ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཧོ་མུར་གྱི་སྒྲུང་དུ་གྲགས་པ་གང་དེའི་མཚམས་སྦྱོར་བསྡུས་པ།

2015-05-08 Clifton Fadiman
གནའ་བོའི་གྷི་རིག་གི་དུས་སྐབས་སུ་ཧོ་མུར་གྱི་སྒྲུང་གཞིར་བྱས་ཏེ་བྲིས་པའི་རི་མོ་ཞིག 
 
   《ཨེ་ལཱིས་ཡ་ཌི》(Iliad)དང་《ཨོ་ཌི་སིས》(Odyssey)གཉིས་ནི་གནའ་བོའི་གྷི་རིག་གི་ཆེས་རིང་བའི་སྒྲུང་གཉིས་ཡིན་ལ། དེ་གཉིས་ལ་ཡོངས་གྲགས་སུ《ཧོ་མུར་གྱི་སྒྲུང》ཞེས་སུ་གྲགས། སྒྲུང་དེ་གཉིས་ཀ་ནི་ནུབ་ཀྱི་ཤེས་རིག་གི་ལོ་རྒྱུས་སུ་ཆེས་སྔ་ཞིང་རླབས་ཆེ་ལ་གྲགས་པའི་དཔལ་གྱིས་ཕྱུག་ཡོད། དེང་གི་དུས་སུའང་། ངེད་ཅག་གིས་བདུད་མོ་སཱེ་རེན(Siren)[མཆན། མོ་ནི་བྱ་ལུས་མིའི་གདོང་བ་ཅན་ནམ་ཉ་ལུས་མིའི་གདོང་བ་ཅན་གྱི་མཚོ་ནང་གི་བདུད་མོ་ཞིག་སྟེ། གཞས་སྙན་མོ་བཏང་སྟེ་དེད་དཔོན་རྣམས་ཀྱི་ཡིད་སླུ་བར་བྱས་ནས་དེ་དག་གི་གྲུ་རྣམས་འཇིགས་སུ་རུང་བའི་གནས་སུ་འདྲེན་པར་བྱེད]དང་།  ཨ་ཁི་ལཱིས་ཟིའི་ཕྱི་རྟིང(Achilles’s heel)[མཆན། ཨ་ཁི་ལཱིས་ཟི་ནི་མཚོའི་ལྷ་མོ་ཟླ་ཐི་སི་དང་དཔའ་བོ་ཕུ་ལཱེ་ཟི་གཉིས་ཀྱི་སྲས་ཡིན་ལ། ཁོང་བཙས་མ་ཐག་ཡུམ་གྱིས་ཁོང་ལྷའི་ཆུ་བོའི་ནང་དུ་བཞག་སྟེ་མཚོན་གྱིས་རྒོལ་ཏུ་མེད་པའི་དངོས་གྲུབ་ཐོབ་པར་བྱས། ཡིན་ནའང་ཁོང་གི་ལུས་ལས་ཕྱི་རྟིང་གཅིག་པུ་ལྷའི་ཆུས་མ་གོས་པས་རྗེས་སུ་ཉི་མའི་ལྷས་དེ་ལ་མདའ་བརྒྱབ་སྟེ་ཁོང་བཀྲོངས། རྗེས་སུ་ཨ་ཁི་ལཱིས་ཟིའི་ཕྱི་རྟིང་ཞེས་པ་མི་དཔའ་བོ་དང་དབང་ཐང་ཅན། ཡོན་ཏན་ཅན་སོགས་ལའང་ཞན་པའམ་ཉེས་པའི་ཆ་གང་རུང་ཞིག་ཡོད་པའི་དཔེ་རུ་འཇོག་པར་བྱེད]སོགས་ཁ་བརྡའི་ནང་དུ་བཀོལ་གྱིན་ཡོད་ལ། བུད་མེད་མཛེས་མ་དག་ཧེ་ལུན(Helen)[མཆན། མོ་ནི་ལྷ་ཆེན་ཟོས་སིའི་སྲས་མོ་སྟེ། སྐབས་དེའི་