ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《སྐྱ་ཞད་ལྔ་བཅུ》ལས་འདོད་པའི་སྐོར་གླེང་བ། ༢

2015-04-20 ཝོའུ་ཝི།
ཝོའུ་ཝི་ན་རེ། ཇི་ལྟ་བུའི་རྩོམ་པ་པོ་ཞིག་ཡིན་ཚེ་ད་གཟོད་འདོད་བརྩེའི་བརྩམས་སྒྲུང་འབྲི་བ་རེད། བརྩམས་སྒྲུང་དེའི་རིགས་ནི་ཁྱད་དུ་འཕགས་པའི་རྩོམ་རིག་བརྩམས་ཆོས་ཀྱི་གྲས་སུ་ཚུད་དཀའ་བས་དངོས་དོན་དེ་ཁས་ལེན་པར་ངོ་ཚ་སྲིད་དམ།
ཨཱན་གྷ་ཝེ་གི་ན་རེ། ཤེས་དགོས་པ་ཞིག་ལ་བརྩམས་སྒྲུང་དེའི་རིགས་འབྲི་མཁན་ཕལ་ཆེ་བ་བུད་མེད་རེད། ཁོང་ཚོ་ཕལ་ཆེ་བ་དབྱིན་ཇི་དང་། ཨ་རི། ཨོ་སི་ཐྲི་ལེ་ཡ་སོགས་ཨིན་སྐད་སྨྲ་མཁན་གྱི་ཨང་གྷི་ལིའུ་དང་ས་ཁུ་སུན(Anglo-Saxon)གྱི་རྒྱལ་ཁབ་དག་གི་རེད། ཧྥ་རན་སི་ནའང་ཆེད་དུ་འདོད་བརྩེའི་བརྩམས་སྒྲུང་འབྲི་མཁན་གྱི་རྩོམ་མཁན་མང་པོ་ཡོད། འོན་ཏེ་སུ་ཞིག་ལའང་འདོད་བརྩེའི་བརྩམས་སྒྲུང་བྲིས་པའི་རྐྱེན་གྱིས་དམའ་འབེབས་བྱ་མི་སྲིད། 《སྐྱ་ཞད་ལྔ་བཅུ》ཡི་རྩོམ་པ་པོ་ནི་དེང་འདིར་ཡོང་འབབ་ཆེས་བཟང་བའི་རྩོམ་པ་པོ་རེད། 
   འདིར་ད་དུང་དོན་ཅུང་མཚར་བོ་ཞིག་ཡོད་དེ། དེར་ངེད་ཅག་གིས་ལས་སླ་བོའི་ངང་དུ་སྡོམ་ཚིག་དགོད་མི་ཐུབ་ནའང་དེའི་སྐོར་ལ་བསམ་གཞིགས་གཏང་ཆོག དེ་ནི་བརྩེ་དུང་བརྗོད་པའི་བརྩམས་སྒྲུང་དག་དུས་ནམ་ཞིག་ནས་བཟུང་མཚན་མ་དང་འབྲེལ་བར་གྱུར་བ་དེ་རེད། ནུབ་ཕྱོགས་ལ་མཚོན་ན་བརྩེ་དུང་བརྗོད་པའི་བརྩམས་སྒྲུང་དང་ཁྱེད་ཀྱིས་བཤད་པའི་ལྐོག་ཏུ་བཀླག་བྱའི་ཆགས་སྲེད་ཀྱི་དཔེ་དེབ་གཉིས་གཏན་ནས་མི་འདྲ། ངེད་ཅག་གི་སྤྱི་ཚོགས་སུ་འདོད་བརྩེའི་སྐོར་གྱི་དེབ་ཀློག་པ་ནི་ཁྲིམས་མཐུན་ཞིག་ཡིན་ཅིང་དེ་ལ་བརྟེན་ནས་བཙོན་དུ་འཇུག་པའམ་མི་གཞན་གྱིས་སྡིགས་མོ་གཏོང་བ་སོགས་ཡོད་མི་སྲིད། དེས་ན་ཁྱེད་ཀྱིས《སྐྱ་ཞད་ལྔ་བཅུ》ལ་དོ་སྣང་བྱེད་དོན་ཅི་ཡིན། ཁྱེད་ཀྱིས་དེ་ལས་ཅི་ཞིག་གི་སྐོར་ལ་དོ་སྣང་བྱེད་ཀྱིན་ཡོད།

ཝོའུ་ཝི་ན་རེ། ཀྲུང་གོ་ན་བརྩམས་སྒྲུང་དེ་བཀླགས་མྱོང་མཁན་ཧ་ཅང་ཉུང་ཞིང་ཕལ་ཆེར་མེད་ཅེས་བཤད་ཀྱང་ཆོག འོན་ཀྱང་ཟོག་རྩོམ[མཆན། མི་གཞན་གྱིས་རྩོམ་བྲིས་པ་དང་རི་མོ་སོགས་ཀྱི་པར་སྐྲུན་དང་བཤུ་འབྲི་སོགས་ཀྱི་དབང་ཚད་རང་ལ་མེད་བཞིན་དུ་བྱེད་པ]བྱས་པའི་གློག་བརྙན《སྐྱ་ཞད་ལྔ་བཅུ》ཡི་འོད་སྡེར་དང་། དེ་ཁྲིམས་འགལ་གྱིས་ཕབ་ལེན་བྱེད་སའི་དྲ་ཚིགས་མང་པོ་ཡོད་པས་དེ་ཉིད་ཀྲུང་གོའི་སྐམ་ས་ཆེན་མོ་ལ་ཀུན་ཏུ་ཁྱབ་པར་གྱུར། དེར་མ་ཟད་དེ་ནི་ཡུལ་གྲུ་གཞན་དང་འདྲ་བར་