ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《སྐྱ་ཞད་ལྔ་བཅུ》ལས་འདོད་པའི་སྐོར་གླེང་བ། ༡

2015-04-20 ཝོའུ་ཝི།
   ཨཱན་གྷ་ཝེ་གི(Anne Garrigue)ནི་ཧྥ་རན་སིའི་བུད་མེད་རྩོམ་པ་པོ་ཞིག་དང་། ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་ཆེད་མཁས་པ་ཞིག་ཡིན་ཞིང་ད་ལོ་དགུང་ལོ་༥༧ཡིན། མོ་ལ་ཕ་རི་སིའི་བུད་མེད་ཀྱི་ཁྱད་ཆོས་དང་ལྡན་པའི་གདོང་བྱད་ལེགས་པོ་ཞིག་དང་གཟུགས་པོ་ཆུང་ཆུང་ཞིག་ཡོད་ལ། དུས་ཀུན་རླུང་གིས་སྐྱོད་པའི་སྐྲ་སུ་ལུ་ཁམ་མདོག་ཅན་ཞིག་ཀྱང་ཡོད། ཁ་བརྡ་བྱས་ཏེ་ཡིད་གཡོ་བར་གྱུར་བའི་དུས་སུ་མོས་ལག་ཟུང་གིས་མོ་རང་གི་སྐྲ་ལོ་ལ་རེག་པར་བྱེད་ནའང་སྐྲ་ཚོམ་བུ་དེ་མོའི་མགོ་ནས་སྐྲ་ཚུགས་གཞན་ཞིག་གི་རྣམ་པས་སྲ་ཚུགས་དང་དྲང་ཚུགས་ལྡན་པའི་ངང་འགྲེང་ངེས། མོའི་མིག་ཟུང་ལའང་དེ་ལྟ་བུའི་སྲ་ཚུགས་ལྡན་ཅིང་ཚོན་མདོག་ཅན་གྱི་ཤེལ་སྒྲོམ་གྱི་ནང་ནས་གཟབ་ནན་དང་བཅས་ཚུར་ལྟ་དུས། ཕྲན་གྱི་སེམས་ནི་མོའི་མིག་ནང་གི་བརྩེ་བ་དྲོན་པོ་དང་རང་དབང་གི་མེ་ལྕེས་ཞུ་བར་བྱེད་ལ། ཕྲན་གྱིས་ཁོང་དུ་སྦས་པའི་བསམ་དོན་མ་ལུས་ནི་སྤ་བཀང་སྟེ་སྒོར་འདྲེན་ནུས།
   མོ་ལ་སྤྱི་ཚོགས་སེམས་ཁམས་རིག་པ་དང་། གསར་འགྱུར་རིག་པ། ཆབ་སྲིད་རིག་པ་བཅས་ཀྱི་བསླབ་གནས་ཡོད་ཅིང་། མོ་རང་བསམ་པའི་གཏིང་ནས་ཨེ་ཤ་ཡའི་རིག་གནས་ལ་སྤྲོ་བ་དཔག་མེད་མཆིས། མོས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་ཉི་ཧོང་གི་བུད་མེད་ལ་ཞིབ་འཇུག་བྱེད་མགོ་བརྩམས། སྐབས་དེར་ཉི་སྐད་ཚིག་གཅིག་ཀྱང་བཤད་མི་ཤེས་མོད། དེ་གར་ལོ་ངོ་བརྒྱད་ལ་བསྡད་རྗེས་ད་ལྟ་ཉི་སྐད་འབྱོངས་པོར་རྒྱག་ཐུབ་པ་དང་། ཨེ་ཤ་ཡའི་བུད་མེད་དང་འབྲེལ་བའི་དེབ་གསུམ་བརྩམས་ཟིན། དེའི་ཁྲོད་ཀྱི《ཉི་ཧོང་གི་བུད་མེད་དེ། ཞི་དུལ་གྱི་གསར་བརྗེ》ཞེས་པ་༢༠༡༡ལོར་ཀྲུང་གོ་ནས་པར་དུ་བསྐྲུན་ཡོད། 
   དེ་སྔ་མོས་ལོ་ལྔའི་རིང་ལ་ཀྲུང་གོ་ནས་འཚོ་བ་རོལ་ཅིང་། ཀྲུང་ཧྥ་བཟོ་ཚོང་ཚོགས་པའི་གཞུང་ཕྱོགས་ཀྱི་དུས་དེབ《Connection》ཞེས་པའི་སྒྲིག་གཙོ་གནང་སྟེ། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་ཚོང་བ་དག་གི་སྤྱན་སྔར་ཚོང་ལས་ཀྱི་དཔྱད་རྩོམ་མང་དུ་སྤེལ། ད་ལྟའི་བར་དུ་མོའི་བརྩམས་ཆོས་པར་དུ་བསྐྲུན་པར་ཁྱོན་དེབ་བརྒྱད་ཡོད།
   ཨཱན་གྷ་ཝེ་གི་ནི་ཕྲན་གྱིས་ལོ་ངོ་ལྔའི་སྔོན་དུ་པེ་ཅིང་ནས་ངོ་ཤེས་པ་ཡིན། སྐབས་དེར་མོས“ཀྲུང་གོའི་རྨི་ལམ”དང་ཀྲུང་གོའི་སྤྱི་ཚོགས་ཀྱི་སྤང་བླང་གི་འགྲོ་ཕྱོགས་སམ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་དང་འབྲེལ་བའི་བརྗོད་བྱའི་ངོས་ནས་ཕྲན་ལ་བཅར་འདྲི་ཐེངས་ཤིག་བྱས། སྐབས་དེར་ངས་མོ་ལ་ངའི་རྨི་ལམ་ནི“ང་ལ་རྨི་ལམ་རྨི་བའི་རང་དབང་ཡོད་པ་དེ་ཡིན”ཞེས་ལན་བཏབ་པ་དེ་ད་ལྟའང་བདག་གི་དྲན་པའི་ངོས་ན་གསལ་ལེར་ཡོད། དུས་སྐབས་དེ་ནས་བཟུང་མོ་རང་ཀྲུང་གོའི་སྲོལ་རྒྱུན་གྱི་རིག་གནས་དང་། ནུབ་ཀྱི་རང་དབང་དང་གློད་གྲོལ་གྱི་བསམ་བློ་དེ་འགལ་བའི་ཕུང་བོ་ལྟ་བུའི་བུད་མེད་ངའི་ལུས་སྟེང་ནས་ཇི་ལྟར་འཆམ་ཞིང་མཐུན་པར་གྱུར་བ་ལ་མཚར་སྣང་ཆེན་པོ་སྐྱེས་སོང་ཟེར།
《སྐྱ་ཞད་ལྔ་བཅུ》ཞེས་པའི་གློག་བརྙན་གྱི་འཁྲབ་རིས་ཤིག
   ཐེངས་འདིར་གླེང་བར་བྱ་བའི《སྐྱ་ཞད་ལྔ་བཅུ》(Fifty shades of Grey)འམ་ཡང་ན《གྷི་རེའི་གྲིབ་ནག་ལྔ་བཅུ》ཞེས་བྱ་བ་ནི་འདོད་སྲེད་ཀྱི་སྒྲུང་དེབ་ཅིག་ཡིན་ལ་གློག་བརྙན་ཞིག་ཀྱང་ཡིན། དེའི་གློག་བརྙན་ནི་གྷོ་བྷོལ་གློག་བརྙན་ཀུང་ཟིས་བཟོས་པ་ཡིན། ༢༠༡༥ལོའི་ཟླ་༢པའི་ཚེས་༡༣ཉིན་གློག་བརྙན་ཁང་ནས་སྟོན་མགོ་བརྩམས། ཁྱོན་ཌོ་ལོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ཙམ་གྱི་རིན་པའི་སྤ་སེ་བཙོང་སྟེ་དེའི་ཚ་རླབས་གོ་ལ་ཧྲིལ་བོར་འཕྱུར།  སྒྲུང་དེབ་ནི་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཨེ་ཨལ་རྗེམ་ཟིའི(E.L.James)སྨྱུག་འོག་ནས་ཐོན་པ་ཡིན།  བརྩམས་སྒྲུང་དེའི་མིང་ལའང《སྐྱ་ཞད་ལྔ་བཅུ》ཟེར་བ་དང་༢༠༡༡ལོར་པར་སྐྲུན་བྱས། དེབ་དེར་ཁག་རྗེས་མ་གཉིས་ཀྱང་བྲིས་ཡོད། དེ་ཉིད་འཛམ་གླིང་ཡོངས་སུ་དེབ་གྲངས་དུང་ཕྱུར་བརྒལ་བ་བཙོང་ཟིན་ཅིང་། ད་ལྟའི་བར་དུ་སྐད་རིགས་ང་གཉིས་ལ་བསྒྱུར་འདུག རྩོམ་པ་པོ་ཨེ་ཨལ་རྗེམ་ཟི་ནི་བརྙན་འཕྲིན་ལེ་ཚན་གྱི་སྒྲིག་བཟོ་བ་ཞིག་ཡིན་པ་དང་མོའི་ཁྱོ་ཀ་ནི་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། དང་པོ་དེ་ནི་དྲ་ལམ་དུ་བཀོད་པའི་སྒྲུང་ཞིག་ཡིན་ཞིང་མིང་ལ《སྲིད་པའི་བདག་པོ》ཞེས་འབོད། འོན་ཀྱང་ཀློག་མཁན་གྱིས་ཨ་གསར་ཆེན་པོ་བྱས་པས་དེབ་མིང་བཅོས་ཏེ་པར་དུ་བསྐྲུན། 
   དེབ་དེའི་ནང་དོན་མདོར་བསྡུས་ན་འདི་ལྟ་སྟེ། རྩོམ་རིག་ཆེད་སྦྱོང་གི་སློབ་ཆེན་བུ་མོ་ཞིག་གིས་ལོ་ན་གཞོན་པའི་ཚོང་དཔོན་ཆེན་པོ་ཞིག་ལ་བཅར་འདྲི་ཐེངས་ཤིག་བྱས་པ་བརྒྱུད་མོའི་སེམས་པ་ནི་ཁོའི་ཕྱོགས་སུ་ཤོར་བ་དང་། རིམ་གྱིས་ཁོང་གཉིས་བར་འབྲེལ་འདྲིས་སྣ་ཚོགས་བྱུང་། གཟུགས་བྱད་ལེགས་ཤིང་། རྣམ་དཔྱོད་ལྡན་ལ། གཞན་རྣམས་སྤ་བཀོང་བར་བྱེད་པའི་ཚོང་དཔོན་དེའང་ཕལ་བའི་བུ་མོ་དེ་ལ་ཞེ་ཆགས། འོན་ཀྱང་ཁོང་གཉིས་ཀྱི་འབྲེལ་བའི་གཏིང་ཇེ་ཟབ་ཏུ་བྱུང་བ་དང་བསྟུན་ནས་ཁོ་ལ་ནི་གཞན་གྱིས་ཐོས་ན་ངོ་ཚ་དགོས་པའི་གསང་བ་སྣ་ཚོགས་ཡོད་ཅིང་དེ་ནི་ཁོའི་མི་ཚེའི་ནང་གི་སྐྱ་ཞད་ལྔ་བཅུར་གྱུར་ཡོད་པ་རེད། གསང་བ་དེ་མཐོང་བ་དང་ཁོང་གཉིས་ཅི་བྱ་གཏོལ་བྲལ་གྱི་ངང་དུ་ཁ་བྲལ།
   དེང་འདིར་སྐྱ་ཞད་ལྔ་བཅུ་ཞེས་པའི་མིང་དེ་གློག་བརྙན་དང་དེབ་ཀྱི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཏེ་རྒྱན་གོས་ཀྱི་སྡེ་དང་སྤྱི་འབྲེལ་དྲ་བའི་ནང་གི་རྒྱུགས་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་འདུག 
   དེའང་ཕྲན་གྱིས་ནི《སྐྱ་ཞད་ལྔ་བཅུ》དང་འབྲེལ་བའི་རྩོམ་ཡིག་ཅིག་ཇི་ལྟར་འབྲི་བའི་སྐོར་ལ་བསམ་བློ་བཏང་སྟེ་བདུན་ཕྲག་ཁ་ཤས་ལོན་པའི་རྗེས་སུ། ང་དང་ཨཱན་གྷ་ཝེ་གི་གཉིས་སྤྲོ་ཚོགས་ཤིག་ལས་མཇལ་ཅིང་མོས་ང་ལ་མོ་རང《སྐྱ་ཞད་ལྔ་བཅུ》ལ་ཤིན་ཏུ་དགའ་བ་དང་། དེ་ལྟ་བུའི་དེབ་ཀྱིས་ནི་ཉལ་ཐ་དང་འདྲ་བར་མོའི་ཡིད་བསླུས་སོང་ཟེར། སྐབས་དེ་དང་བསྟུན་ཏེ་ཕྲན་གྱིས་མོ་ལ་རང་ཉིད་དང་མཉམ་དུ《སྐྱ་ཞད་ལྔ་བཅུ》ཡི་སྐོར་གླེང་བའི་རེ་བ་བཏོན་ཅིང་། བསམ་བློར་བཀག་རྒྱ་མེད་པའི་བུད་མེད་ཤེས་ཡོན་པ་གཉིས་ཀྱིས་འཛེམ་དོགས་མེད་པ་དང་རང་དབང་ལྡན་པའི་ངང་ནས་མཚན་མ་དང་། འདོད་སྲེད་ཀྱི་བརྩམས་སྒྲུང་སྐོར་གླེང་ཐུབ་པ་དེ་བདེན་དཔང་བྱ་འདོད་བྱུང་། དེ་ནི་མང་པོ་ཞིག་གི་དྲན་ཕྱོགས་ལྟར་སྐྱུག་བྲོ་བ་དང་མ་རབས་ཐ་ཤལ་གྱི་ལས་ཤིག་མ་ཡིན་པས་མོས་དེ་མ་ཉིད་དུ་ཁས་བླངས་ཏེ། “སེམས་ལ་ཤར་བ་མཐའ་དག་ཅི་དགར་གླེང་ཆོག་པས་ངེད་གཉིས་རིག་གནས་ཀྱི་བཀག་རྒྱ་ལས་བརྒལ་བའི་བགྲོ་གླེང་གང་དེར་འཇུག་ཆོག”ཟེར།
《སྐྱ་ཞད་ལྔ་བཅུ》ཞེས་པའི་སྒྲུང་དེབ་ཀྱི་རྩོམ་པ་པོ་ཨེ་ཨལ་རྗེམ་ཟི(E.L.James)མོ་རང་༡༩༡༢ལོར《དུས་བབ》དུས་དེབ་ཀྱིས་བདམས་པའི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་སྒྱུ་རྩལ་བ་དང་ལུས་རྩལ་བའི་ཁྲོད་ཀྱི་ཨང་རིམ་དྲུག་པར་གྱུར།
   ད་ལོའི་ཟླ་གསུམ་པའི་ནང་། ངེད་གཉིས་པེ་ཅིང་གི་སན་ལི་ཐོན(三里屯)གྱི“དེབ་སྲིན”ཁོ་ཧྥེ་ཁང་ནས་འཛོམས་ཏེ་ལྷན་ཅིག་ཏུ་གུང་ཚིགས་ལ་རོལ་ཅིང་ཁོ་ཧྥེ་འཐུང་། ཉིན་དེར་ཁོ་ཧྥེ་ཁང་དེར་ལོ་རེར་ཐེངས་གཅིག་རེ་སྡུད་པའི་རྒྱལ་སྤྱིའི་རྩོམ་རིག་དུས་ཆེན་གྱི་སྒོ་མོ་ཕྱེ་ཡོད་པས་འདུ་འཛི་ཤིན་ཏུ་ཆེ། དེ་ནི་པེ་ཅིང་དུ་འཚོགས་པའི་ཕྱི་གླིང་གི་རིག་གནས་པའི་འདུ་ཚོགས་ཆེན་པོ་ཞིག་ཡིན་ལ། འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཕེབས་པའི་རྩོམ་པ་པོ་དང་ཉན་མཁན། རང་འདུན་པ་སོགས་ཀྱིས་ཁོ་ཧྥེ་ཁང་དེ་ཡོངས་སུ་བཀང་འདུག ངེད་གཉིས་ནི་ཁོ་ཧྥེ་ཁང་དེའི་དཀྱིལ་གྱི་ཟས་ཅོག་ཅིག་གི་མཐའ་ནས་ཙོག་ཅིང་། ངེད་གཉིས་ཀྱིས་མགྲིན་པ་དཀྱོགས་སྟེ་སྐད་གསང་མཐོན་པོས་དབྱིན་སྐད་ཀྱི་ལམ་ནས《སྐྱ་ཞད་ལྔ་བཅུ》ཡི་སྐོར་དང་། རྩུབ་མོའི་བྱ་བ[མཆན། ཕན་ཚུན་གྱི་ལུས་པོར་མནར་གཅོད་བཏང་སྟེ་རྩུབ་མོའི་ངང་དུ་རང་གི་འདོད་པ་སྐོང་ཐབས་བྱེད་པའི་ཆགས་སྤྱོད་ཀྱི་རིགས་ཤིག་སྟེ། དེ་ལ་དབྱིན་སྐད་དུ་sadomasochismཟེར་ཅིང་བསྡུས་ཚེ་SMཟེར]འདོད་པའི་སྐོར། བརྩེ་དུང་གི་སྐོར། རང་དབང་གི་སྐོར་སོགས་གླེང་བ་ཡིན། ད་ལྟ་བསམ་ན། སྐབས་དེའི་ངེད་གཉིས་ཀྱི་ངང་ཚུལ་དེ་ཧ་ཅང་དམིགས་བསལ་བ་ཞིག་ཡིན་སྲིད། གཤམ་དུ་དེའི་ནང་དོན་ཧྲིལ་བོ་དགོད་རྒྱུ་ཡིན་ལ་དེར་རྩོམ་སྒྲིག་དང་འཕྲི་སྣོན་ཅུང་ཙམ་བྱས་ཡོད། 

ཝོའུ་ཝི་ན་རེ། ཁྱེད་ཀྱིས《སྐྱ་ཞད་ལྔ་བཅུ》ལ་གདེང་འཇོག་ཇི་ལྟར་བྱ།
ཨཱན་གྷ་ཝེ་གི་ན་རེ། བདག་གིས་དེབ་དེ་བྲིན་པོ་མ་བྱུང་བའི་དུས་ནས་བཟུང་དེའི་ཁག་གསུམ་པོ་བཀླགས་པ་ཡིན། ངས་བསམ་ན《སྐྱ་ཞད་ལྔ་བཅུ》ནི་སྒྲུང་གི་རིགས་དེའི་ནང་ནས་བྲིས་པ་ཆེས་ལེགས་པ་ཞིག་རེད་སྙམ། དེབ་དེ་ལ་ཧྥ་རན་སི་ནས་ཨ་གསར་ཆེན་པོ་བྱེད་ཀྱིན་འདུག ཀུན་གྱིས་ཉོ་བཞིན་པར་མ་ཟད་ག་ས་ག་ན་བཙོང་རྒྱུ་ཡོད་པ་རེད། དེ་ལྟ་ནའང་དྲང་མོར་བཤད་ན་དེ་ཉིད་ཤུགས་ཆེན་པོས་ཀུན་ལ་མཚམས་སྦྱོར་བྱེད་པའི་དགོས་པ་ཆེར་མི་འདུག དེ་ནི་རྒྱུགས་ཆེ་བའི་རིག་གནས་ཀྱི་ཁོངས་སུ་གཏོགས་པ་ནི་བསྙོན་དུ་མེད། ངས་དེ་ཉིད་བྲིས་པ་ལེགས་ཟེར་བ་ནི་དེ་ལ་རྩོམ་རིག་གི་ཁྱད་ཆོས་ཡ་མཚན་པ་ཞིག་ཡོད་པས་མིན་ཏེ་རྩོམ་རིག་གི་རིན་ཐང་ཕྱོགས་ནས་གླེང་ན《སྐྱ་ཞད་ལྔ་བཅུ》ཡི་ནང་ན་ལེན་དུ་རུང་བ་ཅི་ཡང་མི་འདུག དེའང་འདོད་སྲེད་ཀྱི་བརྩམས་སྒྲུང་གཞན་དག་དང་བསྡུར་ན་དེའི་བྱུང་རིམ་གྱི་བཀོད་པ་མཚར་ཅིང་ཀློག་པའི་ཚེ་ན་ལྷོད་ཡང་གི་ཚོར་བ་ཞིག་སྟེར་བ་ཙམ་མོ།། བདག་གིས་བརྩམས་སྒྲུང་དེའི་ནང་འདོད་བརྩེའི་ཁྲོད་ཀྱི་འདྲ་མཉམ་གྱི་འབྲེལ་བ་དེ་གཙོ་བོར་བརྗོད་ཡོད་པར་མ་ཟད། ཐེངས་དང་པོར་BDSM[མཆན། དེ་ནི་ཤེ་སྦྱོར་གྱི་རྣམ་པ་མི་འདྲ་བ་མང་པོ་ཞིག་གི་བསྡུས་མིང་སྟེ། bondageབྲན་ཏུ་བཀོལ་བའམ་འཁྱིག་པ་དང་། disciplineའདུལ་བའམ་གཅུན་པ། dominanceདབང་དུ་བྱེད་པ། submissionཐམས་ཅད་དང་དུ་ལེན་པ། sadismརྩུབ་མོར་སྤྱོད་པ། masochismརྩུབ་མོར་སྤྱོད་དུ་འཇུག་པ་བཅས་ཀྱི་བསྡུས་མིང་ངོ]ཉིད་བརྗོད་བྱར་བྱས་ནས་ཀུན་གྱི་སྤྱན་སྔར་ཕུལ་བ་སྟེ། དེ་ཉིད་སྤྱི་བའི་རྩོད་གཞི་ཞིག་གི་ངོས་ནས་རྒྱུགས་ཆེ་བའི་རིག་གནས་ཀྱི་སྟེགས་བུར་བཞག་ནས་གླེང་གཞི་ཞིག་ཏུ་འགྱུར་བཅུག་པ་རེད། 
   དེ་མིན《སྐྱ་ཞད་ལྔ་བཅུ》གང་སར་ཁྱབ་པའི་རྒྱུ་གཞན་ཞིག་ནི་མི་མང་པོ་ཞིག་ནི་BDSMཟེར་བའི་ཆགས་རྩེད་ནང་གི་ཡུལ་དང་ཡུལ་ཅན་གཉིས་དངོས་སུ་ཉམས་ལེན་བྱེད་པར་སྤྲོ་བས་ཀྱང་རེད། མང་པོ་ཞིག་གིས་དེབ་དེ་བཀླགས་རྗེས་ཀུན་གྱིས་དང་དོད་མི་བྱེད་པའི་འཁྲིག་ཐབས་དེའང་དེ་འདྲའི་སྐྱིད་པོ་ཞིག་ཡིན་པ་ཤེས་པ་རེད། གཅིག་བྱས་ན་བརྩེ་གྲོགས་དང་ཁྱོ་ཤུག་མང་པོས་དེ་ལ་བརྟེན་ནས་རང་ཉིད་ཀྱི་རེ་འདོད་གསར་བ་དེ་བསྐང་ཆོག་པའང་གསར་དུ་ཤེས་པ་ཡིན་སྲིད།
 

ཝོའུ་ཝི་ན་རེ། ཁོ་མོས་ལོ་འདི་གར་འཆར་ཡན་གྱི་ཉམས་དང་ལྡན་པའི་འདོད་བརྩེའི་བརྩམས་སྒྲུང་མང་པོ་ཞིག་ལ་ཡོ་རོབ་དང་ཨ་རིའི་དཔེ་སྐྲུན་པའི་སྡེ་ནས་ཚ་རླབས་ཆེན་པོ་འཕྱུར་བར་མཉམ་བཞག་པ་ཡིན། ༢༠༡༣ལོར། ཧྥ་རན་སིའི་ཨཱ་མ་ཟོན་གྱི་དེབ་བྲིན་པོའི་པང་རིམ་གྱི་སྔོན་མ་གསུམ་གྱི་ནང་ན་འདོད་བརྩེའི་བརྩམས་སྒྲུང་གཉིས་ཡོད་པ་རེད། དེ་ལས་གཅིག་ནི་བུད་མེད་རྩོམ་པ་པོ་སེལ་ཝེ་ཡ་ཊའེ(Sylvia Day)ཡིས་བརྩམས་པའི《ང་ལ་དམ་དུ་འཁྱུད་ཅིག》ཅེས་པ་དེ་ཡིན་ལ། གཞན་དེ་ནི་ཨེ་ཨལ་རྗེམ་ཟིས་བརྩམས་པའི《སྐྱ་ཞད་ལྔ་བཅུ》རེད། ཞིབ་ཏུ་བརྩིས་ཚེ་པང་རིམ་དེའི་ཁྲོད་དུ་འདོད་བརྩེའི་བརྩམས་སྒྲུང་གིས་བརྒྱ་ཆའི་བཞི་བཅུ་ཟིན་འདུག འོན་ཀྱང་ཀྲུང་གོའི་དཔྱད་བརྗོད་པ་ལ་ལ་དང་དྲ་དམངས་ལ་ལས《སྐྱ་ཞད་ལྔ་བཅུ》ཉིད་ཡོ་རོབ་དང་ཨ་རི་ནས་བྲིན་པོ་བྱུང་བའི་རྒྱུ་མཚན་ནི་ཁོ་ཚོར་རྒྱ་ཡིག་གི་དྲ་བའི་ནང་དུ་ཡོད་པའི་འདོད་སྲེད་ཤེ་སྦྱོར་གྱི་སྒྲུང་དེབ་དེ་འདྲ་མེད་པས་རེད་ཟེར།
ཨཱན་གྷ་ཝེ་གི་ན་རེ། ཤོད་སྟངས་དེ་འདྲ་བྱུང་བ་ནི་ཁོ་ཚོ་ནུབ་ཀྱི་འདོད་བརྩེའི་རྩོམ་རིག་གི་སྲོལ་རྒྱུན་ལ་ཆ་རྒྱུས་མེད་པས་རེད། ནུབ་ཕྱོགས་སུ་དུས་སྔ་མོ་ནས་འཐུས་ཚང་ཞིང་གནད་དུ་སྨིན་པའི་འདོད་བརྩེའི་རྩོམ་རིག་གི་ཚོང་ར་འབེལ་བོར་ཡོད་པར་མ་ཟད།  གཏན་འཇགས་ཡིན་ཞིང་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པའི་ཀློག་མཁན་གྱི་དཔུང་སྡེའང་ཆེན་པོ་ཞིག་ཡོད། དེ་བས་ནུབ་ཀྱི་རྩོམ་རིག་གི་ཡན་ལག་ཏུ་གྱུར་བའི་འདོད་བརྩེའི་རྩོམ་རིག་ལ་ལོ་རྒྱུས་ཤིན་ཏུ་རིང་བ་རེད།

ཝོའུ་ཝི་ན་རེ། ནུབ་ཀྱི་འདོད་བརྩེའི་རྩོམ་རིག་གི་དཔེ་སྐྲུན་གྱི་ཚོང་ར་དེ་ཅུང་རྒྱས་པར་བཤད་ན་ཅི་འདྲ་འདུག
ཨཱན་གྷ་ཝེ་གི་ན་རེ། དེའང་ནུབ་ཕྱོགས་ཀྱི་དེབ་ཁང་གི་དཔེ་སྒྲོམ་མམ་ཨཱ་མ་ཟོན་གྱི་དྲ་ལམ་དེབ་ཁང་གང་ཡིན་ཡང་། ཕོ་མོའི་བརྩེ་དུང་བརྗོད་པའི་སྐོར(Romance)ཞེས་རིགས་ཡན་གར་བ་ཞིག་ཡོད་ལ། རྒྱལ་ཁབ་འགའ་རེའི་དེབ་ཁང་དུ་དེ་ལ་བརྩེ་དུང་དང་འདོད་པའི་སྐོར(Romance and Sex)ཞེས་པའི་སྤྱི་མིང་ཞིག་བཏགས་ཡོད། དེ་ལ་བྱེ་བྲག་ཏུ་རིགས་གཉིས་ཡོད་ལ། གཅིག་ནི་འདོད་བརྩེའི་སྐོར(Erotic Romance)དང་། གཞན་དེ་ནི་ཆགས་སྲེད་ཀྱི་བརྩམས་སྒྲུང(Sex Fiction)ཡིན། དེ་དག་གི་ཁྲོད་དུ་རྒྱུ་སྤུས་བཟང་ངན་ཅི་རིགས་ཡོད་པ་དང་། ཧ་ཅང་སྤུས་དག་པའི་རིགས་དཀོན། ཁྱད་དུ་འཕགས་པའི་རྩོམ་རིག་བརྩམས་ཆོས་སུ་ཚུད་པ་ཧ་ཅང་ཉུང་ལ་གཏན་ནས་མེད་པའང་མ་ཡིན། དེའི་ཚོང་ར་ཤིན་ཏུ་འབེལ་བོ་ཡོད་དེ། ལོ་འདི་དག་གི་རིང་ལ་བྱུང་བའི་གློག་དེབ་པར་སྐྲུན་དང་དྲ་ལམ་དེབ་ཁང་གི་དྲིན་གྱིས་བརྩམས་ཆོས་རིགས་དེའི་བརྒྱུད་ལམ་ཇེ་ཡངས་སུ་སོང་ཡོད། ཀློག་མཁན་གྱིས་ཀྱང་ལས་སླ་མོའི་ངང་དུ་དེབ་ཉོ་ཐུབ་སྟེ། ཁྱོད་ཀྱིས་ཨཱ་མ་ཟོན་གྱི་དྲ་ལམ་དེབ་ཁང་ཉུལ་ཙམ་བྱས་པས་ཀྱང་འདོད་བརྩེའི་སྐོར་གྱི་དེབ་བརྒྱ་གྲངས་ཤིག་བདེ་བླག་ཏུ་རྙེད་ཐུབ། དེ་དག་ཐམས་ཅད་ཀྱང་ཚད་ལྡན་གྱི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་ཡིན། 
   སྤྱིར་བཏང་དུ་འདོད་བརྩེའི་སྐོར་གྱི་བརྩམས་སྒྲུང་དེ་དག་གི་དོན་གྱི་བྱུང་བ་ནི་བརྩེ་དུང་དང་འབྲེལ་ཡོད་ལ། གཏམ་རྒྱུད་ཀྱི་དབུ་རྩོམ་པ་དང་གཞུང་སྲིང་བ། བརྩེ་དུང་ལས་བྱུང་བའི་དཀའ་ཁག་དང་འགལ་རྐྱེན་མཐའ་དག་ཆགས་སྲེད་དང་འབྲེལ་ཡོད། གཏམ་རྒྱུད་ཀྱི་མཇུག་ཕལ་ཆེ་བ“མཐར་ཁོང་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་མཆིས་སོ”ལྟ་བུའི་ངང་དུ་བསྡུས་ཡོད། བརྗོད་བྱའི་ཕྱོགས་ནས་དེ་ལ་ནང་གསེས་སུ་མཚན་མའི་འབྲེལ་བ་དང་། མཚན་མའི་ཕྱོགས་ཡུལ། མཚན་མའི་ཞེན་འཛིན་སོགས་ཡོད་ཅིང་སྣ་འདུས་ཤིང་ཞིབ་ཆ་ལྡན་པ་ཞིག་རེད། དཔེར་ན་མཚན་མཐུན་གྱི་སྐོར་དང་། གསུམ་མཐུན་གྱི་འབྲེལ་བ་ལས་བྱུང་བའི་བརྩེ་དུང་གི་སྐོར་བྲིས་པའང་འདུག དེ་མིན་ད་དུང་སྲིན་པོ་ཁྲག་འཐུང(Vampire)སོགས་གཏམ་རྒྱུད་ཀྱི་ནང་ལ་འབྱུང་དུ་འཇུག་པའང་ཡོད། བདག་གིས་ནི་ཆགས་སྲེད་དང་འབྲེལ་བའི་བྱུང་རིམ་ཇི་ལྟར་འགོད་པའི་སྐོར་གྱི་དེབ་ཅིག་ཀྱང་བཀླགས་མྱོང་། དེ་བས《སྐྱ་ཞད་ལྔ་བཅུ》ནི་དཔེ་མཚོན་དུ་འོས་པའི་འདོད་བརྩེའི་བརྩམས་སྒྲུང་ཞིག་རེད་ཅེས་བཤད་ཆོག རྒྱུ་མཚན་གཞན་ཞིག་གི་ངོས་ནས་གླེང་ན། དེ་སྔ་ཤིན་ཏུ་བྲིན་པོ་བྱུང་བའི《སྐྱ་མདའ》(Twilight)ཞེས་པའི་དེབ་ཕྲེང་དེའང་འདོད་བརྩེའི་བརྩམས་སྒྲུང་ཞིག་ཡིན་ལ། འདིར་གླེང་བའི་རིགས་ཆེན་པོ་དེའི་གྲས་སུ་གཏོགས་སོ།།(མུ་འགོད)
འབྲེལ་ཡོད་རྩོམ་ཡིག