མི་ཡུལ་གྱི་མཛེས་མའི་རྒྱན་གཅིག་ཏུ་གྲགས་ཤིང་། རྗེས་སུ་མོ་རང་སི་ཕར་ཐ་རྒྱལ་ཁབ་ཀྱི་རྒྱལ་སྲས་ཀྱི་བཙུན་མོ་ཡིན་དུས་ཁྲི་རོ་ཨེའི་རྒྱལ་སྲས་ཀྱི་རྗེས་དེད་དེ་བྲོས་བྱོལ་བྱས་པས། སྐད་གྲགས་ཆེ་བའི་ཁྲི་རོ་ཨེའི་གཡུལ་འགྱེད་བྱུང་། ནུབ་ཀྱི་རྩོམ་རིག་ཏུ་མོའི་སྣང་བརྙན་ནི་རང་རེའི་སེང་ལྕམ་འབྲུག་མོ་དང་ཧ་ཅང་འདྲ་བོ་ཡོད་པས་མོ་ལ་ནུབ་ཀྱི་འབྲུག་མོ་རུ་འབོད་ཆོག]གྱི་དཔེ་རུ་འགོད་པར་བྱེད། དེ་བཞིན་དུ་ངེད་ཅག་གིས་སྣང་ལ་ངེས་པའམ་མ་ངེས་གང་རུང་གི་ངང་ནས《ཨེ་ལཱིས་ཡ་ཌི》ལུང་དུ་འདྲེན་པར་བྱེད། འདི་དག་ཐམས་ཅད་ལོ་ངོ་སུམ་སྟོང་སྔོན་གྱི་དཔའ་བོའི་སྒྲུང་གང་ལས་བྱུང་བ་ཉིད་དོ།།
   ཧོ་མུར་དུ་འབོད་པའི་སྐྱེས་བུ་དེའི་འཁྲུངས་འདས་གསལ་བོར་མ་ངེས་ཤིང་། གཅིག་བྱས་ན་སྤྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱ་ནས་བདུན་བརྒྱའི་བར་ཡིན་སྲིད་ལ། ཡང་ན་དེ་ལས་སྔའང་སྲིད། དྲང་མོར་ཞུས་ན་ངེད་ཅག་གིས་སྐྱེས་བུ་དེ་འདྲ་ཞིག་དངོས་སུ་བྱུང་ཡོད་མེད་ལའང་ཁ་ཚོན་གཅོད་མི་ཐུབ་པར་མ་ཟད། སྒྲུང་དེ་དག་ཀྱང་ཧོ་མུར་འབོད་པ་ཞིག་གིས་བྲིས་པ་ཡིན་མིན་ཡང་གསལ་བོར་མ་ངེས། ཡང་ན་གནའ་བོའི་དགོད་གཏམ་ཞིག་ཏུ་ཧོ་མུར་ཟེར་བ་དེ་སྐྱེ་བོ་གཞན་ཞིག་ཡིན་ཟེར་བ་དེ་བདེན་པར་ངེས། དེ་མིན་ཚེ་དེ་ནི་མི་མང་པོ་ཞིག་གམ་ཚོགས་པ་ཞིག་གིས་བྲིས་པར་ངེས། སམ་ཡཱུལ་བྷ་ཊི་ལིར(Samuel Butler)[མཆན། ཁོང་ནི་༡༨༣༥ལོར་འཁྲུངས་ཤིང་༡༩༠༢ལོར་འདས་པའི་དབྱིན་ཇིའི་རྩོམ་པ་པོ་ཞིག་སྟེ། ཁོང་སྐུ་འཚོ་གཞེས་གནང་བའི་སྐབས་སུ་དེབ་བྲིན་པོ་མ་བྱུང་ཞིང་གཞན་གྱིས་དོ་སྣང་ཡང་མ་བྱས། སྐུ་གཤེགས་རྗེས་ཁོང་གི་སྒྲུང་རིང<འགྲོ་བའི་ལམ>ཞེས་པ་དངོས་སུ་པར་སྐྲུན་བྱས]གྱིས་《ཨོ་ཌི་སིས》ནི་བུད་མེད་ཅིག་གིས་བྲིས་པ་ཡིན་པར་བཞེད། ཡིན་ཡང་དྲི་བ་འདི་དག་ནི་མཁས་པ་རྣམས་ཀྱི་ཞིབ་འཇུག་གི་ཡུལ་དུ་བསྐྱུར་ཆོག་སྟེ། གང་ལྟར་སྒྲུང་གང་དེ་ནི་ངེད་ཅག་ལ་དབང་བ་ཡིན་ནོ།།