ཀྲུང་གོའི་རྒྱན་གོས་ཀྱི་སྡེ་དང་སྤྱི་འབྲེལ་དྲ་བའི་ནང་གི་ཤིན་ཏུ་རྒྱུགས་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར། ཅུང་མཚར་དགོས་པ་ཞིག་ལ། ཕྱི་རྒྱལ་ནས་དེ་ལ་དགའ་མོས་བྱེད་མཁན་ལོ་༣༥ནས་༥༥བར་གྱི་བུད་མེད་དག་ཡིན་ནའང་། ཀྲུང་གོར་མཚོན་ན་དེ་འདྲ་མ་རེད། ངའི་སྐད་འཕྲིན་གྱི་གྲོགས་ཚོམས་སུ་གློག་བརྙན་དེ་མར་ཕབ་ཡོད་ཟེར་མཁན་ནི་སྐྱེས་པ་ཤ་སྟག་རེད། འོན་ཀྱང་ངའི་ཉེ་འཁོར་གྱི་ཀྲུང་གོ་བའི་ཁྲོད་ན་དེབ་དེ་བཀླགས་མྱོང་མཁན་མི་འདུག
   ང་རང་གིས་ཕལ་ཆེར་དེབ་ཕྲེང་དེ་ཡོངས་སུ་རྫོགས་པར་བཀླགས་ཚར་ཡོད། ལས་ཀའི་རྐྱེན་གྱིས་ང་ལ་ཕྱི་གླིང་གི་གྲོགས་པོ་ཤིན་ཏུ་མང་ཞིང་། ཁོ་ཚོའི་ཁྲོད་དུ་སྐྱེས་པ་མཚན་མཐུན་པའང་མང་པོ་ཡོད། དེ་བས་ངས་སྔ་མོ་ནས་འཚོ་བའི་རྣམ་པ་མི་འདྲ་བ་མཐའ་དག་དང་ལེན་བྱས་ཡོད་ཅིང་། འཇིག་རྟེན་འདི་ནི་རྣམ་པ་སྣ་ཚོགས་ཀྱིས་གྲུབ་པ་དང་། “ཡོད་པ་ཡིན་ན་ལུགས་དང་མཐུན་པའི”ལྟ་བའང་བདེན་པར་བཟུང་ཡོད། དེ་མིན་ཧ་ཅང་གཟབ་ནན་དང་གནས་ལུགས་ལྡན་པའི་ངང་དུ་མཚན་མའི་སྐོར་གླེང་བར་གོམས་ཡོད་ལ་དེར་བརྟེན་ནས་ཕན་ཚུན་དོགས་མི་བདེ་བར་བྱེད་པ་དང་། མངོན་ཆུང་གི་ཉམས་སྟོན་པ་སོགས་བྱ་མི་སྲིད། དེ་ལྟ་ནའང་ངས་ཀྲུང་གོ་བ་དང་མཉམ་དུ་དེའི་སྐོར་གླེང་དཀའ་བར་འདུག ཧ་ལས་དགོས་པ་ཞིག་ལ་ངས་ཉེ་གམ་གྱི་ཀྲུང་གོའི་གྲོགས་པོ་དག་དང་ལྷག་པར་དུ་བུད་མེད་དག་དང་མཉམ་དུ། འཁྲིག་སྦྱོར་བྱེད་དུས་ཀྱི་འདྲ་མཉམ་གྱི་འབྲེལ་བ་དང་། འདོད་པ་ཚིམས་པ། མཚན་མའི་སྐོར་གླེང་སྐབས་ཀྱི་འདྲ་མཉམ་གྱི་གོ་གནས་སོགས་ཀུན་གྱིས་ཤེས་ས་ནས་གླེང་ཆོག་སའི་སྟེགས་བུ་ཞིག་མི་རྙེད་པར་འདུག 
   ངས་སྐད་འཕྲིན་གྱི་གླེང་ཚོམས་ནས《སྐྱ་ཞད་ལྔ་བཅུ》ཡི་དེབ་བམ་གློག་བརྙན་དང་འབྲེལ་ནས་མཚན་མའི་སྐོར་གླེང་བར་བསྐུལ་བ་ན་ལན་འདེབས་མཁན་དག་ལས་བརྒྱ་ཆའི་གོ་ལྔ་ནི་སྐྱེས་པ་རེད། ངས་སླར་ཡང་སྐད་འཕྲིན་གྱི་གནད་ཚིག་འཚོལ་བའི་ཐབས་ལ་བརྟེན་ཏེ། སྐད་གྲོགས་ཀྱི་ནང་ནས་《སྐྱ་ཞད་ལྔ་བཅུ》དང་འབྲེལ་བའི་རྩོམ་ཡིག་བརྒྱུད་སྤེལ་བྱས་པའམ《སྐྱ་ཞད་ལྔ་བཅུ》ལ་བལྟས་རྗེས་ཀྱི་མྱོང་སྣང་འབྲི་མཁན་དག་བཙལ་བ་ན། དེའི་བརྒྱ་ཆའི་དགུ་བཅུའང་སྐྱེས་པ་ཡིན་པས་སྐད་འཕྲིན་དུ་ལན་འདེབས་མཁན་གྱི་གྲངས་ཀ་དང་ཕལ་ཆེར་འདྲ་བ་རེད། 
   འདི་ལས་ཀྲུང་གོའི་འདོད་པའི་རིག་གནས་བགྲོ་གླེང་བྱེད་པའི་གནས་བབས་མཚོན་ཡོད་པ་མིན་ནམ། ཀྲུང་གོ་ནས་འཛེམ་བག་མེད་པར་འདོད་པའི་སྐོར་བགྲོ་གླེང་བྱ་བདེ་བོ་མེད་ལ་གཉེན་བསྒྲིགས་ཟིན་པའི་བུད་མེད་ཀྱི་ཁྲོད་དུ་དེ་ལས་ཀྱང་དཀའ། ངའི་བུ་ཆུང་གི་སློབ་གྲོགས་ཤིག་གི་ཨ་མས་ངའི་གླེང་གཞི་དེའི་དྲིས་ལན་དུ“བྱིས་པའི་ཨ་མ་རྣམས་ཀྱིས་བྱིས་པ་ཇི་ལྟར་གཉོར་ཚུལ་གྱི་རྩོམ་ཡིག་ལ་བལྟས་ཏེ་ཁོམ་གྱིན་མེད”ཟེར། ངོ་མ་དེ་འདྲ་ཡིན་ནམ། ཀྲུང་གོའི་ཨ་མ་རྣམས་ཀྱིས་རང་གི་འདོད་པའི་སྐོར་ལ་དོ་སྣང་བྱེད་ཀྱིན་མེད་དམ། ཡང་ན་འཛེམ་བག་མེད་པར་དེ་གླེང་བར་ཞེད་པ་ཡིན་ནམ།
གློག་བརྙན《སྐྱ་ཞད་ལྔ་བཅུ》ཡི་འཁྲབ་ཁྲིད་པ་སམ་ཐེ་ལུར་རྗན་སུན(Sam Taylor-Jhonson)དང་། འཁྲབ་མཁན་རྗེ་མི་ཌོར་ནན(Jamie Dornan)དང་། ཌུ་ཁོའུ་ཐཱ་རྗན་སུན(Dakota Johnson)བཅས་ཀྱི་མཉམ་པར། པར་དབང་། Chuck Zlotnick
 
ཨཱན་གྷ་ཝེ་གི་ན་རེ། ངས་བསམ་ན་ཀྲུང་གོའི་བུད་མེད་མང་ཤོས་ནི་ཅུང་རྙིང་ཞེན་ཆེ་ཞིང་བག་འཁུམས་པར་འདུག འོན་ཀྱང་ངས་འབྲེལ་འདྲིས་བྱེད་ས་དག་གི་ཁྲོད་དུ་བསམ་པའི་སྒོ་མོ་ཕྱེ་སྟེ་འཛེམ་བག་མེད་པར་འདོད་པའི་སྐོར་གླེང་ནས་སྐད་ཆའི་བཀག་རྒྱ་གཏོར་ཕོད་མཁན་མང་པོ་འདུག དཔེར་ན་མོའུ་ཙི་མི(木子美)ལྟ་བུ་སྟེ། ཉེ་ལམ་མོས་རང་ཉིད་དང་གླ་འཁོར་ཁ་ལོ་བ་ཞིག་གི་བར་དུ་བྱུང་བའི་ལུས་འབྲེལ་དང་བརྩེ་དུང་གི་སྐོར་པོད་ཕྲན་གྱི་ནང་དུ་མུ་འགོད་བྱེད་ཀྱིན་པ་མིན་ནམ། 
ཝོའུ་ཝི་ན་རེ། ཕྱོགས་གཞན་ནས་གླེང་ན། ཀྲུང་གོར་འདོད་བརྩེའི་བརྩམས་སྒྲུང་འབྲི་མཁན་ཧ་ཅང་ཉུང་ངུ་ཞིག་ལས་མེད་ཅིང་། གལ་ཏེ་བུད་མེད་རྩོམ་པ་པོ་ཞིག་གིས་བརྩམས་ཆོས་ཀྱི་ནང་དུ་འདོད་པའི་སྐོར་བྲིས་ཚེ་སྐྱེ་བོ་གཞན་དག་གིས“རྩོམ་རང་གཤིས་ཅན་དུ་འབྲི་བ”དང་། “ལུས་སྨད་ཀྱི་རྩོམ་འབྲི་བ”ལ་སོགས་པའི་རྟགས་ཐམ་རྒྱག་པར་བྱེད། ལྟོས་བཅས་ཀྱིས་བཤད་ན། སྐྱེས་པ་རྩོམ་པ་པོ་རྣམས་ལ་དེའི་ཕྱོགས་ནས་བཀག་རྒྱ་ཅུང་ཆུང་བ་དང་སྤྱི་ཚོགས་ཀྱིས་དང་ལེན་བྱེད་ཚད་ཀྱང་ཅུང་མཐོ། དཔེར་ན། ཧྥུང་ཐང(冯唐)གིས་བྲིས་པའི་བརྩམས་སྒྲུང་དག་གི་ཁྲོད་དུ་འདོད་པའི་སྐོར་ཧ་ཅང་མང་ལ། དེའི་རྐྱེན་གྱིས་ཁོས་རིག་གནས་ཀྱི་ཕྱོགས་སམ་སེམས་ཁམས་ཀྱི་ཕྱོགས་ནས་གནོན་ཤུགས་གང་ཡང་མྱོང་གིན་མེད། གལ་སྲིད་བུད་མེད་རྩོམ་པ་པོ་ཞིག་གི་བརྩམས་ཆོས་སུ་འདོད་པའི་སྐོར་ཤིན་ཏུ་མང་བ་ཡིན་ཚེ་མི་མང་གི་གླེང་གཞི་དེ་བརྩམས་ཆོས་ཀྱི་དཔྱད་པ་ལས་བརྒལ་ནས་རྩོམ་པ་པོའི་སྒེར་གྱི་འཚོ་བའི་ཕྱོགས་ལ་ཤོར་འགྲོ་བར་མ་ཟད། ཐ་ན་དེའི་ཀུན་སྤྱོད་ལེགས་མིན་གྱི་ཕྱོགས་ལའང་འོལ་ཚོད་ཀྱིས་སྐད་ཆ་མང་པོ་བཤད་སྲིད། ལོ་འདི་གར་མོའུ་ཙི་མིས་མོ་རང་གི་འདོད་པ་ལྟར་གཏམ་རྗོད་པའི་རྒྱུན་བསྐྱངས་པ་རེད་ལ་དེ་འདྲ་ཐུབ་མཁན་ཧ་ཅང་དཀོན། འོན་ཀྱང་རྒྱུན་བསྐྱངས་པ་དེའི་རྐྱེན་པས་མོས་དཀའ་སྡུག་ཀྱང་མང་པོ་མྱངས་ཡོད། མོ་ནི་ནམ་ཡང“གཞན་རྣམས་ཧ་ལས་ཤིང་ཧང་སང་བར”བྱེད་པའི་མི་ཉུང་གྲས་སུ་གཏོགས།

ཝོའུ་ཝི་ན་རེ། ཁྱེད་རང་ཤེས་ཡོན་པ་ཞིག་དང་། བརྗོད་བྱ་གཟབ་བརླིང་ཅན་གྱི་རྩོམ་འབྲི་མཁན་ཞིག་ཡིན་པའི་ཆ་ནས་འདོད་བརྩེའི་བརྩམས་སྒྲུང་ཀློག་པར་དགའ་བ་དེ་ནི་འཚེར་སྣང་སྐྱེ་དགོས་པ་ཞིག་རེད་དམ། དྲ་ལམ་ན་མི་ལ་ལས《སྐྱ་ཞད་ལྔ་བཅུ》ཀློག་པར་དགའ་བ་དག་ནི་སྟོང་གཡེམ་ལ་མ་བསྟེན་ཐབས་མེད་དུ་གྱུར་ཡོད་པའི་བགྲེས་མོ་དག་རེད་ཅེས་འཕྱ་བར་བྱེད། ཁོ་ཚོས་དེབ་དེ་ནི་བགྲེས་མོའི་ཆགས་སྲེད་ཀློག་དེབ(Granny porn)རེད་ཟེར།
ཨཱན་གྷ་ཝེ་གི་ན་རེ། འདིར་ཐོག་མར་ཞུ་དགོས་པ་ཞིག་ལ། ངའི་བརྩམས་ཆོས་ཀྱི་བརྗོད་བྱ་མཐའ་དག་ནི་གཟབ་བརླིང་ལྡན་པ་ཤ་སྟག་ཡིན། དཔེར་ན་ཉི་ཧོང་གི་བུད་མེད་ཀྱི་སྐོར་ནས་ང་ནི་ཆེས་ཐོག་མར་དེའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཧྥ་རན་སིའི་རྩོམ་པ་པོ་དེ་ཡིན། ངས་ཚོང་དོན་དུས་དེབ་ཀྱི་སྒྲིག་གཙོ་བྱས་མྱོང་ཞིང་། ཨེ་ཤ་ཡའི་ཁེ་ལས་པ་དག་གིས་ཁེ་ལས་ལ་དོ་དམ་བྱེད་ཚུལ་བརྗོད་བྱར་བྱས་པའི་རྩོམ་ཡིག་ཀྱང་སྤེལ་མྱོང་། དེ་མིན་ངས་ཧྥ་རན་སིའི་ཁེ་ལས་པ་དག་ལ་ཇི་ལྟར་ཨེ་ཤ་ཡ་ནས་ཁེ་ལས་གཉེར་ཚུལ་གྱི་སྐོར་ནས་སློབ་ཁྲིད་ཀྱང་བྱས་མྱོང་། ངའི་བརྩམས་ཆོས་ནི་འདོད་པ་དང་འབྲེལ་བ་ཡེ་ནས་མེད། འདོད་བརྩེའི་བརྩམས་སྒྲུང་ཀློག་པ་ནི་ངའི་དེབ་ཀློག་པའི་དགའ་ཕྱོགས་མང་པོའི་ཁྲོད་ཀྱི་གཅིག་ཡིན།
   འོན་ཀྱང་ཕྱོགས་གཞན་ཞིག་ནས་གླེང་ན། ང་རང་རྩོམ་པ་པོ་ཞིག་ཡིན་པས། ཡི་གེ་ལ་བརྟེན་པའི་བྱ་བ་ནི་ངའི་འཚོ་ཚིས་གཉེར་བའི་ཐབས་རྩལ་ཞིག་ཡིན་ཞེས་བཤད་ཆོག ངས་ལོ་ཉི་ཤུའི་རིང་ལ་ཡོ་གའི་དགེ་རྒན་བྱས་པས་དབང་བོ་སྒོ་ལྔའི་ཚོར་བ་སྣ་ཚོགས་ཤིན་ཏུ་སྐྱེན་པོ་ཡོད། དེ་བས་ང་རང་ལུས་ཀྱི་བྱེད་ནུས་དང་། ལུས་པོ་དང་སེམས་ཀྱི་འབྲེལ་བར་དཔྱད་སྤྲོ་ལ། ལུས་པོའི་མངོན་སྟངས་སྣ་ཚོགས་ལ་མཚར་སྣང་ཆེན་པོ་ཡོད།
   མ་གསང་དྲང་བོར་ཞུས་ན། ང་ལ་དེ་ལོབས་ཡོད། ངས་འདོད་བརྩེའི་བརྩམས་སྒྲུང་སྟོང་ཕྲག་བརྒལ་བ་བཀླགས་ཟིན། བརྩམས་ཆོས་དེ་དག་གི་ནང་དུ་ཆགས་སྲེད་ཀྱི་སྐོར་བྲིས་པའི་རྗོད་པ་ཧ་ཅང་མང་བ་ནི་བསྙོན་དུ་མེད། དེ་དག་ཐམས་ཅད་ཡིད་དུ་འོངས་པར་འདུག་སྟེ་ཐམས་ཅད་བརྩེ་བ་དང་དུང་བར་འབྲེལ་ཡོད། ཆགས་སྲེད་ཀྱི་རྣམ་པ་བྲིས་པ་དང་འཕྲད་སྐབས། དེའི་བྱུང་རིམ་དང་བསྟུན་ནས་སྒྲུང་ནང་གི་མི་སྣ་དེ་འདོད་པས་ཚིམ་པར་འགྱུར་ཅིང། ཀློག་མཁན་གྱི་ཚོར་བའང་ཤིན་ཏུ་སྐྱིད་པ་རེད། 
   འདོད་བརྩེའི་བརྩམས་སྒྲུང་བཀླགས་པ་ལས་བདག་གིས་ཇི་ལྟར་ཚིག་དང་རྗོད་པར་བརྟེན་ནས་ཀློག་མཁན་གྱི་དབང་བོར་ཚོར་བ་དམིགས་བསལ་བ་སྟེར་དགོས་པ་ཤེས་པར་མ་ཟད། མ་བཅོས་པའི་འདོད་སྲེད་ཀྱི་སྣང་བ་ཞིག་ཇི་ལྟར་མཚོན་ཚུལ་ལའང་སེམས་རྣལ་མས་བསླབ་པ་ཡིན། 
   དེང་འདིར་བདག་ནི་བུ་ཕྲུག་གསུམ་གྱི་ཨ་མ་ཡིན་ལ། ཁོ་ཚོ་ཚང་མ་སློབ་ཆེན་སློབ་མ་ཡིན་པས་ང་ལ་ང་རང་གིས་གང་འདོད་དུ་དགོལ་ཆོག་པའི་དུས་ཚོད་མང་པོ་ཡོད། ངས་རང་གི་བློ་རིག་དང་ནུས་སྟོབས་ལ་བརྟེན་ནས་ཐམས་ཅད་ཐག་གིས་གཅད་ཆོག དེའི་ཕྱིར་དེབ་གང་ཞིག་ཀློག་མིན་དེ་ང་རང་ཉིད་ཁོ་ནར་འབྲེལ་བ་ཞིག་ཡིན་པས་མི་གཞན་གྱིས་དེབ་དེ་བཙོག་པ་ཞིག་རེད་ཅེས་ང་ལ་དྲན་སྐུལ་བྱ་མི་དགོས་སོ།།
   གསལ་པོར་བཤད་ན《སྐྱ་ཞད་ལྔ་བཅུ》ནི་རོལ་རྩེད་ཤས་ཆེ་བའི་དེབ་ཅིག་རེད། དེ་ཀློག་པར་སྤྲོ་བ་ནི་སྐྱེ་བོ་འགའ་ཞིག་མྱུལ་ཞིབ་བརྩམས་སྒྲུང་ཀློག་པར་དགའ་བ་དང་གཅིག་འདྲ་རེད། ངས་དེ་གཉིས་ལ་མི་འདྲ་བ་གང་ཞིག་ཡོད་མིན་ཤེས་མ་བྱུང་། 
   དེ་བཞིན་ངས་འདོད་བརྩེའི་བརྩམས་སྒྲུང་ཀློག་པ་དེ་ངོ་ཚ་བའི་ལས་ཤིག་ཏུ་མི་འདོད་ཅིང་། དེ་ལ་དགའ་མཁན་ཚོར་སྐྱེ་བོ་གཞན་གྱིས་མཚང་འབྲུ་བ་དང་སྐྱོན་བརྗོད་པར་ཡང་མི་སེམས། དྲང་མོར་བཤད་ན། ཁྱོད་ཀྱིས་ཅི་བྱེད་ལ་མཉམ་འཇོག་བྱེད་མཁན་རྩ་བ་ནས་མེད་ལ་རྐང་བཙུགས་ནས་ཁྱོད་ལ་ལེགས་ཉེས་གླེང་མཁན་ཡང་ཡོད་མི་སྲིད། འོན་ཀྱང་འདིར་གསལ་བོར་བཤད་དགོས་པ་ཞིག་ལ། དེ་ལྟ་བུའི་ཆ་རྐྱེན་འཛོམས་དགོས་ཚེ་ངེས་པར་དུ་རང་དབང་གི་ཁོར་ཡུག་ཅིག་ཏུ་འཚོ་དགོས། རེད་དེ། ཚུལ་མཐུན་གྱི་སྤྱི་ཚོགས་ཤིག་ནས་མི་སུ་ལའང་དེབ་གང་ཞིག་བཀླགས་པའི་རྐྱེན་གྱིས་ཡིན་མིན་སྣ་ཚོགས་བཤད་མི་སྲིད། 
   བདག་གིས་བསམ་ན《སྐྱ་ཞད་ལྔ་བཅུ》ནི་བགྲེས་མོའི་ཆགས་སྲེད་ཀློག་དེབ་ཅིག་རེད་ཟེར་ན་བསམ་བཞིན་དུ་སྨ་འབེབས་བྱས་པ་ལས་མ་འདས། དེ་འདྲ་བྱས་ན་མི་ལེགས། བདག་གིས་འདོད་བརྩེ་མཚོན་དགོས་ན་ངེས་པར་དུ་རྩོམ་རིག་གཙང་མའི་རྣམ་པའམ་མཆོག་ཏུ་གྱུར་བ་ཞིག ཡང་ན་ཆེས་གཙང་མ་ཞིག་ལ་བརྟེན་དགོས་པར་མི་འདོད། དེ་ལ་ཚད་ཐིག་དམིགས་བསལ་བ་ཞིག་བཟོའང་མི་དགོས་པར་འདོད། མི་རེ་རེར་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད་པས་ཚད་གཞི་གཅིག་གིས་ཡོད་ཚད་ཁེབས་པ་མིན་ལ་དེ་མཁོ་བའང་མིན་ནོ།། ང་རང་ལ་དཔེ་བཞག་ནས་བཤད་ན། འདོད་བརྩེའི་བརྩམས་སྒྲུང་གང་ཞིག་རྩོམ་རིག་གི་བརྩམས་ཆོས་ལེགས་པོ་ཞིག་ཏུ་མ་གྱུར་ཚེ་བཀླག་མི་འདོད་པ་དེ་འདྲ་རྩ་བ་ནས་མིན། 

ཝོའུ་ཝི་ན་རེ།《སྐྱ་ཞད་ལྔ་བཅུ》ཡི་དཔྱད་གཏམ་མང་པོ་ཞིག་ཏུ《སྐྱ་ཞད་ལྔ་བཅུ》ཡི་རྩོམ་པ་པོ་རྗེམ་ཟི་ནི་གདོང་བྱད་དེ་འདྲ་ཡག་རྒྱུ་མེད་པའི་བུད་མེད་དར་མ་ཞིག་རེད། མོས《སྐྱ་ཞད་ལྔ་བཅུ》ནི་མོ་རང་ལ་སེམས་ནས་སྟོང་གཡེམ་བྱེད་སྤྱད་དུ་བྲིས་པ་རེད་ཅེས་ཅུང་ཟུར་ཟའི་ངང་དུ་བྲིས་འདུག དེ་ལ་ཁྱེད་ཀྱིས་ཇི་ལྟར་བསམ།
ཨཱན་གྷ་ཝེ་གི་ན་རེ། བརྩམས་ཆོས་མི་གླེང་བར་རྩོམ་པ་པོ་གླེང་བ་ནི་ངོ་མ་སུན་བྱེད་ཅིག་རེད། དེ་ལྟ་བུའི་བརྩམས་སྒྲུང་ནི་ཀློག་མཁན་ལ་ཆེད་དུ་སྟོང་བསམ་བྱེད་པའི་གྲོགས་སུ་བྲིས་པ་ཡིན་ནའང་། རྒྱུ་མཚན་དེ་ལ་བརྟེན་ནས་རྩོམ་མཁན་ཚང་མས་སྟོང་གཡེམ་བྱེད་པ་མི་མཚོན། སྟོང་བསམ་དང་སྟོང་གཡེམ་གཉིས་ལའང་ཁྱད་པར་ཆེན་པོ་ཡོད། སྟོང་བསམ་ནི་ཡིད་དུ་འོང་བ་ཞིག་སྟེ། བརྩེ་དུང་ཕུན་སུམ་ཚོགས་པར་སྟོང་བསམ་བྱ་ཆོག་པ་ལ་འདོད་པ་ཚིམ་པར་ཡང་སྟོང་བསམ་བྱ་ཆོག དེ་ལ་མི་རུང་བ་ཅི་ཡོད། མི་དར་མའི་འཇིག་རྟེན་དུ་ཆེས་དཀོན་པ་ནི་འཆར་སྒོ་དང་སྟོང་བསམ་རང་རེད། འདོད་བརྩེའི་བརྩམས་སྒྲུང་ནི་མངོན་སུམ་གྱི་འཚོ་བ་ལས་རིང་དུ་འདས་པའི་སྟོང་བསམ་གྱི་རྒྱུ་ཆ་ཞིག་བཏོན་པ་ཡིན་ལ། སྟོང་བསམ་ལ་བརྟེན་ནས་མིའི་ལུས་སེམས་གཉིས་ཀ་སྐྱིད་པར་བྱེད་ཅིང་སྤྲོ་རྩེད་ཀྱིས་ཁེངས་པར་བྱེད་པ་ཡིན་པས། ངས་དེ་ལ་སྐྱོན་ཅི་ཡང་ཡོད་པར་མ་མཐོང་། 

ཝོའུ་ཝི་ན་རེ། འདིར་སྣང་ཚུལ་ཅུང་མཚར་བོ་ཞིག་འདུག་སྟེ། ནུབ་ཕྱོགས་དང་མི་འདྲ་བ་ཞིག་ལ། གལ་སྲིད་ཀྲུང་གོ་ནས་བརྩེ་དུང་གི་བརྩམས་སྒྲུང(Romance)ཟེར་ན།རོགས་སྒྲིག་བརྩམས་སྒྲུང(言情小说)ལ་གོདེ་ནི་ང་རང་མོ་ལོ་བཅོ་ལྔ་བཅུ་དྲུག་ཡིན་དུས་སུ་བཀླགས་པའི་ཆོང་ཡོ(琼瑶)དང་། དབྱི་ཧྲོའུ(亦舒)སཱན་མོ(三毛)སོགས་ཀྱི་བརྩམས་ཆོས་ཏེ་ངས་ཁོ་ཚོའི་དེབ་གཅིག་ཀྱང་མ་ལུས་པར་བཀླགས་མྱོང་། ངེད་ཅག་སྟེ་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་མི་རབས་ཀྱིས་ལོ་རབས་དགུ་བཅུ་བ་ཡས་མས་སུ་བཀླགས་པའི་ཀྲུང་གོའི་རོགས་སྒྲིག་བརྩམས་སྒྲུང་གི་ནང་དུ། ཕོ་མོ་ཕན་ཚུན་ལག་གདང་སྦྲེལ་བའམ་ཡང་ན་འོ་བྱེད་པ་ཙམ་ལས་དེའི་ནང་དུ་འདོད་པ་སྤྱོད་པའི་སྐོར་ཞིག་བྲིས་ཡོད་ཟེར་ན་སེམས་ལའང་འཆར་མི་ཐུབ། འོན་ཀྱང་ལྐོག་ནས་བཀླག་བྱའི་ཆགས་སྲེད་ཀྱི་དེབ་ལག་བྲིས་མ་དང་ཟོག་དེབ་སོགས་མེད་པའང་མ་ཡིན། 
   དེང་འདིར་འདོད་པའི་སྐོར་ནས་ཀྲུང་གོའི་སྤྱི་ཚོགས་ནི་སྣ་མང་སྣེ་འདུས་དང་ཕྱོགས་གཅིག་ཏུ་འདུ་ཐབས་མེད་པའི་མཐར་ལྷུང་འདུག བློ་ཁོག་དོག་པོ་དང་དཀྱེལ་ཡངས་གཉིས་ཀ་མཉམ་པོར་གནས། སྐྱེ་བོ་འགའ་ཞིག་ནི་ཤིན་ཏུ་རྙིང་ཞེན་ཆེ་བ་སྟེ། མཚན་མའི་སྐོར་གླེང་བ་ཙམ་གྱིས་ངོ་མདངས་འགྱུར་བར་བྱེད།ཁྱིམ་བདག་མང་པོ་ཞིག་གིས་བྱིས་པར་ངོ་ཚ་བ་དང་འཛེམ་བག་ཆེན་པོས་འདོད་པའི་སྐོར་གྱི་སློབ་གསོ་གཏོང་གིན་ཡོད། གཞོན་ནུ་ཚོའི་མཚན་མའི་སྐོར་གྱི་རིག་སྒོ་འབྱེད་པ་དེའང་ལྐོག་ཏུ་ཆགས་སྲེད་ཀྱི་གློག་བརྙན་ལྟ་བ་སོགས་ཏེ་རང་སྦྱོང་གི་རྣམ་པར་གནས། ཡང་ཕྱོགས་གཞན་ཞིག་ནས་བཤད་ནས། ཁྱེད་ཀྱིས་སན་ལི་ཐོན་ལྟ་བུའི་གནས་སྣ་ཚོགས་ནས་སེམས་རྒྱ་ཡངས་པའི་གཞོན་ནུ་ཕོ་མོ་ཚོས་ཆང་ཁང་ན་ཞག་གཅིག་གི་ཉལ་རོགས་བཙལ་བ་མཐོང་ཐུབ་ལ། ཟས་ཅོག་གི་མཐའ་རུ་སྐྱེས་པ་རྣམས་ཀྱིས་འཛེམ་བག་མེད་པར་བུད་མེད་ཚོའི་གམ་ནས་ཆགས་སྲེད་ཀྱི་དགོད་གཏམ་སྨྲ་བའང་ཐོས་ཐུབ། དེ་བཞིན་ལས་ཀ་ལས་ས་དང་མི་དང་མིའི་བར་དུ་འབྲེལ་ལམ་འཛུགས་ས་དག་ནས་འདོད་པའི་སུན་གཙེར་བཟོ་མཁན་མང་པོ་འདུག་མོད་ཀུན་གྱིས་ཤེས་ས་ནས་ཆེད་དུ་དེ་ལ་རྒོལ་མཁན་གྱི་བུད་མེད་ནི་ཧ་ཅང་ཉུང་། བུད་མེད་འགའ་ཞིག་ནི་འདོད་པའི་སུན་གཙེར་དང་གནོད་འཚེ་ཕོག་པ་ལ་བརྟེན་ནས་མཚན་སྙན་བརླག་ཅིང་། སྡུག་བསྔལ་གྱི་རྒྱ་རུ་ཚུད་དེ་ཐར་ལམ་མི་རྙེད་པར་གཞན་གྱི་བརྙས་སྨོད་འོག་འཚོ་བཞིན་ཡོད། 
   བུད་མེད་རིང་ལུགས་པ་དག་གིས་སྔར་བཞིན་ཆེས་རྩ་བའི་རང་དབང་དང་འདྲ་མཉམ་གྱི་ཕྱིར་དུ་སྐད་འབོད་བྱེད་ཀྱིན་ཡོད་ནའང་། སྤྱི་ཚོགས་ཡོངས་ཀྱི་བསམ་བློ་དེ་ཐོབ་ཐང་དང་རང་དབང་སྲུང་བའི་ངོས་ནས་བུད་མེད་རིང་ལུགས་ལ་ལྟ་བའི་ཆུ་ཚད་དེ་འདྲ་ཞིག་ལ་སླེབས་མེད། ཤེས་ཡོན་པ་མང་པོ་ཞིག་མ་ཟད་ཐ་ན་ཁྲིམས་ཀྱི་ལས་ཀ་ལས་མཁན་དག་ལའང་འདོད་པའི་སུན་གཙེར་དང་། དྲག་སྤྱོད། གནོད་སྐྱེལ་བ། དེ་དག་ལས་གཞན་པའི་འདོད་པ་དང་འབྲེལ་བའི་ཐོབ་ཐང་སྐོར་གྱི་གོ་རྟོགས་ཤིན་ཏུ་དམའ། སྤྱི་ཚོགས་ཡོངས་ལ་ཆེས་རྩ་བའི་སྤྱོད་ལམ་གྱི་ཚད་གཞི་ཞིག་དང་ཀུན་མཐུན་གྱི་ལྟ་བ་ཞིག་ཀྱང་མེད། ཀྲུང་གོའི་བུད་མེད་ཚོར་འཕྲད་པའི་དཀའ་ངལ་ནི་ལང་ཚོ་དར་ལ་འབབ་བཞིན་པའི་སྒང་ལ་བདེ་ཐང་གི་ངང་ནས་འདོད་པའི་སློབ་གསོ་གླེང་ས་ཞིག་མེད་ལ། ནར་སོན་རྗེས་འཛེམ་བག་དང་སྣང་དོགས་མེད་པར་འདོད་པའི་སྐོར་གླེང་སའི་སྤྱི་བའི་སྟེགས་བུ་ཞིག་མེད་པ་དེ་རེད། 

ཝོའུ་ཝི་ན་རེ། ཁྱེད་ཀྱིས་བརྩེ་བ་དང་འདོད་པའི་སྐོར་ལ་ཅི་ལྟར་བལྟ།
ཨཱན་གྷ་ཝེ་གི་ན་རེ། སེམས་ཀྱི་བརྩེ་བ་དང་ལུས་ཀྱི་འདོད་པ་གཉིས་ནི་སོ་སོར་འབྱེད་དུ་མེད་པ་ཞིག་རེད། དེ་ནི་གང་ཟག་གི་ཕྱི་ནང་གཉིས་ཀྱི་དགོས་མཁོ་ལ་དམ་དུ་འབྲེལ་ཡོད། ཁྱོད་ལ་འཇིག་རྟེན་འདིར་འཇུག་པའི་ཐབས་སྣ་ཚོགས་པ་ཡོད་འོས་ཤིང་། འདོད་པར་འཇུག་པ་ནི་ཁྱོད་ཀྱིས་རང་གི་ལུས་པོར་དཔོག་པའི་ཐབས་དམ་པ་ཞིག་རེད། འདོད་པའི་རྩེད་མོར་རོལ་བའི་དུས་སུ། སེམས་དང་ལུས་པོ་གཉིས་གཞི་གཅིག་ཏུ་འདྲེས་པར་འགྱུར་ལ། བུད་མེད་ལ་མཚོན་ན་ལུས་ཀྱི་ཚོར་བ་དེ་རབ་ཏུ་རྣོ། ལུས་དང་སེམས། ཡང་ན་ཤ་ཁྲག་དང་རྣམ་ཤེས་ཀྱི་འབྲེལ་བ་དེ་ཤིན་ཏུ་གཏིང་ཟབ་ཅིང་དཔག་དཀའ་བ་ཞིག་ཡིན་ཞིང་། ལུས་པོའི་གསང་གནད་དག་བཀྲོལ་བ་ལས་ཁྱོད་ཀྱིས་དོན་དུ་རང་ཉིད་ལ་ཅི་ཞིག་མཁོ་བ་ཤེས་སྲིད། སྐབས་འགར་ཉི་མར་ལྡེ་བཞིན་དུ་ཁྱོད་ལ་སེམས་ཀྱི་སྒོ་མོ་ཡོད་ཚད་ཕྱེ་ཟིན་པའི་སྐྱིད་སྣང་འབྱུང་བ་རེད། འོན་ཀྱང་རེས་འགར་ཁྱོད་ཀྱི་བློ་དང་ལུས་པོ་ནི་སྔར་བཞིན་ཡོད་ཀྱང་སེམས་ཁམས་མ་དྭངས་པའི་རྐྱེན་གྱིས་ལུས་པོ་ནང་དུ་འཁུམས་པ་དང་། མགོ་ལ་མུན་པ་བཀབ་འདྲའི་སྣང་བ་འབྱུང་། སྐབས་དེ་འདྲར་ཁྱོད་ཀྱིས་ལུས་ཀྱི་བདེ་བར་བརྟེན་ནས་སེམས་ཁམས་གསོ་ཆོག 
   བདག་གིས་བསམ་ན། འདོད་པའི་དགའ་བ་ནི་ལུས་པོར་བརྟེན་པ་ཞིག་ཡིན་པས་སྟོབས་དང་ལྡན་པ་དང་། ནུས་མཐུ་རྫོགས་པ་ཞིག་རེད། འདོད་པ་སྤྱད་པའི་མཐུ་ཡིས་ཁྱོད་ལ་ནུས་མཐུ་རྫོགས་མེད་རྩོལ་བ་དང་། འདོད་པ་དང་བྲལ་བའི་འཚོ་བ་ནི་བསམ་མི་ཐུབ་པ་ཞིག་རེད། ང་ལ་དུས་རྒྱུན་འབྲེལ་བ་བྱེད་སའི་གྲོགས་མོ་སྐོར་ཞིག་ཡོད་ཅིང་། ངེད་ཚོས་དུས་རྒྱུན་པར་འདོད་པའི་སྐོར་གླེང་གིན་ཡོད། དེ་ལ་མི་ལེགས་པ་གང་ཡང་མེད་སྙམ།

ཝོའུ་ཝི་ན་རེ། དེ་ནི་ངའི་ཉེ་འཁོར་གྱི་མི་རྣམས་ལ་མཚོན་ན་ཤིན་ཏུ་མི་འོས་པ་ཞིག་དང་བསམ་པའི་ཡུལ་ལས་འདས་པ་ཞིག་རེད།

 (རྩོམ་འདིའི་རྩོམ་པ་པོ་ཝོའུ་ཝི་ནི་པེ་ཅིང་དུ་སྡོད་པའི་རིག་གནས་དཔྱད་བརྗོད་པ་ཞིག་དང་རྒྱལ་སྤྱིའི་གསར་ལམ་གྱི་དབྱེ་ཞིབ་པ་ཞིག་ཡིན། རྩོམ་འདི་སྐྱ་བོས་ཉོའུ་ཡོག་དུས་བབ་ལས་བསྒྱུར་ཅིང་བོད་ཀྱི་ཀློག་མཁན་དག་གི་མོས་པ་དང་ཁོར་ཡུག་ལ་བསམ་སྟེ་གླེང་གཞི་དམར་རྗེན་མ་འགའ་ཞིག་ཕྲིས་ཏེ་ཉུང་ངུར་བྱས་ཡོད)
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག