ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

རྩོམ་པའི་དེད་དཔོན་ཆེན་མོ་བྷོར་ཧེ་ཟི་མཆོག་གིས་དཔེ་དེབ་ཀྱི་སྐོར་གླེང་བ།༼ཕྱི་དུམ༽

2015-07-14 བྷོར་ཧེ་ཟི།
   འཇིག་རྟེན་བྱེད་པོས་དེབ་ཅིག་བརྩམས་ཤིང་དེའི་ནང་དུ་ཐོལ་བྱུང་དུ་བྲིས་པ་གང་ཡང་མེད། ཐ་ན་ཡིག་འབྲུ་རེ་རེ་དང་ཚིག་རེ་རེའི་མང་ཉུང་ཡང་ཤིན་ཏུ་རན་པར་བྱས་པ་ལས་གང་འདོད་དུ་བྱས་པ་གཅིག་ཀྱང་མེད། དེ་ནི་ཚིག་གི་ལོ་མས་བསྒྲིབ་མི་ཐུབ་པ་ཞིག་དང་ཡིག་འབྲུ་རེ་རེའི་གོ་དོན་ཡང་སྣང་མེད་དུ་འཇོག་མི་རུང་བ་ཞིག་རེད་དེ། ཐམས་ཅད་ཞིབ་ཅིང་ཕྲ་བའི་རིགས་པ་ལ་བརྟེན་ནས་གྲུབ་པའོ།།
   གོང་དུ་གླེང་བ་ནི་དཔེ་དེབ་ལ་འཛིན་པའི་ལྟ་ཚུལ་གཉིས་པ་རེད། དེ་གང་ཡིན་ཞེ་ན། བདག་གིས་སླར་ཡང་ཐེངས་གཅིག་བཟླ་བར་བྱ། དཔེ་དེབ་ནི་ལྷའི་བརྩམས་ཆོས་ཡིན་པའོ།། གཅིག་བྱས་ན་ལྟ་ཚུལ་འདི་ནི་གནའ་མི་ཚོའི་ལྟ་ཚུལ་དང་བསྡུར་ན་དེང་གི་ངེད་ཚོའི་ལྟ་ཚུལ་དང་ཅུང་ཐག་ཉེ། གནའ་མི་ཚོས་དང་པོ་དཔེ་དེབ་ནི་ངག་ཐོག་གི་སྐད་ཆའི་ཚབ་བྱེད་དུ་ངོས་བཟུང་བ་དང་། རྗེས་སུ་དེ་ཉིད་མཆོག་ཏུ་གྱུར་བ་ཞིག་ཏུ་བརྩིས། དེའི་རྗེས་སུ་ཡང་ལྟ་ཚུལ་འདྲ་མིན་བྱུང་། དཔེར་ན། འགའ་ཞིག་གིས་ནི་ཡུལ་གྲུ་གང་ལའང་དེའི་ཚབ་བྱེད་ཐུབ་པའི་དེབ་རེ་ཡོད་པར་འདོད། ཨེ་ཟི་ལཱམ་པ་ཚོས་ཨེ་ཟི་རེལ་བ(Israel)དག་ལ་དེབ་ཀྱི་མི་ཞེས་བོས་མྱོང་བ་སུས་ཀྱང་དྲན་ངེས། དེ་བཞིན་དུ་ཧེ་ནཱ(མཆན།༢༡Heinrich Heineསྟེ།  དུས་རབས་བཅུ་དགུ་བའི་དུས་ཀྱི་འཇར་མན་གྱི་སྙན་ངག་པ་དང་། རྩོམ་རིག་དཔྱད་བརྗོད་པ། སྲིད་དོན་ཉམས་ཞིབ་པ་ཞིག)ཡིས་ཨེ་ཟི་རེལ་བ་ཚོའི་མེས་རྒྱལ་ནི་དེབ་ཅིག་སྟེ། 《དམ་པའི་གསུང་རབ》བམ་རྗོའུ་བ་ཚོའི་དེབ་གང་དེ་རེད་ཅེས་གསུང་མྱོང་། དེ་ཕྱིར་འདིར་ངེད་ཅག་གིས་ལྟ་ཚུལ་གསར་བ་ཞིག་འདོན་ཆོག་སྟེ། དེ་ནི་ཡུལ་གྲུ་རེ་རེར་དེའི་ཚབ་བྱེད་པའི་དེབ་རེ་ངེས་པར་དུ་ཡོད་པར་མ་ཟད། དེའི་ཚབ་བྱེད་ཐུབ་པའི་རྩོམ་པ་པོ་རེའང་ཡོད་ལ། རྩོམ་པ་པོ་དེས་རྩོམ་མང་དག་ཅིག་བྲིས་ཡོད་ཀྱང་སྲིད་པ་དེའོ།།
   འོན་ཀྱང་ད་ལྟའི་བར་དུ་ཀུན་གྱིས་མཉམ་འཇོག་མ་བྱས་ཤིང་ཡ་མཚར་དགོས་པའི་དོན་ཞིག་ནི། ཡུལ་གྲུ་དེ་དག་གིས་བདམས་པའི་ཚབ་བྱེད་རྩོམ་པ་པོ་འགའ་ནི་དེ་འདྲའི་འོས་ཤིང་འཚམ་པ་ཞིག་མ་རེད། དཔེར་ན། ཨིན་ཇིའི་ཚབ་བྱེད་རྩོམ་པ་པོར་ས་མཱུལ་རྗན་སཱན(མཆན།༢༢ Samuel Johnsonསྟེ། ཕྱི་ལོ་༡༧༠༩ནས་༡༧༨༤ལོའི་བར་དུ་བྱོན་པའི་ཨིན་ཇིའི་རྩོམ་པ་པོ་དང་དཔྱད་རྗོད་པ། སྙན་ངག་པ་ཞིག ཁོང་གིས་ཕྱོགས་བསྒྲིགས་མཛད་པའི<ཨིན་ཡིག་ཚིག་མཛོད་ཆེན་མོ>དང་། <ཤེག་སེ་ཕིར་གྱི་གསུང་འབུམ>གྱིས་ཨིན་སྐད་ཀྱིས་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་ཡོད། ཁོང་གི་བརྩམས་ཆོས་གཙོ་བོར་སྙན་ངག་རིང་མོ<ལན་ཌཱན>དང་།  <འགྲོ་བ་མིའི་འདོད་སྲེད་ཀྱི་སྣང་བ>སོགས་ཡོད། ཁོང་གིས”ཕྱིས་སུ་བྱུང་བའི་ཡོ་རུབ་ཀྱི་རྩོམ་རིག་བརྩམས་ཆོས་མཐའ་དག་ནི<ཧོ་མུར་གྱི་སྒྲུང>གི་འགྲེལ་བ་ཙམ་ལས་མ་འདས”དང་། “རྒྱལ་གཅེས་རིང་ལུགས་ནི་འཆལ་བོ་དང་ཁྲམ་པ་རྣམས་ཆེས་མཐའ་མར་བྱོལ་སའི་གནས་ཉག་གཅིག་གོ”“རོལ་མོ་ནི་སྡིག་པ་དང་བྲལ་བའི་ཚོར་བའི་ལོངས་སྤྱོད་ཉག་གཅིག་རེད”སོགས་སྡོམ་ཚིག་གྲགས་ཅན་དག་སྤེལ་ཡོད)གཞག་ཏུ་འོས་ཀྱང་། ཁོ་ཚོས་དེ་ལྟར་མི་བྱེད་པར་ཤེག་སེ་ཕིར་བཞག་འདུག ཨིན་ཇི་བ་ཚོས་ཤེག་སེ་ཕིར་བདམས་ནའང་། ཤེག་སེ་ཕིར་ནི་ཨིན་ཇིའི་རྩོམ་པ་པོ་སུ་ལ་བསྡུར་ནའང་ཨིན་ཇིའི་ཁྱད་ཆོས་མེད་པའི་རྩོམ་པ་པོ་ཞིག་རེད་ཅེས་བཤད་ཆོག ཁོང་ལ་ཨིན་ཇིའི་ཁྱད་ཆོས་གཅིག་ཡོད་པ་ཞིག་ནི་understatementསྟེ། མངོན་ཆུང་དུ་སྨྲ་བ་དེའོ།།(མཆན།༢༣ དོན་ཆེན་པོ་དང་ཆག་སྒོ་སོགས་ཅི་རིགས་བྱུང་ཡང་དེ་རང་བཞིན་ལས་འདས་པའི་ངང་ནས་ཞིབ་ཏུ་མི་སྤྲོ་བར་མངོན་ཆུང་གིས་སྨྲ་བ་སྟེ། དཔེར་ན་རྟ་ལས་ལྷུང་སྟེ་བརྡབས་སྐྱོན་ཆེན་པོ་བྱུང་ཡང་གཞན་གྱིས་སྐད་ཆ་འདྲི་དུས་སྐྱོན་མི་འདུག རྐང་བར་གས་ཁ་ཞིག་བྱུང་བ་ཙམ་མོ་ཟེར་བ་ལྟ་བུ)དེ་མིན་ཤེག་སེ་ཕིར་ནི་འུད་ཆེན་པོས་དཔེ་སྣ་ཚོགས་འགོད་པ་ལ་ཤིན་ཏུ་མཁས་པས་གལ་སྲིད་ཁོང་ནི་རྗོའུ་བ་ཞིག་གམ་ཨེ་ཊ་ལིའི་མི་ཞིག་རེད་ཅེས་བཤད་ན་དེ་ལ་ཡ་མཚན་དགོས་དོན་ཅི་ཡང་མེད་པ་འདྲ།
   དེ་དང་ཅུང་མི་འདྲ་བ་ཞིག་ནི་འཇར་མན་གྱི་གནས་ཚུལ་རེད། འཇར་མན་པ་ཚོ་ནི་བསྔགས་པར་འོས་ནའང་སྨྱོ་ཞིང་འཚབ་སླ་བའི་མི་རིགས་ཤིག་རེད། འོན་ཀྱང་ཡུལ་གྲུ་འདིས་ཁོག་རྒྱ་ཡངས་ཤིང་འཚབ་མི་སླ་བའི་སྐྱེ་བོ་ཞིག་ཁོ་ཚོའི་ཚབ་མཚོན་དུ་བཞག་ཡོད། སྐྱེ་བོ་དེ་ནི་མེས་རྒྱལ་གྱི་འདུ་ཤེས་མེད་པའི་མི་ཞིག་སྟེ། གྷཱ་ཐཱ(མཆན།༢༤ Goetheསྟེ་ཕྱི་ལོ་༡༧༤༩ནས་༡༨༣༢ལོའི་བར་བྱོན་པའི་འཇར་མན་གྱི་སྙན་ངག་པ་དང་ཟློས་གར་རྩོམ་པ་པོ་ཞིག)མཆོག་གོ།
   ཧྥ་རན་སིས་ད་དུང་ཚབ་མཚོན་རྩོམ་པ་པོ་ཞིག་བཞག་མེད་ནའང་། ཁོ་ཚོའི་བློ་ཁ་ཧུ་གྷོ(མཆན།༢༥ Victor Hugoསྟེ། ཕྱི་ལོ་༡༨༠༢ནས་༡༨༨༥ལོའི་བར་དུ་བྱོན་པའི་ཧྥ་རན་སིའི་རྩོམ་པ་པོ་ཞིག)ལ་ཕྱོགས་འདུག ང་རང་ཡང་ཧུ་གྷོ་ལ་ཤིན་ཏུ་དགའ་མོད། ཁོང་ནི་དཔེ་མཚོན་གྱི་ཧྥ་རན་སིའི་མི་ཞིག་མིན། ཧུ་གྷོ་ནི་ཧྥ་རན་སིར་འཚོ་ཞིང་གཞེས་པའི་ཕྱི་གླིང་བ་ཞིག་རེད་ཟེར་ཆོག ཁོང་ནི་ཚིག་རྒྱན་དང་གབ་དོན་ལ་མཁས་ནའང་ཁོང་ནི་ཧྥ་རན་སིའི་དཔེར་འོས་པ་ཞིག་མིན། 
   དེ་དག་ལས་ཀྱང་ཅུང་ཁྱད་མཚར་བ་ཞིག་ཡོད་པ་ནི་སི་ཕེན་རེད། སྤྱིར་ན་སི་ཕེན་གྱི་འཐུས་ཚབ་ཏུ་རུང་བ་ནི་ལོ་ཕེ་དྷི་ཝེ་ཀ(མཆན།༢༦ Lope de Vegaསྟེ། ཁོང་ནི་ཕྱི་ལོ་༡༥༦༢ལོ་ནས་༡༦༣༥བར་འཚོ་གཞེས་གནང་ཞིང་སི་ཕེན་གྱི་རིག་རྩལ་བསྐྱར་དར་གྱི་རྫོགས་ལྡན་གྱི་དུས་སུ་བྱོན་པའི་སྙན་ངག་པ་དང་ཟློས་གར་བ་འགངས་ཆེན་ཞིག་ཡིན་པ་དང་། གསུང་རྩོམ་འབོར་ཆེན་ཡོད་པས་སྐད་དུ་གྲགས། ཁོང་གིས་སྐུ་ཚེ་གང་བོར་ཟློས་གར་མི་འདྲ་བ་༡༥༠༠ལྷག་མཛད་ཅིང་། ཆ་སྙོམས་བྱས་ན་ཉིན་རེར་སྙན་ངག་རྐང་བ་ཉིས་བརྒྱ་རེ་བྲིས་ཡོད)དང་། ཁལ་དྷི་རུན(མཆན།༢༧ ཁོང་གི་མཚན་ཧྲིལ་བོར་Caldern de la Barcaཞེས་འབོད། ཕྱི་ལོ་༡༦༠༠ལོ་ནས་༡༦༨༡ལོའི་བར་བྱོན་པའི་སི་ཕེན་གྱི་ཟློས་གར་བ་ཞིག་དང་སྙན་ངག་པ་ཞིག)ཁུའུ་ཝེ་དྷོ(མཆན།༢༨ Quevedoསྟེ། ཕྱི་ལོ་༡༥༨༠ལོ་ནས་༡༦༤༥ལོའི་བར་བྱོན་པའི་སི་ཕེན་གྱི་རྩོམ་པ་པོ་ཞིག)བཅས་ཡིན་འོས་མོད། འོན་ཀྱང་དེ་ལས་ལྡོག་སྟེ། སཱ་ཝན་ཐེ་ཟི་རང་རེད། སཱ་ཝན་ཐི་ཟི་ནི་ཆོས་ལུགས་ཀྱི་ཁྲིམས་ཁང་ཡོད་སྐབས་ཀྱི་སྐྱེས་བུ་ཞིག་རེད། ཡིན་ཡང་ཁོང་ནི་ལྟ་རྒྱ་ཆེ་ཞིང་བློ་རྒྱ་ཡངས་པ་ཞིག་རེད། ཁོང་གི་རྒྱུད་ན་སི་ཕེན་པ་དག་ལ་ཡོད་པའི་སྤྱོད་པ་བཟང་བོ་དེ་འདྲ་མེད་ལ། སི་ཕེན་པ་ཚོར་ཡོད་པའི་གོམས་སྲོལ་ངན་པ་དེ་འདྲའང་མེད་དོ།།  
   དེ་ལྟར་བསམ་ན་ཡུལ་གྲུ་གང་ལའང་དེའི་ཚབ་བྱེད་པའི་སྐྱེ་བོ་རེ་མི་འདྲ་བ་རེ་ཡོད་འདུག སྐྱེ་བོ་དེ་ནི་ཡུལ་གྲུ་དེའི་རྒུད་པ་སེལ་བྱེད་ཀྱི་གསོ་སྨན་དང་། དུག་སྲིན་འགོག་སྨན། དུག་ཞི་བའི་སྨན་བཅས་སུ་འགྱུར་ཀྱང་སྲིད། རང་རེའི་རྒྱལ་ཁབ་ལ་མཚོན་ན། སར་མེན་ཐོ(མཆན།༢༩ Mauro Sarmiento སྟེ། ཕྱི་ལོ་༡༨༡༡ལོ་ནས་༡༨༨༨ལོའི་བར་བྱོན་པའི་ཨར་རྗེན་ཐཱེན་གྱི་རྩོམ་པ་པོ་དང་། ཆབ་སྲིད་པ། སློབ་གསོ་བ་ཞིག་སྟེ། ༡༨༦༨ལོ་ནས་༡༨༧༤ལོའི་བར་དུ་ཨར་རྗེན་ཐཱེན་གྱི་སྲིད་འཛིན་གྱི་ཁྲིར་བཞུགས)ཡིས་མཛད་པའི《ཧྥ་ཁོན་དྷོ》(མཆན།༣༠ དེབ་འདིའི་མིང་ལ<ཤེས་རིག་དང་ཀླ་ཀློ>དང་ཟེར། འདི་ནི་སར་མེན་ཐོས་མཛད་པའི་སྒྲུང་རིང་ཞིག་སྟེ། སྐབས་དེའི་ཨར་རྗེན་ཐཱེན་གྱི་སྲིད་དབང་སྒེར་གཅོད་པའི་རྩུབ་སྤྱོད་བརྗོད་བྱར་བྱས་པ་ཞིག་ཡིན)ཉིད་ཚབ་མཚོན་དུ་བལྟ་ཆོག་སྟེ། དེ་ནི་རང་རེའི་རྒྱལ་ཁབ་ཀྱི་དེབ་ཉིད་ཡིན། ངེད་ཅག་ལ་ངེད་ཅག་རང་གི་གཡུལ་འགྱེད་ཀྱི་ལོ་རྒྱུས་དང་། མི་གསོད་རྟ་འགྱེལ་གྱི་ལོ་རྒྱུས་ཡོད། ཡིན་ནའང་རང་རེས་བྲོས་དམག་ཅིག་གི་མི་ཚེའི་བྱུང་བ་རྗོད་པའི་དེབ་གཅིག་སྟེ། 《མར་ཐེན་ཧྥེའེ་རོ》(མཆན།༣༡ ཨར་རྗེན་ཐཱེན་གྱི་སྙན་ངག་པ་དང་རྩོམ་པ་པོ་ཧིར་ནན་དྷེ་སིས་མཛད་པའི་སྒྲུང་རིང་ཞིག)བདམས་འདུག སྤྱིར་དེ་ཉིད་རང་རེའི་འཐུས་ཚབ་ཏུ་འཛིན་མི་རུང་བ་མིན་མོད། འོན་ཀྱང་ངེད་ཅག་གི་ལོ་རྒྱུས་ཀྱི་འཐུས་ཚབ་ལ་ས་སྟོང་ལུང་སྟོང་དུ་ཡོང་བའི་བྲོས་དམག་ཅིག་འཇོག་ག་ལ་རུང་། ཡིན་ཡང་དོན་དངོས་ནི་དེ་ལས་ལྡོག་པ་སྟེ། ཡུལ་གྲུ་རེ་རེ་ལ་དེ་འདྲའི་ཚབ་བྱེད་རེ་མཁོ་བ་དང་འདྲའོ།།
   དཔེ་དེབ་ཀྱི་སྐོར་གླེང་བའི་ཕྱོགས་ནས། རྩོམ་པ་པོ་མང་པོས་དཔྱད་གཏམ་ཡག་པོ་གང་མང་བྲིས་ཡོད། འདིར་དཔེ་རེ་གཉིས་བཀོད་ན། ངའི་སེམས་ལ་དང་པོ་ཤར་བ་ནི་མོན་ཐེ་ན(མཆན།༣༢ Montaigneསྟེ། ཕྱི་ལོ་༡༥༣༣ལོ་ནས་༡༥༩༢ལོའི་བར་བྱོན་པའི་ཧྥ་རན་སིའི་བསམ་བློ་བ་ཞིག ཁོང་གི་གསུང་རྩོམ<ཐོལ་བྱུང་མ>ནི་ནུབ་ཀྱི་རྩོམ་རིག་གི་ལོ་རྒྱུས་སུ་སྐད་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན)ཡིན་པ་དང་། ཁོང་གིས་དཔེ་དེབ་ཀྱི་སྐོར་ལ་ལྷུག་རྩོམ་ཞིག་བྲིས་ཡོད། ལྷུག་རྩོམ་དེར་ཁོང་གིས་ངེད་ཅག་གིས་སེམས་ལ་འཛིན་དགོས་པའི་ཚིག་གཅིག་ཡོད་དེ། “སྐྱིད་སྣང་མེད་པའི་དོན་ཞིག་ངས་མི་བསྒྲུབ”ཅེས་པ་དེའོ།། མོན་ཐེ་ནའི་གསུང་ཚིག་དེའི་བསྟན་བྱ་ནི་ཨུ་ཚུགས་ཀྱིས་དཔེ་དེབ་ཀློག་པ་ནི་ཚུལ་འཆོས་ཀྱི་སྤྱོད་པ་ཞིག་ཡིན་པ་དེ་རེད། ཁོང་གིས་གལ་སྲིད་དེབ་གཅིག་བཀླགས་ཏེ་གོ་དཀའ་བའི་དུམ་ཚན་ཞིག་དང་འཕྲད་ཚེ་ངས་དེ་བཀླག་རྒྱུ་མིན་ཟེར། དེའང་ཁོང་ལ་མཚོན་ན་དེབ་ཀློག་པ་དེ་ནི་ངེས་པར་དུ་སྐྱིད་སྣང་ཅན་གྱི་ལས་ཤིག་ཡིན་དགོས་པ་རེད།
   བགྲང་བྱ་དུ་མའི་ཡར་སྔོན་དུ། ཅི་ཞིག་ནི་རི་མོ་འབྲི་བ་ཡིན་པའི་སྐོར་ནས་མི་རྣམས་ཀྱི་བསམ་ཚུལ་བསྡུས་པའི་དོན་ཞིག་ངས་དྲན་གྱིན་འདུག མི་ཞིག་གིས་ངའི་སྲིང་མོ་ནོ་རཱ་ལ་དེ་ལྟར་འདྲི་སྐབས། མོས་དེ་ནི་དབྱིབས་དང་ཁ་དོག་གིས་མི་ལ་སྐྱིད་སྣང་སྟེར་བའི་དོན་དེ་རེད་ཅེས་ལན་བཏབ་སོང་། དེ་བས་ངས་རྩོམ་རིག་ཀྱང་རྗོད་པ་གང་ཞིག་གིས་མི་ལ་སྐྱིད་སྣང་སྟེར་བ་དེ་རེད་ཟེར་འདོད། གལ་སྲིད་ངེད་ཅག་གིས་བཀླགས་པ་དེ་ཚིག་གྱོང་ཞིང་གོ་དཀའ་བ་ཞིག་ཡིན་ཚེ་དེ་ནི་རྩོམ་པ་པོའི་སྐྱོན་རེད། དེའི་ཕྱིར་བདག་གིས་བསམ་ན། རྗོའེ་སི(མཆན།༣༣ James Joyceསྟེ། ཕྱི་ལོ་༡༨༨༢ནས་༡༩༤༡ལོའི་བར་བྱོན་པའི་ཨེར་ལན་ཊིའི་རྩོམ་པ་པོ་དང་སྙན་ངག་པ་ཞིག བརྩམས་ཆོས་གཙོ་བོ་ནི་ཤེས་རྒྱུན་སྨྲ་བའི་རྩོམ་ཐབས་ལྟར་བྲིས་པའི་སྒྲུང་རིང<ཡོ་ལེ་སེ་སི>ཡིན)ལྟ་བུ་ནི་ཆེ་ཕྱོགས་ནས་བཤད་ན་རྩོམ་ཡག་པོ་ཞིག་ཏུ་གྲུབ་མེད། རྒྱུ་མཚན་ནི་ཁོང་གི་རྩོམ་ཀློག་ཚེ་ཚེགས་ཆེན་པོ་མྱང་དགོས་པས་སོ།།
   སྐྱིད་སྣང་སྟེར་བྱེད་ཀྱི་དོན་ཞིག་ནི་བསྒྲུབ་པའི་ཚེ་ན་ཤིན་ཏུ་དཀའ་བ་ཞིག་ཡིན་མི་འོས་པས་དེབ་གང་ཡིན་ཡང་བཀླག་དཀའ་བ་ཞིག་ཡིན་མི་འོས། ངས་ཀྱང་མོན་ཐི་ནས་གསུང་བ་དེ་ཤིན་ཏུ་བདེན་པར་སྙམ། ཁོང་གིས་ལྟ་ཚུལ་དེ་གླེང་བ་དང་མཉམ་དུ་ཁོང་དགའ་སའི་རྩོམ་པ་པོ་འགའི་མཚན་ནས་སྨོས་ཡོད་ལ། ཁོང་གིས་ཝལ་རྗེལ(མཆན།༣༤ Vergilསྟེ། ཕྱི་ལོ་སྔོན་གྱི་ལོ་༧༩ནས་༡༩ལོའི་བར་བྱོན་པའི་གནའ་བོའི་རོམ་གྱི་སྙན་ངག་པ་ཞིག ཁོང་གི་སྙན་ངག་གིས་ཕྱིས་ཀྱི་སྙན་ངག་པ་མང་པོར་ཤུགས་རྐྱེན་ཐེབས་ཡོད)དཔེ་རུ་དྲངས་ཏེ། ཝལ་རྗེལ་གྱི《ཨེ་ནེ་ཨ་དྷི》ལས《ཞིང་སྡེའི་སྙན་ངག》ལ་དགའ་ཚུལ་གླེང་ཡོད། བདག་ནི་དེ་གཉིས་ལས《ཨེ་ནེ་ཨ་དྷི》ལ་དགའ་མོད་དེར་འགལ་བ་ཅི་ཡང་མེད། མོན་ཐི་ནས་ཚོར་ཤུགས་དྲག་པོས་དཔེ་དེབ་ཀྱི་སྐོར་གླེང་ཡོད་ལ། ཁོང་གིས་དེབ་ཀློག་པ་ནི་སྐྱིད་སྣང་ཞིག་ཡིན་ཡང་། དེ་ནི་ཅུང་ཡི་མུག་པར་བྱེད་པའི་ལོངས་སྤྱོད་ཅིག་ཀྱང་རེད་ཅེས་གསུང་ཡོད།
   དེ་ལྟ་ནའང་ཨེ་མཱ་སིན(མཆན།༣༥ Ralph Waldo Emersonསྟེ། ཕྱི་ལོ་༡༨༠༣ནས་༡༨༨༢བར་བྱོན་པའི་ཨ་རིའི་བསམ་བློ་བ་དང་། རྩོམ་པ་པོ། སྙན་ངག་པ་ཞིག ཨ་རིའི་དེ་སྔའི་སྲིད་འཛིན་ལེན་ཁུན་གྱིས་ཁོང་ལ་ཨ་རིའི་ཤེས་རིག་གི་ཤིང་རྟ་བ་ཞེས་པའི་བསྟོད་ཚིག་ཕུལ་ཡོད)གྱིས་བརྗོད་གཞི་ཆེན་པོའི་ངང་ནས་དེའི་སྐོར་གླེང་ཡོད་པ་དང་། ཁོང་གི་ལྟ་ཚུལ་ནི་གོང་གི་དེ་དང་མི་འདྲ་བ་ཞིག་ཡིན། ཁོང་ན་རེ། དཔེ་མཛོད་ཁང་ནི་བསམ་གྱིས་མི་ཁྱབ་པའི་མཛོད་ཁང་ཞིག་ཡིན་པ་དང་། མཛོད་ཁང་དེའི་ནང་དུ་འགྲོ་བ་མིའི་ནང་ནས་རྣམ་དཔྱོད་ལ་འགྲན་ཟླ་མེད་པའི་སྐྱེས་བུ་དག་རྣམས་ངན་སྔགས་ཀྱིས་ཟིན་པ་ལྟར་གཉིད་དུ་ཡུར་ཡོད། ཁོང་ཚོས་ངེད་ཅག་གི་སྨྲ་སྒོས་ཁོང་ཚོ་གཉིད་དེ་ལས་དཀྲོག་པར་བསྒུགས་ཡོད། དེ་བས་ངེད་ཅག་གིས་ཅིས་ཀྱང་དཔེ་དེབ་ཀྱི་ཁ་དབྱེ་དགོས། དེ་ལྟར་བྱས་ཚེ་ད་གཟོད་གཞོན་ནུ་དེ་དག་གཉིད་ལས་སད་སྲིད། དེ་ལ་བརྟེན་ནས་སྐྱེས་བུ་དེ་དག་ངེད་ཅག་གི་གྲོགས་སུ་འགྱུར་ངེས། འོན་ཀྱང་ངེད་ཅག་གིས་ཐབས་དེ་ལྟར་ཁོང་ཚོ་མི་འཚོལ་བར་དཔྱད་པ་དང་སྐྱོན་བརྗོད་པའི་ཚིག་ལ་ཉན་ཏེ་ཁོང་ཚོས་ཅི་ཞིག་འཆད་པར་མི་ཉན་པ་རེད།
   ངས་བྷི་ཝེ་ནཱ་སི་ཨའེ་རི་ཟིའི་སློབ་ཆེན་གྱི་རྩོམ་རིག་དང་མཚན་ཉིད་རིག་པའི་སྡེ་ཁག་ནས་མི་ལོ་ཉི་ཤུའི་རིང་ལ་ཨིན་ཇིའི་རྩོམ་རིག་གི་སློབ་དཔོན་ཆེན་མོ་བྱས་པ་ཡིན། ངས་དུས་རྒྱུན་པར་སློབ་ཕྲུག་ཚོར་དཔེ་མཛོད་ཁང་དུ་མང་ཙམ་སོང་སྟེ་མ་རྩོམ་ངོ་མ་ཀློག་པར་བསྐུལ་ཅིང་། དེ་འབྲེལ་གྱི་དཔྱད་རྩོམ་མ་ཀློགས་ཞེས་སྨྲས་པ་ཡིན། མ་རྩོམ་ངོ་མ་ཀློག་དུས་མགྱོགས་པོར་གོ་བ་ལོན་མི་སྲིད་མོད། འོན་ཀྱང་དེ་ནི་ལོངས་སྤྱོད་ཅིག་ཡིན་པ་དང་། སྐྱེས་བུ་གང་ཞིག་གི་གསུང་སྐད་ཐོས་ཐུབ། བདག་གིས་བསམ་ན། རྩོམ་པ་པོ་ཞིག་གི་སྲོག་སྙིང་ནི་ཁོའི་རྗོད་པའི་ཉམས་ཡིན་པ་དང་དེབ་ཅིག་གི་སྲོག་སྙིང་ནི་རྩོམ་པ་པོའི་གསུང་སྐད་རང་རེད་ལ། གསུང་སྐད་དེས་ཏག་ཏག་ངེད་ཅག་གི་སེམས་པ་གཡོ་བར་བྱེད་དོ།།
   ངས་མི་ཚེ་འདིའི་ནང་གི་དུས་ཚོད་མང་ཤོས་དེབ་ཀློག་པར་བཀོལ་བ་ཡིན། ངས་བསམ་ན་དེབ་ཀློག་པ་ནི་སྐྱིད་སྣང་ཅན་གྱི་ལས་ཤིག་ཡིན་ལ། དེའི་འཕྲོ་ནས་སྐྱིད་སྣང་ཅན་གྱི་ལས་ཤིག་ཡོད་པ་ནི་སྙན་ངག་འབྲི་བའམ་རྩོམ་འབྲི་བ་དེ་རེད། རྩོམ་འབྲི་བ་ནི་ངེད་ཅག་གིས་བཀླགས་ཏེ་བརྗེད་པར་གྱུར་བ་དག་རང་གི་དྲན་པར་བསྲེས་ཏེ་དེ་གཉིས་ངོ་བོ་དབྱེར་མེད་དུ་བྱས་པ་ཉིད་དོ།། 
   རང་ཉིད་ཀྱིས་བཀླག་འདོད་པ་གང་དེ་བཀླག་འོས་པ་དང་། དེབ་ཀློག་པ་ནི་སྐྱིད་སྣང་ཅན་གྱི་ལས་ཤིག་ཡིན་འོས་པའི་ཕྱོགས་ནས་ཨེ་མཱ་སིན་དང་མོན་ཐེ་ན་གཉིས་ཀྱི་ལྟ་བ་ངང་གིས་མཐུན་འདུག 
   དེ་མིན་ངེད་ཅག་གིས་དཔེ་དེབ་ཀློག་དུས་སྙིང་རུས་བསྐྱེད་དགོས་པ་ཡིན། ངས་ནི་དེབ་གང་ཞིག་ཐེངས་དང་པོར་བཀླགས་རྗེས་དེ་ཉིད་བསྐྱར་དུ་ཐེངས་གཅིག་ཀློག་ཨེ་ཐུབ་བལྟས་པ་ཡིན།  ངས་བསམ་ན་བསྐྱར་དུ་ཀློག་པ་ནི་ཐེངས་དང་པོར་ཀློག་པ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ཞིག་རེད། ཡིན་ནའང་ཐེངས་དང་པོར་ཡང་བཀླག་དགོས་པ་ནི་སྨོས་ཅི་དགོས། ང་དཔེ་དེབ་ལ་དད་གུས་ཆེ་ཚུལ་བཤད་ན་དེ་འདྲ་རེད། ངའི་དོན་གྱི་གནད་འདི་ཉིད་ཚོར་ཤུགས་དྲག་པོ་དང་བཅས་ཏེ་བཤད་ཆོག་མོད་འོན་ཀྱང་ཤིན་ཏུ་ཐལ་ཆེ་ན་མི་འདོད་དོ།། ངས་དེ་ཉིད་གསང་བ་ཞིག་གི་ཚུལ་གྱིས་ཁྱེད་ཅག་རེ་རེར་བཤད་འདོད་པ་ལས་ཁྱེད་ཅག་ལྷན་རྒྱས་ལ་བཤད་མི་འདོད། ངས་དེ་ལྟར་ཟེར་དོན་ནི་ལྷན་རྒྱས་ཟེར་བའི་མིང་དེ་ནི་ལྐོག་ཏུ་གྱུར་བ་ཞིག་ཡིན་པ་དང་། རེ་རེ་དང་བྱེ་བྲག་པ་ནི་གསལ་ཅིང་མངོན་པ་ཞིག་ཡིན་པས་ཡིན། 
   ངས་དུས་རྟག་པར་རང་ཉིད་ལོང་བ་ཞིག་ཏུ་བརྩིས་མེད་པར། ད་ལྟའང་དཔེ་དེབ་ཉོ་བའི་རྒྱུན་བསྐྱངས་ཏེ་དཔེ་དེབ་ཀྱིས་རང་ཁྱིམ་འགེང་གིན་ཡོད། ཉིན་འགའི་སྔོན་དུ། མི་ཞིག་གིས་ང་ལ་༡༩༦༦ལོར་པར་དུ་བསྐྲུན་པའི《བྷི་རོག་ཧ་སིའི་ཤེས་བྱ་ཀུན་ཁྱབ》(མཆན།༣༦ འཇར་མན་གྱི་དེབ་ཀྱི་ཚོང་དཔོན་བྷི་རོག་ཧ་སིས་ཕྱི་ལོ་༡༧༥༦ནས་༡༨༡༡བར་བསྒྲིགས་པའི་ཤེས་བྱ་ཀུན་ཁྱབ་ཀྱི་དེབ་ཆེན་པོ་ཞིག)ཆ་ཚང་བ་ཞིག་གནང་བྱུང་། དེབ་ཕྲེང་དེ་ཁྱིམ་དུ་འཇོག་དུས་ང་ལ་སྐྱིད་པའི་སྣང་བ་ཞིག་བྱུང་། དེབ་ཕྲེང་དེར་དེབ་ཉི་ཤུ་ལྷག་ཡོད་པ་དང་། དེའི་ནང་དུ་ངས་ཀློག་ཐབས་བྲལ་བའི་གྷོ་ཐིག་གི་བྲིས(མཆན།༣༧ སྤྱིར་Gothicཞེས་པ་དོན་མང་པོ་ལ་འཇུག་ནའང་འདིར་གཟབ་བྲིས་ཀྱི་ཡིག་གཟུགས་ཤིག་ལ་གོ)ཀྱི་ཡི་གེ་དག་ཡོད་པ་དང་། ངས་མཐོང་མི་ཐུབ་པའི་ས་ཁྲ་དང་བར་བཅུག་རི་མོའང་ཡོད། འོན་ཀྱང་དེབ་ཕྲེང་དེ་ཁྱིམ་དུ་བཞག་རྗེས་ངས་དེ་ལས་མཛའ་བརྩེའི་དྲོད་ཁོལ་མྱོང་ཐུབ་ཀྱིན་འདུག ངས་བསམ་ན་དེབ་ནི་མིའི་འཚོ་བའི་ནང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རེད།
   འགའ་ཞིག་གིས་དེབ་ཀྱི་རྒྱུན་ཆད་སྲིད་མིན་གྱི་སྐོར་ནས་སྐད་ཆ་ཤོད་ཀྱིན་འདུག ངས་བལྟས་ན་དེ་ནི་མི་སྲིད་པ་ཞིག་རེད། དེབ་ཅིག་དང་ཚགས་པར་ཞིག་གམ་གླུ་སྡེར་ཞིག་གི་བར་དུ་ཁྱད་པར་ཅི་ཞིག་ཡོད་པ་རེད་ཅེ་ན། ཚགས་པར་བཀླགས་ཚར་རྗེས་བརྗེད་འགྲོ་བ་དང་། གླུ་སྡེར་ཡང་ཉན་ཚར་རྗེས་བརྗེད་འགྲོ རྗེས་མ་དེ་ནི་འཕྲུལ་འཁོར་གྱི་བྱ་བ་ཞིག་ཡིན་པས་ཕུགས་མི་ཕེར། འོན་ཀྱང་དཔེ་དེབ་གང་ཞིག་བཀླགས་རྗེས་ནམ་ཡང་སེམས་ངོ་ནས་ཡལ་མི་སྲིད། 
   《ཀཱོ་རན་གསུང་རབ》དང《དམ་པའི་གསུང་རབ》 དེ་མིན་ལྷ་ཚངས་པས་འཇིག་རྟེན་བསྐྲུན་པར་འདོད་པའི་རྒྱ་གར་གྱི《རིག་བྱེད་ཀྱི་གཞུང》སོགས་གང་ཡིན་ཡང་། དེ་དག་ནི་ལྷས་བརྩམས་པར་སྙམ་ན་ལྟ་ཚུལ་དེ་དུས་ལས་ཡོལ་འདུག་མོད། དཔེ་དེབ་ཀྱི་མཆོག་ཏུ་གྱུར་བའི་རང་བཞིན་ནི་ནམ་ཡང་ཉམས་པ་མི་འདུག དེ་བས་ངེད་ཅག་གིས་རྩ་ཆེ་བའི་དངོས་པོ་དེ་ཉིད་ཉར་ཚགས་ཡག་པོ་བྱ་དགོས། དེབ་ཅིག་ལག་ཏུ་བླངས་ཏེ་དེའི་ཁ་ཕྱེ་མ་ཐག་མཛེས་དཔྱོད་ཀྱི་བློ་ཞིག་ངང་གིས་འབྱུང་། དེབ་ཀྱི་ནང་དུ་གན་རྐྱལ་དུ་ལོག་པའི་ཡི་གེའི་ཚོགས་དེ་ཅི་ཞིག་ཡིན་ནམ། སྲོག་གིས་མ་ཟིན་པའི་བརྡ་རྟགས་དེ་དག་ཀྱང་ཅི་ཞིག་ཡིན། གལ་སྲིད་ངེད་ཅག་གིས་དེབ་ཀྱིས་ཁ་མ་ཕྱེ་ཚེ། དེ་དག་ཐམས་ཅད་ནི་ཤོག་ཧྲུལ་དང་ཀོ་བའི་རྒྱབ་ཤ་ཙམ་ལས་ཅི་ཡང་མིན། འོན་ཀྱང་ངེད་ཅག་གིས་དེ་བཀླགས་པའི་ཚེ་ན། བློ་ཡུལ་ལས་འགོངས་པའི་དོན་སྣ་ཚོགས་ལ་འཕྲད་ཅིང། ཅི་ཙམ་བཀླགས་པས་དེ་ཉིད་རིགས་སྣ་ཚོགས་སུ་འགྱུར་ངེས།  
   ཧི་ར་ཁི་ལི་ཐཱི་སི(Heraclitusམཆན།༣༨ ཕྱི་ལོ་སྔོན་གྱི་༥༣༠ནས་༤༧༠བར་བྱོན་པའི་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་བ་ཞིག)ཡིས་སྐྱེ་བོ་གཅིག་གིས་གཙང་བོ་གཅིག་ཐེངས་གཉིས་ལ་བརྒལ་ཐབས་བྲལ་ཅེས་གསུང་ཡོད་པ་དང་ཚིག་འདི་ངས་ཐེངས་མང་པོར་ལུང་དུ་དྲངས་མྱོང་། ཚིག་དེའི་ནང་དོན་ཅི་རེད་ཅེ་ན་གཙང་བོ་ནི་མཚམས་མེད་པར་ངོ་བོ་གཞན་དུ་འགྱུར་བཞིན་པ་དང་། ལྷག་པར་ཆུར་རྒལ་བ་བོ་ཉིད་ནི་གཙང་བོ་ལས་ཀྱང་ལྷག་པར་མི་རྟག་པའི་རང་བཞིན་དུ་ཡོད་པའོ།། དེ་བས་ངེད་ཅག་གིས་དེབ་ཅིག་ཀློག་ཐེངས་རེ་རེར། དེའང་རྣམ་པ་གཞན་དུ་འགྱུར་ལ། ངེད་ཅག་གིས་དེའི་ནང་གི་ཚིག་རེ་རེའི་གོ་བ་ལེན་སྟངས་ཀྱང་མི་འདྲ། དེ་འདྲ་ཡིན་པ་ནི་སྨོས་ཅི་དགོས་ཏེ། དེབ་ནི་བཞུད་ཟིན་པའི་འདས་དོན་གྱིས་བྱུར་བུར་གཏམས་པས་སོ།།
   གོང་དུ་ངས་དཔེ་དེབ་སྐོར་གྱི་དཔྱད་གཏམ་ཀློག་པར་དགག་པ་ཡིན་ཞེས་བཤད་ཡོད། གཤམ་ནས་ངས་དེ་ལས་ལྡོག་པའི་ལྟ་ཚུལ་ཞིག་བཤད། དེ་ལའང་མི་རུང་བ་མེད་པར་སྙམ། ཧམ་ལེ་ཐི(མཆན།༣༩ Hamletསྟེ། ཤེག་སེ་ཕིར་གྱིས་མཛད་པའི་ཟློས་གར་གྱི་བསྟན་བཅོས་ཆེན་མོ་ཞིག་དང་ཟློས་གར་དེའི་ནང་གི་མི་སྣ་གཙོ་བོའོ)ནི་ཤེག་སེར་ཕིར་གྱིས་དུས་རབས་བཅུ་བདུན་པའི་ནང་དུ་བྲིས་པའི་ཧམ་ལེ་ཐི་ཁོ་ན་མ་ཡིན་པར། དེ་ནི་ཁཱུལ་རི་རྗེ(མཆན།༤༠ Samuel Taylor Coleridgeསྟེ། ཕྱི་ལོ་༡༧༧༢ནས་༡༨༣༤ལོའི་བར་བྱོན་པའི་ཨིན་ཇིའི་སྙན་ངག་པ་དང་རྩོམ་རིག་དཔྱད་བརྗོད་པ་ཞིག)དང་།གྷཱ་ཐཱ། ཨན་དྷི་རུ་བྷིར་དྷི་ལེ་བཅས་ཀྱི་སྨྱུག་འོག་གི་ཧམ་ལེ་ཐི་ཡིན་པ་རེད། 《ཌན་ཁེ་ཧོ་ཌེ》ཡང་དེ་བཞིན་ནོ།། དེ་བཞིན་དུ《མར་ཐེན་ཧྥེའེ་རོ》འང་དེབ་གཅིག་ཁོ་ན་མིན་པར་ཀློག་མཁན་གྱིས་དེའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད།
   དེང་འདིར་ངེད་ཅག་གིས་གནའ་དུས་ཀྱི་དཔེ་དེབ་ཅིག་ཀློག་པའི་ཚེ་ན། དེ་ནི་དེབ་དེ་བརྩམས་པའི་ཉིན་ནས་བརྩིས་པའི་ད་ལྟའི་བར་དུ་བྱུང་བའི་འདས་དོན་དག་ཀློག་པ་དང་ཡང་འདྲ། དེའི་ཕྱིར་དཔེ་དེབ་ལ་གུས་པ་དང་བཀུར་བསྟི་བྱ་བར་རིགས་སོ།། དེབ་ཀྱི་ནང་དུ་པར་ནོར་བྱུང་ཡོད་སྲིད་ཅིང་། ངེད་ཅག་གིས་རྩོམ་པ་པོ་གང་དེའི་ལྟ་ཚུལ་ལ་རྗེས་སུ་ཡི་རངས་མ་བྱས་ཀྱང་ཆོག ཡིན་ཡང་དེབ་ཀྱི་ནང་དུ་རྨད་དུ་བྱུང་བ་དང་ངོ་མཚར་བའི་ཆ་ཞིག་དངོས་གནས་ཡོད་པ་རེད། དེ་ནི་རྨོངས་དད་ཀྱིས་མ་ཡིན་པར་སྐྱིད་སྣང་དང་ཤེས་རབ་འཚོལ་བའི་འདུན་པ་དྲག་པོ་དེས་སོ།།
   འདི་ནི་ངས་ཏག་ཏག་དེ་རིང་ཁྱེད་ཅག་ལ་བཤད་འདོད་པ་དེ་ཡིན།
༡༩༧༨ལོའི་ཟླ་༥བའི་ཚེས་༢༤ཉིན།
འབྲེལ་ཡོད་རྩོམ་ཡིག