   དེའང་སྒྲུང་དེ་བྱུང་བའི་དུས་སྐབས་དེར། དེ་ནི་རྣ་བས་མཉན་བྱ་ཞིག་ལས་དེབ་ཏུ་བྲིས་ཏེ་བཀླག་བྱ་ཞིག་མ་ཡིན་པར་གྲགས་ཤིང་། ཧོ་མུར་དུ་འབོད་པ་གང་སྟེ། སྐྱེས་ཕོ་ཞིག་གམ་བུད་མེད་ཅིག ཡང་ན་མི་མང་པོ་ཞིག་ཡིན་པ་གང་ཡིན་ཆ་མ་འཚལ་བ་དེས་ཚོགས་པའི་གྲས་སུ་དེ་ཉིད་བཤད་པར་བྱས་སོ།།
   《ཨེ་ལཱིས་ཡ་ཌི》རུ་ཁྲི་རོ་ཨེའི་གཡུལ་འགྱེད(Trojan War)བྱུང་རྗེས་ཀྱི་ལོ་བཅུ་བ་འམ་ལོ་རྗེས་མའི་ཉིན་ལྔ་བཅུའི་རིང་གི་དོན་རྣམས་བརྗོད་ཡོད། ཁྲི་རོ་ཨེའི་གཡུལ་འགྱེད་ནི་སྐབས་དེའི་རྒྱལ་ཕྲན་ནམ་སྡེ་བ་འགའི་བར་དུ་བྱུང་བ་ཡིན་ལ། ངེད་ཅག་གིས་ཁོང་ཚོའི་སྤྱི་མིང་ལ་གྷི་རིག་པ་ཟེར་ཆོག མཐར་སི་ཕར་ཐའི་དམག་གིས་ཁྲི་རོ་ཨེའི་མཁར་གྱི་མཐའ་བསྐོར་ཏེ་དཔུང་འཇུག་བྱས་པ་དང་། ཁྲི་རོ་ཨེའི་ལྕགས་རི་མཐོན་པོ་བཙན་གྱིས་བཟུང་བར་མ་ཟད་མེར་བསྲེགས། སྒྲུང་ནང་དུ་བརྗོད་པའི་ལྕགས་རི་མཐོན་པོ་དེ་ནི་ལོ་རྒྱུས་ནང་དངོས་སུ་ཡོད་པ་ཞིག་ཀྱང་ཡིན། གལ་སྲིད་ཁྲི་རོ་ཨེ་ཇི་ལྟར་ཆམ་ལ་ཕམ་པའི་གསལ་བོར་ཤེས་འདོད་ན་ཝུར་རྗི་ལི་ཟིས་(Vergilius)[མཆན། ཁོང་ནི་ཕྱི་ལོ་སྔོན་གྱི་ལོ་༧༠ནས་ལོ་༡༩བར་བྱོན་པའི་རོམ་གྱི་སྙན་ངག་པ་ཞིག་སྟེ། ཁོང་གི་སྙན་ངག་གིས་ཕྱིས་སུ་བྱོན་པའི་ནུབ་ཀྱི་སྙན་ངག་པ་མང་པོར་ཤུགས་རྐྱེན་ཐེབས་ཡོད]བྲིས་པའི《ཨེ་ནའེ་ཟི》(Aeneis)ཞེས་པར་ཞིབ་ཏུ་གསལ། 
   《ཨེ་ལཱིས་ཡ་ཌི》ནི་གཡུལ་འགྱེད་དུ་འབོད་པའི་མིའི་རིགས་ཀྱི་རྩིང་སྤྱོད་དེ་ཧ་ཅང་ཞིབ་ཚགས་སུ་བྲིས་པའི་ལེགས་རྩོམ་ཞིག་ཏུ་བརྩི་ཆོག སྒྲུང་དེ་རུ་མིའི་རིགས་ཀྱི་ཕྱོགས་ཀྱི་མི་སྣ་གཙོ་བོ་ནི་ཨ་ཁཱི་ལིས་ཟི་ཡིན་པ་དང་། གཏམ་རྒྱུད་ཀྱི་བྱུང་བ་གཙོ་བོ་དེ་ཨ་ཁཱི་ལིས་ཟིའི་ཁོང་ཁྲོ་དང་། ཡི་མུག གཏུམ་དྲག་བཅས་ལ་བརྟེན་ཅིང་མཐར་ཁོང་གིས་རང་གི་དཔའ་མཛངས་ཀྱི་སྤྱོད་པ་བསྲུངས་པ་བརྗོད་དེ་མཇུག་བསྡུས་ཡོད། ཁོང་ནི་ནུབ་ཀྱི་རྩོམ་རིག་གི་ལོ་རྒྱུས་སུ་བྱུང་བའི་དཔའ་བོའི་སྣང་བརྙན་དང་པོ་ཡིན་ལ། དེའང་ངེད་ཅག་གིས་དཔའ་བོ་ཞེས་པ་ཅི་འདྲ་ཡིན་པ་རྗོད་པའི་སྐབས་སུ་རྟག་པར་མིག་ལམ་ལ་ཨ་ཁཱི་ལིས་ཟི་ཤར་ཡོང་ངེས།
   གལ་སྲིད་ཁྱོད་ཀྱིས་གཟུགས་ཆུང་དུ་གཏོང་བྱེད་ཀྱི་ཤེལ་མིག་སྤྱད་ནས《ཨེ་ལཱིས་ཡ་ཌི》ལ་བལྟས་པ་ཡིན་ན། དེ་ཉིད་གཞི་རྒྱ་ཤིན་ཏུ་ཆུང་བའི་གཡུལ་འགྱེད་ཅིག་ཏུ་འགྱུར་འགྲོ་བ་དང་། ཧ་ཅང་ཕྲ་བའི་ཕྲག་དོག་ཙམ་དང་ངོ་ལོག་ཉིད་གཡུལ་འགྱེད་དེའི་མཚོན་བྱེད་གཙོ་བོར་འགྱུར་འགྲོ། དེ་བཞིན་གཡུལ་འགྱེད་དེར་ཞུགས་པའི་སྐྱེ་བོ་དག་ཀྱང་དབྱུག་པ་དང་རྡོ་ལ་བྲལ་མ་ཐག་པའི་དམུ་རྒོད་འགའ་ཞིག་ལས་མ་འདས་ཤིང་གནའ་སྔ་མོའི་དུས་ནས་ཁོང་ཚོའི་རྗེས་ཆད་ཟིན་པ་རེད། 《ཨེ་ལཱིས་ཡ་ཌི》ཡི་ནང་གི་གཡུལ་འགྱེད་ནི་ངེད་ཅག་གིས་དེང་འདིར་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ཏེ་ཕན་ཚུན་གསོད་རེས་བྱེད་པ་དང་བསྡུར་ན། ངོ་མ་བཤད་རིན་མེད་པ་ཞིག་ཡིན་ནོ།།
   འོན་ཀྱང་ཁྱད་མཚར་བ་ཞིག་ལ། ཁྱོད་ཀྱིས་སེམས་རྣལ་མས《ཨེ་ལཱིས་ཡ་ཌི》ཀློག་པའི་ཚེ་ན། ཁྱོད་ཀྱི་ཆུང་ཤེལ་དེ་ཉིད་ཆེ་ཤེལ་དུ་འགྱུར་འགྲོ་བ་སྟེ། གཡུལ་འགྱེད་ཀྱི་གཞི་རྒྱ་ཆེ་ཆུང་ལ་མི་ལྟོས་པར་མི་དང་ལྷའི་བར་གྱི་འབྲེལ་བ་དེ་ཆེ་ནས་ཆེ་རུ་བསྐྱེད་པར་ངེས། 《ཨེ་ལཱིས་ཡ་ཌི》རུ་ཆེས་གཙོ་བོར་བརྗོད་པ་ནི་མིའི་དཔའ་མཛངས་ཀྱི་སྤྱོད་པ་ཡིན་ལ། དཔའ་མཛངས་ཀྱི་སྤྱོད་པ་དེའང་ཤིན་ཏུ་ཡངས་པའི་བློ་གཤོགས་དང་བསྲེས་པའི་སྤྱོད་པ་བཟང་བོ་ཞིག་ཡིན་པས་དེ་ནི་ཉམ་ཆུང་བ་ཞིག་མ་ཡིན།
   དཔེར་ན་དམག་དཔོན་ཆེན་པོ་ཨེ་སུན་ཧོ་ཝུར(Dwight David Eisenhower)[མཆན། ཁོང་ནི་༡༨༩༠ལོའི་ཟླ་༡༠པའི་ཚེས་༡༤ཉིན་སྐུ་འཁྲུངས་ཤིང་། ༡༩༦༩ལོའི་ཟླ་༣པའི་ཚེས་༢༨ཉིན་སྐུ་འདས། ཨ་རིའི་སྲིད་འཛིན་༣༤བ་སྟེ། སྐམ་དམག་གི་སྐར་མ་ལྔའི་རིམ་པ་ཅན་གྱི་དམག་དཔོན་ཡིན། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཁོང་གི་མནའ་འབྲེལ་དམག་གི་ཡོ་རོབ་ཀྱི་བཀོད་འདོམས་པ་གཙོ་བོའི་འགན་ཁུར།]གྱི《ཡོ་རོབ་ཀྱི་སེར་དམག》ཅེས་པ་དེ་ནི་སྤྱོད་སྒོ་ཤིན་ཏུ་ཆེ་བའི་དེབ་ཅིག་ཡིན་ལ། དེར་མིའི་རིགས་ཀྱི་ལོ་རྒྱུས་སུ་གཞི་རྒྱ་ཆེས་ཆེ་བའི་སྐམ་དམག་དང་མཚོ་དམག་གི་རྒྱལ་ཁའི་འབྲས་བུ་ཆེན་པོ་དེ་བྲིས་ཡོད། དེ་དང་བསྡུར་ན《ཨེ་ལཱིས་ཡ་ཌི》རུ་བཀོད་པ་ནི་ལོ་རྒྱུས་ཀྱི་རིན་ཐང་མེད་པའི་ཡུལ་ལུང་ཆུང་བའི་གཡུལ་འཁྲུག་ཙམ་དུ་ཟད། དེ་ལྟ་མོད་ཀྱང་། 《ཡོ་རོབ་ཀྱི་སེར་དམག》ནི་《ཨེ་ལཱིས་ཡ་ཌི》ཡི་ནང་དུ་ཡོད་པའི་བློ་གཤོགས་ཡངས་པོ་དེ་འདྲས་དབུལ་ལོ།། ཡིན་ནའང་ངེད་ཅག་གིས་དེ་རྒྱུ་མཚན་དུ་བྱས་ནས་ཨེ་སུན་ཧོ་ཝུར་ལ་ལེ་བདའ་གཏོང་དགོས་དོན་ཡང་མེད་དེ། ཁོང་ནི་ཧོ་མུར་མིན་པ་མངོན་སུམ་ཚད་མས་གྲུབ།
   འཇིག་རྟེན་འདིར་ཧོ་མུར་གཉིས་པ་ཞིག་དེ་སྔ་བྱོན་མྱོང་མེད། གལ་སྲིད་ངེད་ཅག་གིས་《ཨེ་ལཱིས་ཡ་ཌི》དང་《ཨོ་ཌི་སིས》བཀླགས་པ་ལ་བརྟེན་ནས་སྙིང་པོ་གཞན་ཅི་ཡང་རྙེད་མི་སྲིད་ན། དེ་ལ་བརྟེན་ནས་སྒྱུ་རྩལ་དང་ཚན་རིག་གཉིས་ཀྱི་བར་ཁྱད་ཆེན་པོ་དེར་ཅིས་ཀྱང་བསམ་བློ་གཏང་ངེས། ཚན་རིག་ནི་མུ་མཐུད་ནས་འཕེལ་ཅིང་རྒྱས་པར་འགྱུར་ནའང་། སྒྱུ་རྩལ་ནི་སྔར་གྱི་གནས་ན་བསྡད་དེ་ལུས་ཡོད་པའོ།། དེ་བས་འཆར་སྒོའི་མཐའ་ཡས་ཤིང་རྩོམ་པའི་རྩལ་རྫོགས་པའི་སྐྱེ་བོ་སུ་ཡིན་ཡང་ངེད་ཅག་དང་དུས་རབས་གཅིག་ཏུ་བྱོན་པ་ཡིན་པར་ངོས་འཛིན་ཆོག་པ་དང་། ཏག་ཏག་ངེད་ཅག་ནི་དེ་ལྟ་བུའི་བསམ་བློར་བརྟེན་ནས་གོང་གི་སྒྲུང་གཉིས་ལ་འཇུག་དགོས་པ་ཡིན།
   《ཨོ་ཌི་སིས》ནི་《ཨེ་ལཱིས་ཡ་ཌི》ཡི་འཕྲོས་རྩོམ་ཡིན། དེ་རུ་ཁྲི་རོ་ཨེ་ཆམ་ལ་ཕམ་རྗེས་ཀྱི་གྷི་རིག་གི་དཔའ་བོ་རྣམས་ཀྱི་གཏམ་རྒྱུད་བརྗོད་ཡོད་པ་དང་། ལྷག་པར་དུ་ཨོ་རྡི་སྱོའུ་སི(Odysseus)ཟེར་བའི་དཔའ་བོ་ཞིག་གི་ལས་དབང་དམིགས་ཀྱིས་བསལ་ཏེ་ཞིབ་མོར་བརྗོད་ཡོད། ཨོ་རྡི་སྱོའུ་སི(འདི་ལ་ལ་ཏིང་གི་སྐད་དུ་Ulisseཟེར)ནི་གནའ་བོའི་གྷི་རིག་གི་ཨེ་ཟི་ཁར་གླིང་ཕྲན་གྱི་མི་རྗེ་ཡིན། དེར་ཁོང་ཁྲི་རོ་ཨེ་གཡུལ་འགྱེད་ཀྱི་རྗེས་སུ་གྲུ་ལ་བརྟེན་ཏེ་ཕྱིར་ལོག་པ་དང་། ཁོའི་བུ་ཁྲི་ལེ་མའུ་ཁུ་སི(Telemachus)ཡིས་རང་གི་ཡབ་བཙལ་བའི་སྐོར་ཞིབ་ཏུ་བརྗོད་ཡོད། བརྗོད་བྱ་དེ་ཉིད་ཕྱིས་ཀྱི་བརྩམས་སྒྲུང་མང་པོའི་ནང་དུ་བཀོལ་ཅིང་དཔེར་ན་རྗེམ་སི་རྗོ་ཨི་སི(James Joyce)ཡིས་བརྩམས་པའི《ཡོ་ལེ་སིས་སི》[མཆན། ཨེར་ལན་གྱི་རྩོམ་པ་པོ་གྲགས་ཅན་གང་དེས་༡༩༡༤ལོ་ནས་༡༩༢༡པར་མཛད་ཅིང་༡༩༢༢ལོར་པར་དུ་བསྐྲུན་པའི་སྒྲུང་གྲགས་ཅན་ཞིག་ཡིན་ལ། དེ་རུ་གྲོང་མི་ཕལ་བ་Leopold Bloomཟེར་བའི་༡༩༠༤ལོའི་ཟླ་དྲུག་པའི་ཚེས་༡༦ཉིན་སྟེ་ཉིན་གཅིག་རིང་འཕྲད་པའི་དོན་རྣམས་ཞིབ་པར་བྲིས་ཡོད ]ལྟ་བུའོ།། 《ཨོ་ཌི་སིས》སུ་ད་དུང་ཨོ་རྡི་སྱོའུ་སི་ཁོང་རང་ཁྱིམ་དུ་མེད་དུས་ཀྱི་བགྲང་བྱ་བཅུའི་རིང་ལ། གཉེན་སློང་མཁན་མང་པོས་དྲེགས་པ་དང་བཅས་ཁོང་གི་བཙུན་མོ་ཕུ་ནེ་ལུར་ཕི(Penelope)མཆོག་སྐྱ་ཡར་ཨེ་ཁུག་བལྟས་པ་དང་། ཁོང་ཉིད་ཕྱིར་ཕོ་བྲང་དུ་ལོག་རྗེས་དེ་དག་ལ་སྐྱིན་པ་ཚ་ནན་དུ་བླངས་པའི་སྐོར་ཡང་བྲིས་ཡོད། དེབ་དེ་བཀླགས་མ་མྱོང་བའི་སྐྱེ་བོ་སུས་ཀྱང་གཏམ་རྒྱུད་དེ་དག་ཤེས་པར་སྲིད། དེ་བས་དེ་ནི《དམ་པའི་གསུང་རབ》དང་འདྲ་བར་དེབ་ཅིག་རེད་ཟེར་བ་ལས་ངེད་ཅག་གི་སེམས་ཀྱི་སྦུབས་སུ་ཡོད་པའི་གྲུབ་ཆ་གང་རུང་ཞིག་རེད་ཟེར་ཆོག
   《ཨེ་ལཱིས་ཡ་ཌི》བཀླགས་ཚར་ཏེ《ཨོ་ཌི་སིས》ཀྱི་ཁ་འབྱེད་པའི་ཚེ་ན། ཁྱོད་རང་འཇིག་རྟེན་གཞན་ཞིག་ལ་ལྟད་མོར་འགྲོ་བ་ལྟ་བུའི་ཚོར་བ་འབྱུང་སྲིད། གལ་སྲིད་《ཨེ་ལཱིས་ཡ་ཌི》ནི་གཡུལ་གྱི་རྔ་སྒྲས་ཀུན་ནས་ཁྱབ་པའི་འཐབ་འཁྲུག་གི་གླུ་ཞིག་ཡིན་ཚེ། 《ཨོ་ཌི་སིས》ནི་བརྩེ་དུང་གི་རྒྱ་མཚོ་ཉིད་རེས་འགར་དམའ་ཞིང་རེས་འགར་མཐོན་པོར་འཕྱུར་བར་བྱས་ཏེ་གཞས་བཏང་བ་ཉིད་དོ།།
   གསལ་བོར་བཤད་ན། སྒྲུང་དེ་གཉིས་ཀ་རྩ་བའི་ཆ་ནས་མི་འདྲ། 《ཨེ་ལཱིས་ཡ་ཌི》ནི་སྐྱོ་གར་ཞིག་སྟེ། དེའི་ནང་གི་བརྗོད་དོན་ཉིད་ཕྱིས་སུ་བྱུང་བའི་ནུབ་ཀྱི་རྩོམ་བྱུང་ལོ་རྒྱུས་སུ་ཡང་དང་བསྐྱར་དུ་བྱུང་བར་མ་ཟད། དེས་ད་དུང་ངེད་ཅག་གི་བསམ་པའི་ཤས་ཤིག་བདག་གིར་བཟུང་ཡོད། དེ་ནི་སྐྱེ་བོ་མཆོག་ཏུ་གྱུར་བ་དག་ཀྱང་ཟློག་ཏུ་མེད་པའི་ལས་དབང་ལ་འཕྲད་སྐབས་བསམ་གྱིས་མི་ཁྱབ་པ་ཞིག་མིན་པ་དེ་ཡིན། འོན་ཀྱང《ཨོ་ཌི་སིས》ནི་སྐྱོ་གར་ཞིག་མིན། དེའི་བརྗོད་དོན་ནི་མིའི་རིགས་ཀྱི་བཀག་རྒྱ་མ་ཡིན་པར་མཐུ་སྟོབས་དང་ནུས་པ་ཉིད་དེ། ཉེན་ཁའི་གནས་སུ་ལྷུང་སྐབས་ཀྱི་བློ་གྲོས་ལས་འཆི་བར་མངོན་དུ་ཕྱོགས་སྐབས་ཀྱི་དཔའ་གདེང་མ་ཡིན་ནོ།། 
   《ཨོ་ཌི་སིས》ཀྱི་ནང་དུ་མིའི་རིགས་ཀྱི་རྟག་བརྟན་གྱི་བརྗོད་གཞི་གཞན་ཞིག་སྟེ་ཤེས་རབ་ཀྱི་ནུས་པ་ཉིད་ཡོད་པས་དེ་ཉིད་དེང་གི་མི་རྣམས་ཀྱི་བློ་ཁ་དང་མཐུན་པ་ཡིན། དེའི་ནང་གི་མི་སྣ་གཙོ་བོ་ཨོ་རྡི་སྱོའུ་སིའང་འཇིགས་པའི་སྐབས་དང་བྲལ་མོད། འོན་ཀྱང་ཁོའི་དཔའ་བའི་སྟོབས་ནི་བློ་གྲོས་ལ་བརྟེན་པ་ལས་ཨ་ཁཱི་ལིས་ཟི་བཞིན་ཤུགས་དྲག་པའི་ཚོར་བ་ཁོ་ན་ལས་བྱུང་བ་མ་ཡིན། དེའི་ཕྱིར་ཁོའི་དགའ་སྐྱོ་ཆགས་སྡང་ནི་དེང་གི་མི་རྣམས་དང་འདྲ་བར་མངོན་སུམ་གྱི་ཚོར་བ་དང་རྗེས་དཔག་གི་རིགས་པ་གཉི་ཀ་ལས་བྱུང་བ་ཡིན། 
   《ཨོ་ཌི་སིས》ཀྱི་སྒྲུང་བཤད་སྟངས་ཀྱང་བཅོས་མ་མིན་པའི་མི་གཤིས་ཉིད་བརྗོད་བྱར་བཟུང་བ་དང་ཤིན་ཏུ་འཕྲོད། དེའི་ནང་དུའང་ལྷ་སྒྲུང་མི་ཉུང་བ་ཞིག་ཡོད་མོད་བཀླགས་པའི་ཚེ་ན་དེས་མངོན་སུམ་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་ཡིན་པ་ལྟ་བུའི་བག་ཆགས་འཇོག་ངེས། དོན་དམ་དུའང་དེ་ནི་ཆེས་སྔ་བའི་མངོན་སུམ་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་ཡིན་ལ། ཆེས་སྔ་ཞིང་ཆེས་ལེགས་པའི་ཉེན་ཁ་རྒལ་བའི་བརྩམས་སྒྲུང་ཞིག་ཀྱང་ཡིན་ནོ།།
   དེང་འདིར་ངེད་ཅག་གིས་སླར་ཡང་བརྩམས་སྒྲུང་དེ་ཉིད་ཀློག་པའི་ཚེ་ན། དེ་ཉིད་ཉེན་ཁ་རྒལ་བའི་དོན་བརྗོད་སྙན་ངག་ཅིག་ཏུའང་བལྟ་ཆོག  སྙན་ངག་དེའི་ནང་དུ་རྣམ་དཔྱོད་ཀྱི་རྒྱུན་ཉིད་ཆད་པ་མེད་པའི་སྐྱེས་བུ་ཁྱད་པར་བ་ཞིག་གི་གཏམ་རྒྱུད་བརྗོད་ཡོད། དེ་བས་《ཨོ་ཌི་སིས》ནི《ཨེ་ལཱིས་ཡ་ཌི》ལས་བཀླག་སླ། ངེད་ཅག་སེམས་ལྷོད་པོས་དེ་ལ་འཇུག་ཆོག་གོ

སྐྱ་བོས《ཚེ་གཅིག་གི་དེབ་ཀློག་པའི་འཆར་གཞི》(<The New Lifetime Reading Plan>)ལས་ཁོལ་དུ་ཕྱུང་སྟེ་བསྒྱུར་བ་དང་། རྩོམ་པ་པོ་ནི་ཁི་ལི་ཧྥུ་ཐོན་ཧྥ་ཌི་མན(Clifton Fadiman,1904-1999)ཡིན།ཁོང་ནི་ཀུན་གྱི་དགའ་མོས་བྱེད་སའི་ཨ་རིའི་རྩོམ་པ་པོ་ཞིག་དང་། རྩོམ་སྒྲིག་པ་ཞིག་ཡིན་ལ། 《དབྱིན་ཇི་ཆེན་པོའི་ཤེས་བྱ་ཀུན་ཁྱབ》(Encyclopedia Britannica)ཀྱི་རྩོམ་སྒྲིག་ཚོགས་པའི་ཁོངས་མིའང་ཡིན།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག