྱིས་བོར་བའི་མདུང་རིང་དང་། འཕུར་སྐྱོད་ཁྲོད་ཀྱི་མདའ་མོ་ཡིན།
དེ་ནི་བྲོས་བྱོལ་དུ་འགྲོ་བའི་ཤེལ་ལྒང་ཞིག་ཡིན།
ཆུ་ཐིགས་ཕྱོགས་བཞིར་ཆོལ་ཞིང་། ཁ་དོག་རྣམ་པར་བཀྲ།
དེ་ནི་དཔའ་བོའི་སྐག་བཅིངས་སྟེང་གི་མི་སེམས་རྟོགས་པའི་གའུ་རེ་རེ་ཡིན།
དེ་ནི་གཤེགས་ཟིན་པའི་རྒྱལ་པོའི་ལ་ཐོད།
ཡང་བསྐྱར་ས་གཞིའི་མངལ་ཁོང་དུ་ཐེངས་ཤིག་གསོན་པ་ཡིན།
 
                    8
ཟླ་གཉིས་པ་ནི་ཚེ་སྲོག་གི་དུས་ཚིགས་ཡིན།
ངོ་ཚ་རིང་དུ་སྤངས། དེ་ནི་འབར་བཞིན་པའི་ཁ་བ།
ཞུ་བར་རྩོམ། 
རླུང་བུ་རྩུབ་པོས།  ལུང་འགག་གི་དུང་མོ་ཆེ་ལས།
བརྗེད་ཟིན་པའི་མིང་གིས་འབོད།  
ཚེ་སྲོག་གཞན་གང་ཞིག་འཁྲུངས་པའི་མཛད་སྒོ།
འདིར་རྙེད་ཅིང་འདི་རུ་ཡོངས་སུ་འགྲུབ།
འདི་ནི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི།
གསང་བའི་མིང་ཚིག་དང་སྙན་ངག་ཡིན།
དེས་སྐྱེ་འཕེལ་གྱི་ལྷ་ཆེན་གཅིག་པུར།
དབྱངས་སུ་གྱེར།
རྗེས་འབྲངས། ལྟེ་བྲལ་ནུས་ཤུགས། ལྗིད་ཤོར། གློག་འཁྱུག གཞུ་ཐིག 
འདོད་པའི་གཞུ་མོ། གས་ཆག་ཏུ་སོང་བའི་རྡོ་རྗེ་ཕ་ལམ།ཁ་ཕྲལ་དུ་གྱུར་པའི་མཁའ་དབུགས།
བསྐྱར་ཟློས་ཀྱི་མཆོང་ལྡིང་། དྲི་ཡི་ལྕེ་རྩེ། དང་ལེན་གྱི་སྲ་མཁྲེགས།
མཆོང་རྒྱུག་གི་དམིགས་འབེན། མགལ་རུས་ཀྱི་འགུལ་ཚད། ཆ་མི་མཉམ་པའི་འཕུར་སྐྱོད།
ཤིན་ཏུ་དལ་བའི་འོད་ཀྱི་མགྱོགས་ཚད། སོ་སོར་གྱེས་པའི་འགུལ་སྟངས། ལྗིད་ཁུར་སྟོང་པ།
སོ་འདེབས། སོ་འདེབས། ཁྲག་སྦུབས་ཀྱི་ལིན་གཏེར། མཆེ་བའི་གསོལ་འབུལ
དབུགས་རྔུབ་པའི་རྦ་རླབས། མགྱོགས་པོར་ཡར་འཕགས་པ། དྲག་བཙན་ཐོག་མ་དང་འདྲ། 
རྡུང་རྡེག་གི་ཞབས་བྲོ། འཆི་བའི་ཕྱོགས་སུ་ཁྲིད་པ། སྟོང་པ། སྟོང་པ།
འཆར་སྒོ། ས་ཡོམ་གྱི་འདར་གསིག  གསོལ་འབུལ། ས་གཞིའི་རྐོ་དོང་།
ཕྱི་ལ་ལུད་པ། སོ་སོར་གྱེས་པ། ཆུ་མིག ཆུ་མིག  ཆུ་མིག  
ཚེ་སྲོག་ཁྲོད་འགྲིལ་བའི་ཆད་སྣང་།  བས་མཐའི་འདར་གསིག  ཕྱིར་དྲན། 
འབྲུག་གྲགས་རྗེས་ཀྱི་ལྷིང་འཇགས་ཀྱིས། རི་ཚོགས་ཀྱི་བྲག་ཅར་བསྒུགས……
  
                    9
གཡང་གཟར་གྱི་ངོས་སུ་ཞབས་བྲོ་ལྡིང་།
སྤྱིན་ཤོག་ནག་པོ།
ཉིན་མཚན་གྱི་མཚོ་ཀློང་དུ་འཐིམ།
གོང་འོག་ལ་འབབ་པའི་གཏན་ཚིགས།
སྣང་སྟོང་བའི་བར་དུ་མཆོང་ཞིང་རྩེན།
རང་དབང་གི་རྒྱལ་ཁམས།
འདི་རུ་ང་ཚོ་རང་གིས་ད་གཟོད།
རང་གི་འཚོ་སྟངས་གདམ་ཆོག
ངའི་སུག་བཞི་གཟར་མོའི་ལ་ལ་འཛེགས།
སྡེར་མོས་བྲག་རིའི་སྦྲེང་གཞོང་མནན་པ་ན།
བྱ་སྒྲོ་བཞིན་དུ་ཡང་ཞིང་གཡོ།
ང་ནི་རི་ལ་གནས་པའི་མཉན་པ་ཡིན།
ངའི་སེམས་ཁོང་དུ་རེ་འདོད་ཀྱིས་ཀུན་ནས་ཁེངས།
ངས་ཕར་ལ་རྒོལ་དུས།
རླུང་བུ་ང་ལས་དལ།
འོན་ཀྱང་བདག་གི་གོ་ཁྲབ།
མཁའ་རླུང་ཁྲོད་དུ་སག་སག་གྲགས།
ང་ནི་རང་དགར་རྒྱུ་བའི་རྒྱལ་སྲས་ཏེ། 
གངས་རིའི་བུ་རྒྱུད་བཅུ་གཉིས་ཀྱི་སྤུན་མཆེད་ཡིན། 
དགུང་གནམ་ལ་ཤེད་ཀྱིས་མཆོངས་ནས་འགྲོ།
མར་གཤམ་ལ་ཤུགས་ཀྱིས་ལྡིང་ནས་འོང་།
དེ་ནི་ང་ལ་ཐིག་ལེ་ཅན་གྱི་རྔ་མ་ཡོད་པས་ཡིན། 
སྐྱེ་འཆིའི་སོ་མཚམས་སྙོམ་པོར་བཏང……
 
                    10
མདང་ནུབ་ཨ་མ་ལགས་རྨི་ལམ་དུ་འཁོར།
མོའི་མིང་ཟུང་ལ་སྐྱོ་སྣང་ཤར་ནས།
སྔར་བཞིན་གནས་དེར་བསྒུགས་འདུག 
 
ང་ཚོ་ནི་ཁེར་རྐྱང་གི་ལམ་འགྲོ་པ་ཡིན།
ལོ་གཉིས་ལ་སོན་པ་ནས།  སྲུང་སྐྱོབ་དང་རིང་དུ་བྲལ་དགོས།
གཅིག་པུས་རང་ཉིད་ཕ་ལས་ཀྱང་རྟུལ་བ་ར་སྤྲོད་བྱ་དགོས།
ངས་རང་གི་ཁྲག་རྒྱུད་བཟང་བོ་དང་།
ཚེ་རབས་སུ་བརྒྱུད་པའི།
ནམ་ཡང་སྦགས་པར་མི་རུང་བའི་གཟི་བརྗིད་དེ་བསྲུང་ངེས་ཏེ།
མཐའ་མཇུག་གི་ཁྲག་ཐིགས་གཅིག་པུ་བཞུར་ཚར་རག་བར་དུ།
 
ང་ཚོས་ངོ་ཚ་གདམ་པར་མི་བྱ་སྟེ།
འཐབ་རའི་ནང་དུ་ཡང་།
ངས་འཆི་ཁ་མར།
སྐད་ཆེན་པོས་མི་རྣམས་ལ་བརྗོད་སྲིད་པ་ནི།
ང་ནི་སུ་ཡི་བུ་ཕྲུག་ཡིན་ནམ།
ཕ་མེས་ཀྱི་མཚན་སྙན་ནི།
ཁ་བ་བཞིན་དྭངས་ཤིང་གཙང་།
མི་ཡུལ་དུ་སྐྱེས་ཉིན་ནས།
ངས་ང་དང་ངའི་སྤུན་མཆེད་རྣམས།
གངས་རི་རེ་རེའི།
རྟག་བརྟན་གྱི་སྲུང་མ་ཡིན་པ་ཤེས།
 
ང་ཚོས་བླ་མེད་ཀྱི་འགན་འཁྲི་བརྗེད་པར་མི་འགྱུར་ཏེ།
བདག་གི་རྨི་ལམ་དུ་ཡང་ཡང་འཁོར་བ་ནི།
མེས་པོ་མང་པོའི་ཞལ་རས་ཡིན།
ངའི་ཁ་ནས་རླུང་ལྟར་ཟློ་བ་ནི།
ཁྱིམ་རྒྱུད་རླབས་ཆེན་ཞིག་གི
གསེར་སེར་པོ་འདྲ་བའི་གདུང་རབས་ཡིན།
 
ང་ནི་རྟག་པར་འཆི་བར་བཅར་མོད། མ་འོངས་པ་ཡང་མིག་གིས་འཚོས་ཡོད།
                             
                    11
མི་ཁ་ཤས་ཀྱིས་ངས་སྲུང་ཞིང་སྐྱོང་བའི་ལྷ་རི་ལ།
གངས་སྐྱོན་དང་རིམས་ནད་དབེན་ཟེར།
ང་གཅིག་པུ་རི་རྩེར་འགྲེངས་དུས།
མིག་གི་མཐོང་ཚད་ནི།
དཀར་བོང་བོང་གི་འཇིག་རྟེན་ཡིན།
ཚེ་སྲོག་ཡོད་ཚད་དྭངས་གཙང་དང་ཞི་མཐུན་གྱི་འོད་ཀློང་དུ་ཁྲུས་ལ་རོལ།
རྒྱང་རིང་གི་གླག་རྒོད། 
ཐོག་མར་མཐོང་དུས། རྒྱང་རིང་གི་མཚམས་སུ།
ནག་ཐིག་ཅིག་དང་མཚུངས། འོན་ཀྱང་། ནམ་རྒྱུན་དང་འདྲ་བར།
མཐིང་མདོག་གི་དབུས་སུ། གར་སོང་ཆ་མེད་དུ་གྱུར།
རྒྱང་མི་རིང་བའི་མཚམས་སུ། འབྲོག་པའི་ཐབ་དུད་དལ་གྱིས་འཕྱུར།
དེ་ནི་མངོན་སུམ་ཞིག་ཡིན་པ་གཏན་ནས་མི་ཤེས།
ནོར་ནག  རི་གྲོག་གི་ཁུགས་སོར་ཁྱབ།
གནས་དེ་རུ། སྨུག་སྤྲིན་སྲབ་མོ་ཞིག  ཆུ་ཕྲན་གྱི་འཁྱག་རོམ་དཀར་པོའི་སྟེང་སོར་གཡོ། 
སྐབས་དེ་ལྟ་བུ་ལ།  རྣམ་ཤེས་དང་ཕུང་བོ་སོ་སོར་བྲལ།
བདག་གི་བསམ་གཞིག   བརྗེད་ངེས་ཀྱི་ཀློང་དུ་འཁྱམས།
སྐབས་འདིར། དག་ཞིང་ནས་མཆེད་པའི་སྐད་སྒྲ་ཡང་ཧ་ལམ་ཐོས་ཐུབ། 
འོན་ཀྱང་བདག་གི་ལྕེ་རྩེའི་ཐ་སྙད་ཀྱིས། བྱེད་ཐབས་གཞན་ཞིག་སྤྱད་དེ།
སྒོ་ཆེན་པོ་འདིའི་དྲུང་དུ། ས་གཞི་ཆེན་པོ་འདིའི་སྒང་གི
སྐྱེ་འགྲོ་ཡོངས་ལ་གསོལ་བ་འདེབས……
 
                    12
ང་ནི་གསུང་རབ་ཁྲོད་དུ་གསོན། བྲག་རིའི་གསེང་གི་སྦྲུལ་ཡིན།
ངའི་སྲོག་ནི་རྟ་ཕོ་བརྒྱ་ཡི་སྲོག་ཡིན། ནོར་ནག་སྟོང་གི་སྲོག་ཡིན།
ད་དུང་མི་ཁྲི་ཡི་སྲོག་ཡིན། 
ང་ནི་ཆོས་དཔེ་ཡི་ཤོག་ངོས་གང་རུང་ཞིག་ཏུ་ཡིབས་ཡོད།
སུ་ཡིས་ང་བསད་ཚེ། དེ་ནི་མཐོང་མི་ཐུབ་པའི། ང་ཁྲི་སྟོང་མང་པོ་བསད་པ་ཡིན།
བདག་གི་ཁྲག་ཤུལ་ཕ་བོང་སྟེང་དུ་བསྐྱུར་མི་སྲིད།  
རྒྱུ་མཚན་ནི་དེ་ལ་ཁ་དོག་དབེན།
འོན་ཀྱང་དེ་ཡང་ཉེས་པའི་དཔང་བོ་ཡིན།
ང་ལྐོག་ཏུ་ཡིབས་ཏེ། མཚན་མོའི་ཡོལ་བ་སིལ་བུར་བཤགས།
ཟིམ་ཟིན་པའི་མིག་ཟུང་ནི། རྡོ་བའི་ནང་སེམས་ཀྱི་གསང་བ་དང་འདྲ།
རྣམ་ཤེས་ཁེར་རྐྱང་དུ་ལུས་སར། ས་གཞིའི་སྙིང་འཕར་ཚོར་ཡང་སྲིད།
ཡིན་ཡང་བདག་ནི་ནམ་མཁའི་སྐར་ཚོགས་ལ་ཅེར་བར་མོས།
དུས་ཡུན་ག་འདྲ་འགོར་བ་མི་ཤེས་ཀྱང་། སྐར་ཚོགས་ཀྱི་མིག་ཆུ་གཏོང་རག་བར་དུ་ཅེར་ངེས།
    
                    13
མདེའུ་ཞིག་བདག་གི་མིང་ལ་དངུལ་དཀར་ཟེར་བའི།
སྤུན་ཟླ་གངས་གཟིག་གི་སྟེང་ལ་ཕོག
མདས་རྒྱག་མཁན་གྱི་མཛུབ་གུ  ནང་དུ་འཁྱོག་འདུག
རྭ་དུང་ལས་མཆེད་པའི་བྲག་ཅ་གཉོམ་པོ་ཞིག་གིས།
ཤི་ཟིན་པའི་གནས་ཚུལ་རི་ཀླུང་ཀུན་ཏུ་བསྒྲགས།
མདེའུ་དེ་ནི།
ང་ཚོའི་ཀེམ་ཀེམ་གཡོ་བའི་མིག་ཟུང་། ཡུན་ཐུང་གི་དྲན་ཤོར།
དེ་ནི་གློག་ཞགས་དམར་པོ་ཞིག་དང་མཚུངས་ཏེ།
འབར་བཞིན་པའི་དུས་ཚོད་དང་བར་ཐག་བརྟོལ་བ་མཐོང་སོང་མོད།
སྦས་པའམ་ཡིབས་ལོང་མི་འདུག
སྐྱ་རེངས་ཀྱིས་དབུགས་རྔུབ་པའི་མཚམས་བཞག་སོང་།
མདེའུ་དེ་རང་སྟེ།
དེ་འཕེན་མཁན་གྱི་མགོ་རུས་དང་། 
མགོ་རུས་དེར་ཟུངས་ཁྲག་སྦྱིན་པའི་སྙིང་དམར་པོ།
སྔར་ནས་ནག་ཉེས་ཀྱིས་དོམ་ལ་བཀུག  
མདེའུ་དེ་ནི། ཁྲག་ཐིགས་ཤིག་དང་འདྲ།
དེས་དམིགས་འབེན་བརྟོལ་བའི་སྐད་ཅིག་མ་དེར།
མདས་རྒྱག་མཁན་ཡང་མིག་མདུན་གྱི་རྣམ་པས་ཧང་སང་དུ་བཅུག
མདའ་ཁེལ་སའི་ཡུལ་དུ།
རི་ཚོགས་ཀྱི་ངུ་འབོད་ལས་རྨ་ཁའི་སྐད་སྒྲ་སྒྲོག
ཝ་དམར་པོའི་སྐྱོ་ངུ་དེ་ནས་བཟུང་མཚམས་བཞག་མ་མྱོང་།
བྲག་རིའི་ངོས་སུ་མིག་ཆུའི་རྦབ་ཆུ་བརྡོལ།
འཇག་སྐྱས་འཆི་བའི་གླིང་བུ་འབུད།
འཁྱག་དར་དུས་ལ་མ་བསླེབས་གོང་ཁྲོག་སེ་གད་སོང་།
མཁའ་དབྱིངས་སུ་དམྱལ་ཁམས་ཀྱི་ཁ་དོག་བབས།
སྐྲག་དངངས་ཀྱི་འབྲུག་སྒྲ་མུན་སྨག་གི་དབྱིངས་རིམ་དུ་འགྲེ་ལྡོག་རྒྱག
ང་ཚོའི་འཆི་ཐེངས་རེ་རེ་ནི་ཚེ་སྲོག་གི་ཞུ་གཏུག་ཡིན།
 
                    14
ཁྱོད་ཀྱིས་ང་བྲག་རྡོའི་སྟེང་དུ་བསྡད་དེ།
མཚམས་མེད་པར་ངུ་ཞིང་། རྒྱུ་མཚན་མེད་པར་ངུ་དོན་ཅི་ཡིན་ཟེར།
དོན་དུ་ངས་ནི་ཐ་སྙད་ཅིག་གི་རྒྱབ་ལོགས་ནས།
ཐ་སྙད་གཞན་ཞིག་གསལ་བར་བཏང་། ཏག་ཏག་དུས་འདིར།
དེ་ནི་མིག་ཆུས་ཁེངས་པའི་མུན་ནག་ཁྲོད་གཡེང་འདུག
ངས་བྲག་རིའི་གྲིབ་སོའི་འོག་ཏུ་ཤོར་བའི་མགོ་བོ།
སྨག་རུམ་གྱི་ཟབ་ས་ནས་བཀྱགས་ཏེ།
དོགས་འཚེར་གྱི་མིག་ཟུང་གིས།
ཉེན་ཁས་བསྐོར་བའི་འཇིག་རྟེན་ལ་བལྟས།
འཚོ་སྟངས་ཡོད་ཚད་ནི། མེས་པོའི་བརྒྱུད་སྤེལ་ལས་བྱུང་།
གནས་འདིར་གནའ་བོའི་ཉི་འོད་ཀྱིས། ང་ཚོར་དྲོད་ཁོལ་བསྩལ།
ལག་པ་བསྲིངས་པ་ཙམ་གྱིས། ཐུར་ལ་དཔྱངས་པའི་ཟླ་བར་རེག་ཐུབ།
དེ་ཡང་ཁོ་ཚོ་སྟེ། བྱམས་བརྩེ་དྲོན་མོས།
ང་ཚོར་སྐྱེ་འགྲོ་ཀུན་གྱི་སྨྲ་བརྗོད་ཤེས་སུ་བཅུག  
ང་ཚོས་རིམ་གྱིས་རྟོགས་པ་ནི།
འཇིག་རྟེན་འདིའི་གདོད་མ་ནས་ཡོད་པའི་རང་བྱུང་ལམ་སྲོལ།
མིའི་རིགས་ཀྱི་ཉིན་རེ་བཞིན་བསྒྱུར་བཅོས་བྱས།
རྣོ་ལྕགས་ཀྱི་སྐད་སྒྲ། ད་དུང་ཁང་བརྩེགས་མཐོན་པོའི་ལྡོག་གཟུགས།
འཇིག་རྟེན་འདིའི་ལྗང་མདོག་གི་ལོ་འདབས་སྟེང་།
ཁྲག་དམར་ཙ་ར་རའི་རྨ་ཁ་བསྐྱུར། ང་ཚོས་ད་དུང་མཐོང་ཐུབ་སྟེ།
སྐར་མ་རེ་རེའི་དུས་ཀྱི་བར་སྟོང་དུ།
སྲོག་ཆགས་དང་སྐྱེ་དངོས་མེད་བརླག་དང་འཚར་སྐྱེ་འབྱུང་བཞིན་ཡོད།
དུས་ཚོད་མང་པོ་མེད་པ་ང་ཚོས་ཤེས་ཡོད།
མིའི་རིགས་དང་ཡང་ན་ང་ཚོ་རང་ཉིད་ལའང་།
འདི་ནི་མཐའ་མཇུག་གི་གོ་སྐབས་ཡིན།
སའི་གོ་ལ་འདིའི་སྟེང་གི་ཚེ་སྲོག་ཡོད་དོ་ཅོག་གི་མུ་རྒྱུད་ཀྱིས།
སྲོག་ཆགས་དང་སྐྱེ་དངོས་ཡོད་ཚད་མེད་བརླག་ཏུ་འགྲོ་བ་བདེན་དཔང་བྱས།
ཡོད་ཚད་ནི་ང་ཚོ་ཐུན་མོང་གི་གནོད་འཚེ་དང་རྨི་ལམ་འཚུབ་པོ་ཡིན།
འདི་ནས་ངས་མིའི་རིགས་ལ་འཆད་འདོད་པ་ནི།
ང་ཚོ་ཡོངས་ལ་འབྲོ་སའི་ལམ་བུ་མེད། 
འདི་ནི་ཁྱོད་ཀྱིས་ང་གཅིག་པུ་བྲག་རྡོའི་སྟེང་བསྡད་དེ།
ངུ་འབོད་བྱེད་པའི་རྒྱུ་མཚན་ཡིན་པ་ཤེས་པར་གྱིས།
 
                    15
ང་ནི་འཚོ་གཞེས་གཞན་ཞིག་ཡིན། རྒྱུན་པར་རང་ཉིད་མཐོང་བར་དཀའ།
ཐལ་མདོག་གི་བྲག་རྡོའི་སྟེང་བསྐྱར་དུ་ལོག་པ་ཕུད།
ང་དགའ་བ་ནི་ད་དུང་སྐར་ཚོགས་རྣམ་པར་བཀྲ་བའི་མཚན་མོ་ཡིན།
མཐའ་མེད་པའི་ནམ་མཁའ་འདི།
བདག་གི་མཛེས་སྡུག་གི་ཕུང་བོ་དང་འདྲ། འཕྲུལ་སྣང་གི་དཔེ་རིས་ནི།
རང་ཉིད་རྙེད་པ་བདེན་དཔང་བྱ་ཆེད་ཡིན།
 
དབུགས་ཡང་མོར་བླངས་ཚེ། ངས་ལེ་དབར་སྟོང་གི་ཕ་རོལ་ནས།
རྩྭ་ཐང་མེ་ཏོག་གི་དྲི་ཞིམ་སྣོམ་ཐུབ།
ད་དུང་སྐད་ཅིག་གི་རིང་དུ། གཙོད་ཁྱུ་བོར་བའི་ཁ་ཕྱོགས་རྟོགས་ཐུབ།
ཐ་ན་སྐབས་འགར། སུ་ཞིག་གི་རྨིག་རྗེས་གྲོག་རོང་གི་གཏིང་དུ་ཕབ་པ།
སྔོན་དཔག་བྱས་ན་གསལ་བོར་ཤེས་ཐུབ།
ངས་རྡུལ་ཕྲན་གྱི་སྐད་སྒྲ་ཐོས་ཐུབ།
དེའི་དཀྱིལ་སྙིང་དུ་ཕ་བོང་གས་ཤིང་ཆག
ད་དུང་རེས་ཡིབ་རེས་མོག་གི་དགུ་ཚིགས།
གཏན་དུ་གཟིམས།
གཏིང་མི་དཔོག་པའི་དོང་རིང་དུ།
བགྲང་ལས་འདས་པའི་ཉིན་མཚན་འོད་དུ་འཁྱུག
 
རྨི་ལམ་ཁྲོད་དུ། ང་ཤི་གསོན་གྱི་བར་དོ་ཉུལ།
སྐབས་དེར་སྐྱེ་བ་མ་བླངས་སྔོན་གྱི་རྣམ་པ་མཐོང་ཐུབ།
ཉེས་པ་མ་ལུས་ཡང་མོར་གཏོང་ཆེད།  
ངས་ཀྱང་འགྱོད་བཤགས་ཀྱི་ལྷ་རྔ་དྲག་ཏུ་བརྡུངས་མྱོང་།
 
ང་ལ་ལྕགས་སྲོག་དགུ་ཐོགས་ནའང་།  འཆི་བའི་སླེབས་འབྱོར་ནི།
མི་ཡུལ་དུ་འཁྲུངས་པའི་ཚེ་སྲོག་གསར་བ་བཞིན་རྒྱུན་ལྡན་ཡིན……
 
                    16
ངས་ཐ་སྙད་བཀོལ་ནས་སྙན་ངག་འབྲི་མི་ཤེས་མོད།
འོན་ཀྱང་ངས་སྔར་བཞིན་རང་གི་སུག་པ་སྤྱད་དེ།
དཀར་བོང་བོང་གི་ཁ་བའི་ཀློང་དུ།
མ་འོངས་པའི་བུ་རབས་ཚ་རྒྱུད་ལ།
མཐའ་མཇུག་གི་ཁ་ཆེམས་བསྐྱུར་ངེས།
 
ངའི་ཚེ་གང་བོ་ནི། ང་ཚོ་ཡོད་ཚད་ཀྱི་མེས་པོ་དང་མཚུངས་པར།
གངས་ལྗོངས་ཀྱི་ཡོད་ཚད་ལ་རྒྱུས་མངའ་ཟབ།
གནས་འདི་རུ། ཞོགས་པའི་འོད་མདངས་ལ།
སྲོད་ཀྱི་ཉི་ནུབ་ལས་ཀྱང་འགུག་ཤུགས་ལྡན།
དེ་ནི་ཁ་བའི་ལྡོག་འོད་ཀྱི་ནུས་པ་སྟེ།
དུས་ཚིགས་ཡོངས་རྫོགས་ནང་།
ང་ཚོས་བདེ་སྐྱིད་ཀྱི་ལོ་ཟླར་རོལ་ཆོག་པའི་ངེས་པ་ཡོད་མི་སྲིད།
ཡང་ན།་འདི་ནི་ལས་དབང་དང་འཚོ་བའི་འགྱུར་ལྡོག་རེད།
སྐབས་འགར་ཟས་ཁམ་གང་གི་ཆེད་དུ།
རྡོ་ལ་ཐོགས་ཏེ་རྨ་ཁ་བཟོས་ཡོང་།
དེ་ལྟ་ནའང་། བདག་གི་བདེ་སྐྱིད་ཀྱི་འཚོ་བ་ནི།
སྡུག་བསྔལ་གྱི་དུས་ཡུན་ལས་མང་།
ངས་དེ་སྔ་བརྗིད་ཆགས་ཀྱི་མཛེས་ལྗོངས་མང་པོ་མཐོང་མྱོང་།
འཇིག་རྟེན་འདིའི་སྲོག་ཆགས་གཞན་དག་གིས།
ད་དུང་མིའི་རིགས་ལ་རྣ་ཐོས་ཙམ་ཡང་ཡོད་མི་སྲིད།
དེ་ནི་བདག་གི་འདོད་ཧམ་གྱིས་དབང་གིས་མ་ཡིན་པར།
རླབས་ཆེ་བའི་འཇིག་རྟེན་བྱེད་པོས་ང་ལ་བཅངས་པའི་དགའ་ཞེན་རེད།
གངས་རི་འདིའི་ཡང་སྟེང་དུ། ངས་བཞུར་བཞིན་པའི་དུས་ཚོད།
ཁ་བ་སྔོན་པོའི་འོད་ཟེར་ཁྲོད་ཡལ་བ་མཐོང་།
འོད་ཆེམ་ཆེམ་གྱི་སྐར་ཚོགས་ལས་དྲི་ཞིམ་གྱི་བདུད་རྩི་འཇོ།
འོད་དཀར་ཡུགས་གཅིག  དེ་ནི་སྟོང་ཁམས་ནས་བྱོན་པའི་གདོས་ཐག
ཇིལྟར་མཐའ་མེད་ཀྱི་སྨག་རུམ་ཁྲོད་ལྷུང་བ་ཡིན་ནམ།
 
རེད་དེ། ངས་ད་དུང་ཁྱོད་ལ་གསང་བ་ཞིག་བཤད་དགོས།
ངས་དམྱལ་ཁམས་ཀྱི་ཆགས་རིམ་གསལ་བོ་ཞིག་མ་མཐོང་མོད།
འོན་ཀྱང་ངས་དག་ཞིང་དུ་བསྐྱོད་པའི་ལམ་ཁ་རྙེད་སོང་།
 
                    17
འདི་ནི་བདེ་མོ་བཞག་པ་མིན་ཏེ།
དགོངས་དག་གནང་རོགས། ང་གཏན་དུ་གནས་འདི་དང་འབྲལ་མི་སྲིད།
འདི་ནི་མཐའ་མཇུག་གི་བསྟི་གནས་ཏེ།
ང་ནི་ཚོགས་སྤྱི་དང་རིང་དུ་བྲལ་ནས་མི་མེད་ལུང་སྟོང་དུ་འགྲོ་རྒྱུ་ཡིན། 
ང་རང་མ་གསོད་ཅིག   ང་ཡང་གོ་ལ་འདིའི་སྟེང་གི་ཁྱེད་ཚོ་དང་ཤ་རུས་འབྲེལ་བའི་སྤུན་ཟླ་ཡིན།
གཤོག་པ་ནག་པོས་ས་གཞི་མ་གཡོགས་གོང་དུ།
གསོད་རྨས་ཀྱི་འཇིགས་སྐྲག་བརྗེད་དུ་འཇུག་རོགས།
 
ང་རང་མེས་པོའི་ལོ་ངོ་སྟོང་གི་དྲན་པ་ལས་སད་དུས།
ལྷ་བབས་ཀྱི་སྐད་ཆས། བདག་གི་མཆུ་སྒྲོས་འཁྲབ་ཆས་སུ་བསྒྱུར།
ཕ་བུ་མིང་འབྲེལ་གྱི་སྲོལ་རྒྱུན་དེ།
དེ་རིང་དབང་ཤེད་ཡོད་ཚད་ལ་རྒོལ་བའི་དྲག་ཆས་སུ་གྱུར།
 
ང་ལ་དགོངས་དག་གནང་རོགས། ང་ལ་སྙིང་རྗེ་སྒོམ་མི་དགོས།
བདག་གི་ལོ་རྒྱུས་དང་རིན་ཐང་མ་ལག
དེ་མིན་ཐུན་མིན་གྱི་འཚོ་བ་རོལ་སྟངས།
དེ་དག་ནི་ང་འཇིག་རྟེན་ཁམས་འདིར་འཚོ་བའི་གཞི་རྩ་ཡིན།
སུས་ཀྱང་དེའི་ཚབ་བྱ་མི་ཐུབ།
 
བདག་གི་འདྲ་པར་དེ།
མི་ཚོགས་ཀྱི་མཐོང་ལམ་དུ་མི་འཇོག་རོགས།
ང་སྐྲག་པ་ནི་སྲུང་སྐྱོབ་ཀྱི་མིང་ཐོག་ནས།
ང་ལ་མཐོང་ཐབས་བྲལ་བའི་རྗེས་སྙེག་དང་བསྒྱུར་བཅོས་བྱེད་པ་དེ་ཡིན།
 
ང་ལ་གུ་ཡངས་གཏོང་རོགས། འདི་ནི་བདེ་མོ་བཞག་པ་མིན།
འོན་ཀྱང་། མཐའ་མཇུག་གི་ཁྲིམས་ཆད་གཅོད་པའི་དུས་ཡུན་དེ།
རྒྱང་ཐག་མི་རིང་ངོ་།།
        
        2014ལོའི་ཟླ2པའི་ཚེས14ནས18ཉིན་བར།
༼ རྩོམ་འགན་པ། འཇམ་དཔལ། ༽
འབྲེལ་ཡོད་རྩོམ་ཡིག