ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

རྩོམ་པའི་དེད་དཔོན་ཆེན་མོ་བྷོར་ཧེ་ཟི་མཆོག་གིས་དཔེ་དེབ་ཀྱི་སྐོར་གླེང་བ།༼སྔ་དུམ༽

2015-07-14 བྷོར་ཧེ་ཟི།
སྐྱ་བོས་བསྒྱུར་ཅིང་མཆན་བཏབ།
ཀློག་པའི་ལྡེ་མིག
གཤམ་དུ་བཀོད་པ་ནི“རྩོམ་པ་པོའི་ནང་གི་རྩོམ་པ་པོ”དང་མཁས་པའི་དབང་བོ་བྷོར་ཧེ་ཟི(Jorge Luis Borges)མཆོག་གིས་ཚོགས་པའི་དབུས་ནས་གསུང་བཤད་བྱས་པ་ཞིག་ཡིན་ལ། དེར་དཔེ་དེབ་ནི་ཅི་ཞིག་ཡིན་པ་དང་། གནའ་མི་ཚོས་དེ་ལ་ཇི་ལྟར་ལྟ་བ། ཡུལ་གྲུ་རེ་རེའི་ཚབ་བྱེད་ཐུབ་པའི་རྩོམ་པ་པོ་ནི་གང་དག་ཡིན་པ། ཀློག་མཁན་གྱིས་དེ་ཇི་ལྟར་བཀླག་དགོས་པ། མཁས་དབང་ཚོས་དེའི་སྐོར་ཇི་ལྟར་གླེང་ཡོད་པ་སོགས་བརྗོད་གཞིར་དྲངས་ཡོད། རྩོམ་པའི་དེད་དཔོན་ཁོང་གི་ཐུགས་ནི་ཁོང་ཉིད་ཀྱིས་ལྷ་ཡུལ་དུ་བཞེད་པའི་དཔེ་མཛོད་ཁང་བཞིན་ཤེས་རབ་ཀྱི་བང་མཛོད་ཆེན་མོ་ཞིག་ཡིན་ཕྱིར། གསུང་བཤད་ཐུང་ངུ་འདིའི་ནང་དུའང་དེབ་དང་རྩོམ་པ་པོ་མང་པོ་ལུང་དུ་གྲངས་ཡོད་པས་ན་ཁོ་བོས་བོད་ཀྱི་ཀློག་མཁན་དག་ལ་གོ་སླ་བའི་ཆེད་དུ་དེ་རེ་རེར་མཆན་བཏབ་སྟེ་བཀླག་བདེ་བར་བྱས་ཡོད།
   འགྲོ་བ་མིའི་རིགས་ཀྱི་ཉེར་སྤྱད་མཐའ་དག་གི་ནང་ནས། ཆེས་ཡིད་འཕྲོག་པར་བྱེད་པ་ནི་དཔེ་དེབ་ཉིད་ཡིན་པ་དང། གཞན་རྣམས་ནི་མི་ལུས་ཀྱི་ཆ་ཤས་རྣམས་རིང་དུ་བསྲིངས་པ་ཙམ་མོ།། ཕྲ་མཐོང་ཆེ་ཤེལ་དང་རྒྱང་མཐོང་ནི་མིག་རིང་དུ་བསྲིངས་པ་ཡིན་ལ། ཁ་པར་ནི་སྐད་གདངས་རིང་དུ་བསྲིངས་པ་ཡིན། དེ་བཞིན་དུ་ཐོང་གཤོལ་དང་རལ་གྲི་སོགས་ནི་ལག་པ་རིང་དུ་བསྲིངས་པའོ།། ཡིན་ནའང་དཔེ་དེབ་ནི་དེ་དག་དང་མི་འདྲ་སྟེ། དེ་ནི་མིའི་དྲན་པ་དང་བསམ་བློ་ཉིད་རིང་དུ་བསྲིངས་པ་ཡིན།
   རྗོར་ཇི་བྷིར་ན་ཊི་ཤཱ(མཆན།༡ George Bernard Shawསྟེ། ཨེར་ལན་ཊི་ནས་སྐུ་འཁྲུངས་པའི་ཟློས་གར་མཁན་ཆེན་མོ་ཞིག ཁོང་ལ་༡༩༢༥ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ)ཡིས《ཁེ་སུར་དང་ཁི་ལུར་ཕ་ཐི་རཱ》(མཆན།༢ ཁེ་སུརCaesarནི་རོམ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རྗེ་ཆེན་པོ་ཞིག་དང་། ཁི་ལུར་ཕར་ཐི་རཱ་CLEOPATRAནི་ཕྱི་ལོ་སྔོན་གྱི་ལོ་༦༩ནས་ཕྱི་ལོ་༣༠བར་གྱི་ཨེ་ཇེབ་ཀྱི་རྒྱལ་མོ་ཞིག)རུ། ཨ་ལིག་ཟན་ཊིར་གཙུག་ལག་ཁང་གླེང་བའི་སྐབས་སུ། དེ་ནི་མིའི་རིགས་ཀྱི་དྲན་ཤེས་ཀྱི་བང་མཛོད་རེད་ཅེས་བརྗོད་ཡོད། དེ་ལྟ་བུ་ཞིག་ལ་དཔེ་དེབ་ཏུ་འབོད་པ་རེད། དེར་མ་ཟད། དཔེ་དེབ་ནི་འཆར་སྒོའང་ཡིན་ཏེ། ངེད་ཅག་གི་འདས་ཟིན་པའི་དོན་མཐའ་དག་ནི་མུ་ནས་མུ་རུ་འབྲེལ་བའི་ཕུགས་འདུན་ཉིད་ལས་གཞན་ཅི་ཞིག་ཡིན། ཕུགས་འདུན་འཚོལ་བ་དང་འདས་དོན་དྲན་པ་གཉིས་ལའང་ཁྱད་པར་ཅི་ཞིག་ཡོད། འདི་དག་ཐམས་ཅད་ནི་དཔེ་དེབ་ཀྱི་བྱེད་ནུས་རང་རེད།
   སྐབས་ཤིག་ལ། བདག་གིས་དཔེ་དེབ་ཀྱི་ལོ་རྒྱུས་ཤིག་བྲི་རྒྱུ་བྱུང་ན་སྙམ། ཡིན་ནའང་དཔེ་དེབ་ཀྱི་དབྱིབས་དང་རྣམ་པའི་སྐོར་ནས་བྲི་འདོད་པ་མིན། དེབ་ཉར་ཚགས་བྱེད་མཁན་ཚོའི་དཔེ་དེབ་རྣམས་ནི་བམ་མཐུག་པ་ཤ་སྟག་ཡིན་ནའང་ང་རང་དཔེ་དེབ་ཀྱི་དབྱིབས་དང་རྣམ་པའི་སྐོར་ལ་དོ་སྣང་བྱེད་པར་དགའ་བོ་མེད། ངས་བྲི་འདོད་པ་ནི་འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་དཔེ་དེབ་ཀྱི་སྐོར་ལ་འཛིན་པའི་ལྟ་ཚུལ་ཇི་སྙེད་པ་དེ་ཡིན། ངའི་སྔོན་དུ་སི་ཕེན་གྷི་ལིར(མཆན།༣ Spenglerསྟེ། ཕྱི་ལོ་༡༨༨༠ནས་༡༩༣༦ལོའི་བར་གྱི་འཇར་མན་གྱི་ལོ་རྒྱུས་སྨྲ་བ་དང་ཆབ་སྲིད་མཚན་ཉིད་རིག་པའི་མཁས་དབང་ཞིག)མཆོག་གིས《ནུབ་ཕྱོགས་ཀྱི་ཉམས་རྒུད》ཅེས་པའི་དེབ་དེ་རུ་དཔེ་དེབ་ཀྱི་སྐོར་གླེང་བའི་ས་བཅད་ཤིན་ཏུ་ཡག་པོ་ཞིག་ཡོད། ངས་བསམ་ན། ངའི་བསམ་ཚུལ་འགའ་ཞིག་ཀྱང་སི་ཕེན་གྷི་ལིར་མཆོག་གི་བསམ་ཚུལ་དང་ཡོངས་སུ་མཐུན།
   གནའ་མི་ཚོས་ངེད་ཅག་དང་འདྲ་བར་དཔེ་དེབ་ལ་རྩིས་མཐོང་ཆེན་པོ་མི་བྱེད་པ་འདྲ་ཞིང་བདག་ལ་མཚོན་ན་དེ་ནི་བསམ་པའི་ཡུལ་ལས་འདས་པ་ཞིག་རེད། ཁོང་ཚོས་དཔེ་དེབ་ནི་ངག་ཐོག་གི་སྐད་ཆའི་ཚབ་བྱེད་ལྟ་བུར་ངོས་འཛིན་པར་བྱེད།  དེའང་ཀུན་ལ་གྲགས་པའི་ཚིག་ཅིག་ཡོད་པ་ནི“ཡི་གེར་བཀོད་པ་ནི་བརྟན་ལ། ངག་ན་ཡོད་པ་ནི་འཕུར་འགྲོ”ཞེས་པ་དེའོ།། དེས་ངག་ཐོག་གི་སྐད་ཆ་ཉིད་མགྱོགས་པོར་ཡལ་འགྲོ་བ་ཙམ་བརྗོད་པ་མིན་པར་ཡིག་ཐོག་གི་སྐད་ཆ་དེ་ཡུན་རིང་བོར་གནས་སྲིད་ནའང་དེ་ནི་གྱོང་བོ་ཞིག་ཡིན་པ་དང་། དེ་ལས་ལྡོག་སྟེ་ངག་ཐོག་གི་སྐད་ཆ་ནི་འཕུར་ཤེས་པ་ཞིག་གམ་ཡང་མོ་ཞིག་ཡིན་པ་བརྗོད་ཡོད། དེ་ནི་ཕི་ལེ་ཐོའུ(མཆན།༤Platoསྟེ། ཕྱི་ལོ་སྔོན་གྱི་ལོ་༤༢༧ནས་༣༤༧བར་གྱི་གྷི་རིག་གི་མཚན་ཉིད་རིག་པ་བ་ཆེན་པོ་ཞིག་གོ)མཆོག་གིས་ངག་ཐོག་གི་སྐད་ཆ་ནི་འཕུར་ཅིང་འགྲོ་བ་དང་། བླ་ན་མེད་པ་ཞིག་རེད་ཅེས་གསུང་བ་བཞིན་ནོ།། ཡ་མཚན་པ་ཞིག་ལ། མི་ཆོས་ལ་མཁས་པའི་སྐྱེས་བུ་ཆེན་པོ་དག་གི་ལྟ་བ་ནི་ངག་ཐོག་ནས་བརྒྱུད་པ་འབའ་ཞིག་གོ།
   འདིར་ངེད་ཅག་གིས་དེའི་སྐོར་ལ་དཔེ་དང་པོ་བཀོད་ན། ཕི་ཟ་གྷུ་རུ་སེ(མཆན།༥Pythagorasསྟེ་ཕྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་སྐབས་ཀྱི་གྷི་རིག་གི་རྩིས་རིག་པ་ཆེན་པོ་ཞིག་གོ)ལྟ་བུའོ།། ཀུན་གྱིས་ཤེས་གསལ་ལྟར། ཕི་ཟ་གྷུ་རུ་སེས་བསམ་གཟས་ཏེ་ཡིག་རྩོམ་མི་འབྲི་བ་རེད། དེའི་རྒྱུ་མཚན་ཅི་ལགས་ཞེ་ན་ཁོང་ནི་ཡིག་ཐོག་གི་སྐད་ཆའི་འཆིང་རྒྱར་ཚུད་འདོད་མེད་པ་རེད། ཁོང་གིས“ཡི་གེས་བླ་སྲོག་འཇོམས་ཤིང་། བསམ་པས་བླ་སྲོག་བཟོ”བའི་དགོངས་པར་གོ་བ་ལོན་ཡོད་པ་བསྙོན་དུ་མེད། དེར་མ་ཟད་ཚིག་དེའི་དགོངས་པ་ནི་ཕྱིས་སུ《དམ་པའི་གསུང་རབ》ཀྱི་ཁྲོད་ནས་ཀྱང་མངོན་ཡོད། རྒྱུ་མཚན་དེའི་སྟབས་ཀྱིས་ཨ་རི་སེ་ཊ་ཊོལ(མཆན།༦ Aristotleསྟེ་ཕྱི་ལོ་སྔོན་གྱི་ལོ་༣༨༤ལོ་ནས་༣༢༢ལོའི་བར་གྱི་གྷི་རིག་གི་མཚན་ཉིད་རིག་པ་བ་ཆེན་པོ་ཞིག ཕི་ལེ་ཐོའུ་ཡི་སློབ་མའོ)གྱིས་ཕི་ཟ་གྷུ་རུ་སེའི་གྲུབ་མཐའ་སྨྲ་བ་དག་ལས་ཕི་ཟ་གྷུ་རུ་སེ་ཉིད་གཏན་ནས་གླེང་མེད། དཔེར་ན་ཁོང་གིས་ངེད་ཅག་ལ་ཕི་ཟ་གྷུ་རུ་སེའི་གྲུབ་མཐའ་སྨྲ་བ་དག་གིས་ནི་དད་མོས་དང་། ཆོས་ཀྱི་སྙིང་པོ་གཙིགས་སུ་འཛིན་ལ། མི་འཇིག་པར་ཕྱིར་ལྡོག་པའི་ལྟ་བ་འཛིན་པར་བྱེད་ཅེས་སྨྲས་པ་ལྟ་བུའོ།། དོན་དེ་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་རྗེས་ནི་ཆཱ(མཆན།༧ Nietzscheསྟེ་ཕྱི་ལོ་༡༨༤༤ལོ་ནས་༡༩༠༠ལོའི་བར་གྱི་འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་པོ་ཞིག)ཡིས་ཤེས་པ་རེད། འདི་ལ་ཡང་ཡང་འབྱུང་བའི་དུས་ཀྱི་ལྟ་དགོངས་ཟེར། ལྟ་དགོངས་དེ་ལ་དམ་པ་ཨཱོ་གྷ་སི་ཐིན(མཆན།༨ St.Augustineསྟེ། ཕྱི་ལོ་༣༥༤ལོ་ནས་༤༣༠ལོའི་བར་གྱི་ལྷའི་རིག་པ་སྨྲ་བ་དང་། མཚན་ཉིད་རིག་པ་བ་ཞིག)གྱིས《དཀོན་མཆོག་གི་གྲོང་ཁྱེར》ཅེས་པའི་དེབ་ཏུ་ནན་གྱིས་དགག་ཡོད། དམ་པ་ཨཱོ་གྷ་སི་ཐིན་གྱིས་ཡེ་ཤུའི་བརྒྱངས་ཤིང་གིས་འཇིག་རྟེན་སྐྱེ་བོ་རྣམས་འདོད་སྡོམ་རིང་ལུགས་ཀྱི་འཁོར་ལོའི་རྒྱ་ལས་གྲོལ་བར་བྱས་པ་རེད་ཅེས་དཔེ་ཧ་ཅང་ཡག་པོ་ཞིག་བཀོད་ཡོད། ཡང་ཡང་འབྱུང་བའི་དུས་ཀྱི་ལྟ་དགོངས་དེ་ནི་ཧྱོམ(མཆན།༩ David Humeསྟེ། ཕྱི་ལོ་༡༧༡༡ལོ་ནས་༡༧༧༦ལོའི་བར་གྱི་སི་ཁོ་ཐི་ལན་ཊིའི་མཚན་ཉིད་རིག་པ་བ་ཆེན་པོ་ཞིག)དང་། བྷི་ལན་ཁི(མཆན།༡༠ Blanquiསྟེ། ༡༨༠༥ནས་༡༨༨༡ལོའི་བར་གྱི་ཧྥ་རན་སིའི་གསར་བརྗེ་བ་དང་། དོན་སྟོང་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་མཐའ་འཛིན་པའི་མཚན་ཉིད་རིག་པ་བ་ཞིག)སོགས་སྐྱེ་བོ་མང་པོ་ཞིག་གིས་འཛིན་པར་བྱེད་དོ།།
   ཕི་ཟ་གྷུ་རུ་སེས་ཡིག་རྩོམ་བྲི་མི་འདོད་པར། ཁོང་གིས་རང་ཉིད་འདས་པའི་རྗེས་སུ་ཁོང་གི་བསམ་བློ་དེ་སློབ་མ་རྣམས་ཀྱི་སེམས་སུ་གནས་ཐུབ་པར་རེ་བ་རེད། དེའི་ཕྱིར་ཀུན་ལ་གྲགས་པའི་ཚིག་གཅིག་སྟེ། སློབ་དཔོན་གྱིས་འདི་ལྟར་གསུངས་སོ།། ཞེས་པའི་ཚིག་དེ་བྱུང་བ་རེད། ངས་གྷི་རིག་གི་ཡི་གེ་མི་ཤེས་པས་འདིར་ཚིག་དེ་ལ་ཏེང་སྐད་ཀྱིས་མི་སྨྲ་ཀ་མེད་བྱུང་། ཚིག་འདིས་སློབ་དཔོན་གྱིས་གསུང་བ་དེས་སློབ་མ་རྣམས་འཆིང་ཡོད་པ་མི་མཚོན། དེ་ལས་ལྡོག་སྟེ་ཁོ་ཚོས་སློབ་དཔོན་གྱི་གསུང་རྩ་བར་བྱས་ནས་རིགས་པའི་རྒྱུན་བསྐྱང་ཆོག་པ་བསྟན་ཡོད།
   ངེད་ཅག་གིས་ཡང་ཡང་འབྱུང་བའི་དུས་ཀྱི་ལྟ་དགོངས་དེ་ཁོང་གིས་གསར་དུ་བཏོད་པ་ཡིན་མིན་གསལ་པོར་མི་ཤེས་ཀྱང་ཁོང་གི་སློབ་མ་དག་ནི་ལྟ་དགོངས་དེ་འཛིན་མཁན་ཤ་སྟག་ཡིན། ཕི་ཟ་གྷུ་རུ་སེ་སྐུ་གཤེགས་ཀྱང་། རྒྱུན་གང་རུང་ཞིག་མ་ཆད་པའི་རྐྱེན་གྱིས་ཁོང་གི་སློབ་མ་ཚོས་ཁོང་གི་བསམ་བློ་རྨང་གཞིར་བྱས་ཏེ་ཟམ་མི་ཆད་པར་བསམ་བློ་གཏོང་ཆོག་པ་རེད། འདི་ལ་ཕི་ཟ་གྷུ་རུ་སེའང་ཐུགས་ཤིན་ཏུ་དགྱེས། གལ་སྲིད་སྐྱེ་བོ་གཞན་དག་གིས་ཁོ་ཚོར་ཁྱེད་ཅག་གིས་སྨྲས་པ་ནི་གསར་བ་རང་རེད་ཟེར་ཚེ། ཁོང་ཚོས། སློབ་དཔོན་གྱིས་འདི་ལྟར་གསུང་ངོ་།།ཞེས་དེ་ལ་ཡ་ལན་སྤྲད་ཆོག་པ་རེད།
   ངེད་ཅག་གིས་དེ་མ་ཡིན་པའི་དཔེ་ཞིག་ཀྱང་དགོད་ཆོག དེའི་སྐོར་ལ་ཆེས་མངོན་གསལ་དོད་པ་ནི་ཕི་ལེ་ཐོའུ་རང་རེད། ཁོང་གིས་དཔེ་དེབ་ནི་འདྲ་སྐུ་དང་འདྲ་བོ་འདུག ༼གཅིག་བྱས་ན་ཁོང་གི་ཐུགས་ལ་འཇིམ་སྐུ་དང་རི་མོ་ཤར་ཡོད་ཀྱང་སྲིད༽ འགའ་ཞིག་གིས་དཔེ་དེབ་ལ་ཚེ་སྲོག་ཡོད་ཟེར་ནའང་སུ་ཞིག་གིས་དེ་ལ་དྲི་བ་དྲིས་ཚེ་ཁ་རོག་གེར་འདུག་སྲིད་ཅེས་གསུང་ཡོད། དེའི་ཕྱིར་དཔེ་དེབ་ཀྱི་སྨྲ་བ་མེད་པའི་ངང་ཚུལ་དེ་ལས་འགོང་ཕྱིར། ཕི་ལེ་ཐོའུ་ལུགས་ཀྱི་ཞལ་གདམས་བྱུང་བ་རེད། གསལ་པོར་བཤད་ན། ཕི་ལེ་ཐོའུ་ཡིས་རང་ཉིད་ནི་སོ་ཁུར་ཐྲི་ཟི(མཆན།༡༡ Socratesསྟེ་ཕྱི་ལོ་༤༦༩ལོ་ནས་༣༩༩ལོའི་བར་བྱོན་པའི་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་བ་ཞིག)དང་། གྷོར་ཅི་སི(མཆན།༡༢ Gorgiasསྟེ་ཕྱི་ལོ་སྔོན་གྱི་ལོ་༤༨༥ནས་༣༨༠ལོའི་བར་བྱོན་པའི་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་བ་ཞིག ཁོང་གིས<རང་བྱུང་གི་མདོ>ཞེས་པའི་ནང་དུ་ཐམས་ཅད་གཞིར་མི་གྲུབ་པའི་ལྟ་བ་བཏོན་ཡོད)སོགས་སྐྱེས་བུ་མང་པོ་ཞིག་ལ་འགྱུར་དུ་བཅུག་པ་རེད། དེ་བཞིན་དུ་ངེད་ཅག་གིས་ཀྱང་སོ་ཁུར་ཐྲི་སི་སྐུ་གཤེགས་པའི་རྗེས་སུ་ཕི་ལེ་ཐོའུ་ཡིས་ཁོང་ཉིད་སྔར་བཞིན་གནས་ཡོད་པར་རྟོག་ནས་རང་སེམས་གསོས་པར་ཡིད་ཆེས་བྱ་ཆོག་སྟེ། ཁོང་ཉིད་མཚན་ཉིད་རིག་པའི་དྲི་བ་དག་དང་འཕྲད་པའི་སྐབས་སུ། ཐོག་མར་སོ་ཁུར་ཐྲི་ཟིས་ཅི་ཞིག་གསུང་ཡོད་པ་ཡིན་ནམ་རང་གིས་རང་ལ་འདྲི་བར་བྱེད། དེའི་ཕྱིར་རྒྱུ་མཚན་གཞན་ཞིག་གི་ངོས་ནས་བལྟས་ན། སོ་ཁུར་ཐྲི་སི་ནི་འཇིག་པ་མེད་པ་ཞིག་རེད། ཁོང་གིས་ཡིག་ཐོག་གི་བརྩམས་ཆོས་གང་ཞིག་ཀྱང་ཤུལ་དུ་བཞག་མེད། ཁོང་ནི་ངག་ནས་བཀའ་སྩོལ་བའི་སློབ་དཔོན་ཆེན་མོ་ཞིག་ཡིན་པ་རེད།
   ཀུན་གྱིས་ཤེས་གསལ་ལྟར། སྟོན་པ་ཡེ་ཤུས་ཀྱང་ཚིག་གཅིག་ཁོ་ན་ལས་ཡི་གེར་འབེབ་མྱོང་མེད། ཡིན་ནའང་ཚིག་དེ་མགྱོགས་པོར་བྱེ་འདམ་གྱིས་བསུབ་པ་རེད། དེ་ནས་བཟུང་སྟེ་ཡེ་ཤུས་ངེད་ཅག་གིས་ཤེས་པ་ཞིག་ཡིག་ངོར་ཕབ་མ་མྱོང་། སྟོན་པ་ཤཱཀྱ་ཐུབ་པའང་ངག་ནས་བཀའ་སྩོལ་བའི་སློབ་དཔོན་ཞིག་སྟེ་ཁོང་གིས་བཀའ་ཚང་མ་བུ་སློབ་རྣམས་ལ་བཞག་ཡོད། འདིར་ངེད་ཅག་གིས་དམ་པ་ཨན་སེལ་མོ(མཆན།༡༣ Anselmo Stསྟེ། ཕྱི་ལོ་༡༠༣༣ལོ་ནས་༡༡༠༩ལོའི་བར་གྱི་ཨི་ཊ་ལིའི་ལྷ་རིག་སྨྲ་བ་དང་། མཚན་ཉིད་རིག་པ་བ་ཞིག)ཡི་ཚིག་གཅིག་འདྲེན་པར་བྱ་སྟེ། དེ་ནི“བླུན་པོའི་ལག་ཏུ་དཔེ་ཆ་ཤོར་བ་ནི། བྱིས་པའི་ལག་ཏུ་རལ་གྲི་ཤོར་བ་ལས་མ་འདས་སོ”ཞེས་པ་དེའོ།། རེད་དེ། གནའ་མི་ཚོས་དཔེ་དེབ་ལ་བཟུང་བའི་ལྟ་ཚུལ་ནི་དེ་འདྲ་རང་རེད། དེང་གི་དུས་སུའང་། ཤར་ཕྱོགས་ཡོངས་སུ་དེ་ལྟ་བུའི་ལྟ་བ་རྒྱུན་འབྱམས་སུ་གནས་ཏེ། དཔེར་ན་ཁོ་ཚོས་དཔེ་དེབ་ཀྱིས་ཆོས་རྣམས་ཀྱི་གསང་བ་བརྟོལ་དགོས་པ་མིན་པར། དེས་ངེད་ཅག་ལ་དེར་འཇུག་པར་མཐུན་རྐྱེན་སྦྱར་དགོས་པའི་ལྟ་ཚུལ་འཛིན། ངས་ཧི་བྷི་རུའི་སྐད་མི་ཤེས་ནའང་། ལྐོག་གྱུར་རིང་ལུགས་ཀྱི་མཚན་ཉིད་རིག་པ་སྟེ། ཁ་བྷ་ལཱའི་ལུགས(མཆན།༡༤ Cabbalaསྟེ། རྗོའུ་ཆོས་ལུགས་ཀྱི་གྲུབ་མཐའ་དང་མ་ལག་གཞན་ཞིག་སྟེ། དུས་རབས་བཅུ་གཉིས་པའི་མཇུག་ནས་བཟུང་འཕེལ་ཅིང་རྒྱས་པར་གྱུར)ལ་ཞིབ་འཇུག་བྱས་མྱོང་ཞིང་། 《འོད་པོ་ཆེའི་མདོ》དང་། 《འབྲེལ་བའི་མདོ》སོགས་ཀྱི་ཨིན་འགྱུར་དང་འཇར་འགྱུར་མ་སོགས་བཀླགས་མྱོང་། ངས་ཤེས་པ་ལྟར་ན། དེ་དག་ནི་སྐྱེ་བོ་དག་གིས་དེའི་དོན་གོ་ཕྱིར་བྲིས་པ་མིན་པར་དེ་ལ་འགྲེལ་ཅིང་འཇུག་པ་བརྒྱུད་ནས་གོ་རྟོགས་གསར་བ་སྐྱེ་ཕྱིར་བྲིས་པ་རེད།
   གནའ་མི་ཚོས་ངེད་ཅག་དང་འདྲ་བར་དཔེ་དེབ་ལ་དེ་འདྲའི་རྩིས་མཐོང་མི་བྱེད། ཀུན་གྱིས་ཤེས་པ་ལྟར། མ་སི་ཊོ་ནིའི་མི་རྗེ་ཨ་ལིག་ཟན་ཊིར(མཆན།༡༥ Alexanderthe Greatདུ་འབོད་ཅིང་། ཕྱི་ལོ་སྔོན་གྱི་ལོ་༣༥༦ནས་༣༢༣ལོའི་བར་མ་སི་ཊོ་ནིར་དབང་བསྒྱུར་བའི་གནའ་དུས་ཀྱི་མི་རྗེ་ཆེན་པོ་ཞིག་སྟེ། ཁོང་གིས་གཡུལ་འཁྲུག་ལས་ཁ་འཐོར་དགུ་འཐོར་དུ་གྱུར་བའི་གྷི་རིག་གི་གྲོང་རྣམས་གཅིག་གྱུར་བྱས་པར་མ་ཟད། ཏ་ཟིག་དང་། ཨེ་འཇེབ་སོགས་ཡུལ་གྲུ་མང་པོ་དབང་དུ་བསྡུས་ཤིང་། གཡུལ་གྱི་སྟོབས་ཤུགས་རྒྱ་གར་གྱི་བར་དུ་སླེབས)གྱི་སྔས་འོག་ན་མཚོན་ཆ་གཉིས་ཡོད་དེ། གཅིག་ནི《ཨེ་ལཱིས་ཡ་ཌི》དང་གཞན་དེ་ནི་རལ་གྲིའོ།། དེ་ལྟ་ནའང་སྐབས་དེའི་སྐྱེ་བོ་ཚོས་ཧོ་མུར་ལ་དགའ་གུས་བྱེད་པ་མ་གཏོགས་ངེད་ཅག་ལྟར་ཁོང་གཞན་དྲིང་མི་འཇོག་པའི་ཚད་མའི་སྐྱེས་བུ་ཞིག་ཏུ་བཀུར་མེད། ཁོ་ཚོས《ཨེ་ལཱིས་ཡ་ཌི》དང《ཨོ་ཌི་སིས》གཉིས་ཀ་ནི་སྐྱོན་མེད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པའི་དེབ་ཅིག་ཏུ་མི་འཛིན། དེ་གཉིས་ལ་ཐམས་ཅད་དགའ་མོད་དགག་པ་ནི་གཏང་ཆོག་པ་ཡིན་ནོ།།
   ཕི་ལེ་ཐོའུ་ཡིས་སྙན་ངག་པ་ཉིད་ཁོང་གི《སྤྱི་མཐུན་རྒྱལ་ཁབ》ནས་བསྐྲད་ཆོག་ནའང་། ཁོང་གིས་རང་དང་ལྟ་བ་མི་མཐུན་པའི་མི་རྣམས་རིས་སུ་བོར་བ་ལ་སུས་ཀྱང་དོགས་པ་ནི་མི་ཟའོ།། དེ་མིན་གནའ་མི་ཚོས་དཔེ་དེབ་ལ་རྒོལ་བའི་དཔེ་མཚོན་དུ། རང་རེས་ད་དུང་སེ་ནཱ་ཁཱ(མཆན།༡༦ Lucius Annaeus Senecaསྟེ། ཕྱི་ལོ་སྔོན་གྱི་ལོ་༤ནས་ཕྱི་ལོའི་༦༥བར་དུ་བྱོན་ཅིང་། གནའ་བོའི་རོམ་གྱི་མཚན་ཉིད་རིག་པ་བ་ཞིག་དང་སྐྱོ་གར་རྩོམ་པ་པོ་ཞིགཁོང་གི་བརྩམས་ཆོས་མང་པོ་ནི་ལྷ་སྒྲུང་བརྗོད་བྱར་བྱས་ཏེ་མངོན་སུམ་གྱི་འཚོ་བ་དང་རྩོམ་མཁན་གྱི་བསམ་བློ་མཚོན་པར་བྱས་པ་ཞིག་ཡིན)ཡི་གསུང་བྲོད་པོ་ཞིག་ཁ་གསབ་ཀྱི་ཚུལ་དུ་བརྗོད་ཆོག  ཁོང་གིས་རོ་ཟི་རེའོ་ལ་བསྐུར་བའི་འཕྲིན་ཡིག་ཀུན་གྱིས་བསྟོད་པའི་མེ་ཏོག་འབུལ་ས་དག་གི་ནང་ན། ཟོབ་རྫུར་ཞེན་པའི་སྐྱེ་བོ་ཞིག་ལ་བསྡིགས་པ་ཞིག་འདུག ཁོང་གིས་སྐྱེ་བོ་དེས་དེབ་བརྒྱ་ཕྲག་གཅིག་ཉར་ཡོད་ནའང་། སུ་ཞིག་ལ་དེ་དག་མ་ལུས་པར་ཀློག་པའི་ཁོམ་པ་ཡོད་ཅེས་ནན་དུ་དྲིས་འདུག དེང་གི་དུས་འདིར། དཔེ་དེབ་བརྒྱ་ཕྲག་མ་ཟད་ཁྲི་སྟོང་བྱས་ཏེ་ཉར་ཡོད་པའི་གཙུག་ལག་ཁང་དག་ལ་མི་རྣམས་ཀྱིས་མཆོག་ཏུ་གཅེས་ཤིང་དུང་བ་མ་ཡིན་ནམ།
   གནའ་དུས་ཀྱི་དོན་འགའ་ཞིག་ནི་རང་རེས་ཧ་གོ་དཀའ། ཁོ་ཚོས་ངེད་ཅག་དང་འདྲ་བར་དཔེ་དེབ་ལ་དེ་འདྲའི་རྩིས་མཐོང་མི་བྱེད། གནའ་མི་ཚོས་དཔེ་དེབ་ནི་ངག་ཐོག་གི་སྐད་ཆའི་ཚབ་བྱེད་ལྟ་བུར་འཛིན། དེ་ལྟ་ནའང་རིམ་གྱིས་ཤར་ཕྱོགས་སུ་ཆོས་དཔེ་བྱུང་བ་དང་བསྟུན་ནས་གནའ་མིའི་ལྟ་བ་དང་རྦད་དེ་མི་འདྲ་བའི་ལྟ་ཚུལ་གསར་བ་ཞིག་བྱུང་། འདིར་རང་རེས་དེའི་སྐོར་ལ་དཔེ་གཉིས་དགོད་ཆོག ཐོག་མར་དགོད་བྱའི་དཔེ་དེ་ནི་ཅུང་ཉེ་བའི་དུས་སུ་བྱུང་བ་སྟེ། ཨེ་ཟི་ལཱམ་གྱི་དད་ལྡན་པ་ཚོའོ།། ཁོ་ཚོས《ཀོ་རཱན་གསུང་རབ》བྱུང་བའི་དུས་ནི་ཉི་ཟླ་གཟའ་སྐར་སོགས་ལས་སྔ་བར་མ་ཟད་ཨ་རབ་ཀྱི་སྐད་ལས་ཀྱང་སྔ་བར་འདོད་ཅིང་། དེ་ནི་ལྷ་ལ་དབང་ཞིང་ལྷས་བྲིས་པས་ལྷའི་བྱམས་བརྩེ་དང་དྲང་བདེན་དང་ཡོངས་སུ་ཆ་འདྲ་བར་འདོད། 《ཀོ་རཱན་གསུང་རབ》ཏུ་ཧ་ཅང་ལྐོག་གྱུར་གྱི་ངང་ནས《དེབ་ཡུམ》ཞེས་པ་གླེང་ཡོད། དེ་ནི་ལྷ་ཡུལ་ནས་བྲིས་པའི《ཀོ་རཱན་གསུང་རབ》ཅིག་ཡིན་པ་དང་། ཕི་ལེ་ཐོའུའི་ལུགས་ཀྱི《ཀོ་རཱན་གསུང་རབ》ཀྱི་མ་དཔེའང་རེད། 《ཀོ་རཱན་གསུང་རབ》ཏུ་དེ་ལྷ་ཡུལ་ནས་བྲིས་པ་དང་། ལྷ་ཁོ་ནར་དབང་བ། ཉི་ཟླ་གཟའ་སྐར་དང་འགྲོ་བ་ཐམས་ཅད་ལས་སྔ་བའི་སྐོར་བྲིས་ཡོད་ཅིང་། ཨེ་ཟི་ལཱམ་གྱི་ཆོས་དཔོན་དང་མཁས་པ་དག་གིས་ཀྱང་དེ་ལྟར་བསྒྲགས་པ་རེད།
   གཤམ་དུ་ངས་རང་རེ་དང་ཅུང་ཉེ་བའི་དཔེ་ཞིག་དགོད་པར་བྱ་སྟེ། སྤྱིར་བཤད་ན《དམ་པའི་གསུང་རབ》དང་། བྱེ་བྲག་ཏུ་བཤད་ན《ཐོ་རཱ》(མཆན།༡༧ རྗོའུ་ཆོས་ལུགས་ཀྱི་འདུལ་ཁྲིམས་ཀྱི་གཞུང་སྟེ་དེའི་མིང་གཞན་ལ་<མོའུ་ཟིའི་མདོ་ལྔ>འང་ཟེར)འོ།། དེའང་མང་པོ་ཞིག་གི་དེ་ནི་ལྷའི་ཞལ་ནས་གསུང་སྟེ་བརྒྱུད་པར་འདོད། རྩོམ་མཁན་མི་འདྲ་བ་དང་རྩོམ་དུས་མི་འདྲ་བའི་དེབ་མང་པོ་ཞིག་ལྷའི་ཞལ་ནས་གསུང་བར་འདོད་པ་ནི་ཅུང་ཡ་མཚར་བ་ཞིག་རེད། ཡིན་ཡང《དམ་པའི་གསུང་རབ》ཏུ་ལྷ་མེད་པའི་གནས་མེད་ཅེས་བྲིས་ཡོད། དེའི་ཕྱིར་ཧི་བྷི་རུ་བ་ཚོར་ཐབས་བཀོད་ཅིག་བྱུང་བ་ནི། དུས་རབས་མི་འདྲ་བའི་གསུང་རྩོམ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་དེབ་ཅིག་བཟོས་ཤིང་དེའི་མིང་ལ《ཐོ་རཱ》༼དེ་ནི་གྷི་རིག་གི་སྐད་ཀྱི་Bibliaའོ༽ཞེས་བཏགས་པ་དང་། དེ་དག་ཐམས་ཅད་ལ་རྩོམ་པ་པོ་གཅིག་ལས་མེད་ཅིང་། དེ་ནི་ལྷ་ཉིད་ཡིན་པར་བྱས་པ་རེད།
   མི་ཞིག་གིས་རྗོར་ཇི་བྷིར་ན་ཊི་ཤཱ་ལ“ཁྱེད་རང《དམ་པའི་གསུང་རབ》ནི་ལྷས་བྲིས་པ་ཡིན་པར་ཡིད་ཆེས་སམ”ཞེས་དྲི་བ་བཏོན་མྱོང་། ཁོང་གིས་ལན་དུ། “ཅི་ཙམ་བཀླགས་ཀྱང་སུན་པ་མེད་པའི་དེབ་ལེགས་པོ་ཐམས་ཅད་ནི་ལྷས་བྲིས་པ་རེད”ཅེས་གསུངས་བ་རེད། ཁོང་གིས་དེ་ལྟར་གསུང་དོན་གང་རེད་ཅེ་ན། དེབ་གང་ཞིག་ཡིན་ཡང་རྩོམ་མཁན་གྱི་འདུན་པ་ལས་རབ་ཏུ་འགོངས་ངེས་པ་དེ་ཡིན། རྩོམ་མཁན་གྱི་འདུན་པ་མཐའ་དག་ནི་མི་ཕལ་བའི་སེམས་ཀྱི་འཆར་སྒོ་ཡིན་ལ་དེར་སྐྱོན་དང་ནོར་བའང་མེད་ངེས་པ་མ་ཡིན། འོན་ཀྱང་དེབ་བརྩམས་གྲུབ་རྗེས་དེ་ཉིད་ནང་དོན་དང་གོ་བ་སྣ་ཚོགས་པ་ཅན་དུ་འགྱུར་ངེས། དཔེར་ན། 《ཌན་ཁེ་ཧོ་ཌེ》(མཆན།༡༨ Don Quichotteསྟེ། སི་ཕེན་སྐད་ཀྱི་རྩོམ་པའི་དེད་དཔོན་སཱ་ཝན་ཐེ་ཟི་མཆོག་གིས་ཕྱི་ལོ༡༦༠༥ནས་༡༦༡༥ལོའི་བར་དུ་བརྩམས)ནི་ཆིབས་དཔོན་གྱི་སྒྲུང(མཆན།༡༩ ཆིབས་དཔོན་ལ་ཨིན་སྐད་དུ་Knightདང་Cavalierཟེར་ཅིང་། དེ་ནི་དུས་རབས་དཀྱིལ་མའི་དུས་སུ་དམག་གི་སྦྱོང་བ་ཐོབ་ཡོད་པའི་རྟ་དམག་ལ་ཟེར། ཕྱིས་སུ་རིམ་བཞིན་སྐུ་དྲག་གི་རིམ་པ་དམའ་ཤོས་ཤིག་གི་མིང་དུ་གྱུར། ཆིབས་དཔོན་གྱི་སྒྲུང་ནི་དུས་རབས་བཅོ་ལྔ་བ་དང་བཅུ་དྲུག་པའི་སྐབས་སུ་སི་ཕེན་གྱི་ཕྱོགས་ལ་དར་ཁྱབ་ཆེ་ཞིང་། དཔའ་བོ་དང་རྒྱལ་ཁམས་པ་བརྗོད་བྱར་བྱས་པའི་སྒྲུང་གི་རིགས་ཤིག་གོ)ལ་ཟུར་ཟ་བྱེད་པའི་བརྩམས་ཆོས་ཙམ་མ་ཡིན་པར། དེ་ནི་དེབ་གཙང་མ་དང་རྣམ་དག་ཅིག་ཡིན་ལ། དེའི་ནང་དུ་གང་དྲན་དྲན་དང་ཅི་འདོད་དུ་བྲིས་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་མེད་དོ།།  
རང་རེས་གོང་གི་ལྟ་ཚུལ་དེ་བདེན་མིན་ར་སྤྲད་ཀྱང་ཆོག དེའང་བདག་གིས་གཤམ་དུ་གསལ་བ་ལྟར།

དྭངས་ཤིང་འོད་རབ་བཀྲག་པའི་གཙང་ཆུ་དལ་འགྲོ་མར།།
རང་ལུས་གྲིབ་མའི་ལྗོན་པ་འཁྲིགས་པར་གཟིགས་གྱུར་ཚེ།།
སྔོ་ལྗང་གྲིབ་བསིལ་གསལ་ཅིང་སྟུག་པ་ཉིད་དུ་མཐོང་།། ཞེས་ཟེར་ཆོག

   སྙན་ངག་རྐང་གསུམ་པ་འདིར་ཚིག་རྐང་གསུམ་ལས་མེད་ལ། ཚིག་རྐང་རེ་རེར་ཚེག་བར་བཅུ་གཅིག་རེ་བྱས་པ་ནི་བལྟས་པ་ཙམ་གྱིས་ཤེས་ཐུབ། འདི་ནི་རྩོམ་མཁན་ཁོང་གིས་བསམ་བཞིན་དུ་བྱས་པ་ལས་གཞན་གྱིས་དེ་ལྟར་འབྲིར་བཅུག་པ་ནི་མ་ཡིན།
   དེ་ལྟ་ནའང་། ལྷ་རྣམས་ཀྱིས་བརྩམས་པའི་རྩོམ་དེ་དག་དང་བསྡུར་ན། འདི་ལ་རིན་ཐང་ཅི་ཞིག་ཡོད། མདོར་ན་བློ་རྩེ་ཡོངས་སུ་གཏད་ནས་ལྟ་དགུ་རྩལ་དུ་སྤྲུགས་ཏེ་བརྩམས་པ་དག་ནི་ལྷའི་དགོངས་པ་དང་བསྡུར་ན་ནི་ཅི་ཡང་མ་ཡིན་ནོ།། ལྷས་བརྩམས་པའི་དེབ་ཏུ། ཐོལ་བྱུང་དུ་བྲིས་པ་གཅིག་ཀྱང་མེད་ལ། ཡིག་འབྲུ་རེ་རེ་ལུང་རིགས་ཀྱིས་ཡོངས་སུ་ཟིན་པར་བྱས་ཡོད། དཔེར་ན། 《དམ་པའི་གསུང་རབ》ཀྱི་དབུ་ཚིགBereshit baraelohimགྱི་ཡི་གེ་དང་པོ་ནི་གསལ་བྱེད་Bཡིན་ལ། དེས་benedecirསྟེ། བྱིན་རླབས་ཀྱི་དོན་མཚོན་པ་ཡིན་པར་གྲགས། འདི་ནི་གང་དྲན་དྲན་དུ་བྲིས་པའི་དེབ་ཅིག་གཏན་ནས་མིན་ནོ།། འདི་ལྟར་ཤེས་ཚེ་ངེད་ཅག་གི་བློ་ནི《ཁ་བྷ་ལཱའི་གླེགས་བམ》གྱི་ཕྱོགས་སུ་དྲངས་འགྲོ་བ་དང་། ཚིག་དང་ཡིག་འབྲུ་རེ་རེར་ཞིབ་འཇུག་བྱས་ཏེ་ལྷའི་ཞལ་ནས་གསུང་བའི་དེབ་ཅིག་ལ་འཇུག་པར་བྱའོ།། ཡིན་ཡང་དེ་ལྟར་བྱས་པ་ནི་གནའ་མི་ཚོའི་བསམ་པ་དང་རྦད་དེ་ལྡོག་པ་ཞིག་ཡིན་ལ། ཁོ་ཚོས་མིའི་འཆར་སྒོའི་ཕྱོགས་ལ་འཛིན་པའི་ལྟ་ཚུལ་དེའང་ཤིན་ཏུ་མི་གསལ་བ་ཞིག་ཡིན།
   ཧོ་མུར་གྱིས《ཨེ་ལཱིས་ཡ་ཌི》ཡི་དབུ་རྩོམ་དུ།“ཀྱེ། ལྷ་ཆེན་ཟོས་སི། ཁྱེད་ཀྱིས་ཕེ་ལི་ཨེ་སིའི་སྲས་ཨ་ཁི་ལཱིས་ཟིའི་སེམས་ཀྱི་ཁོང་ཁྲོ་དྲག་པོ་དེ་སྙན་པའི་གླུ་རུ་ལེན་རོགས”(མཆན།༢༠ ལྷ་ཆེན་ཟོས་སི་Zeusནི་གྷི་རིག་གི་ལྷ་སྒྲུང་དུ་སྣོད་བཅུད་ཐམས་ཅད་བདག་གིར་བྱེད་པའི་ལྷ་དང་ཨོ་ལེམ་ཕིག་གི་ལྷ་བཅུ་གཉིས་ཀྱི་ནང་གི་དང་པོ་དེ་ཡིན། ཨ་ཁི་ལཱིས་ཟིའི་སྐོར་ནི་ཁོ་བོས་བསྒྱུར་བའི<ཧོ་མུར་གྱི་སྒྲུང>ཞེས་པའི་ནང་དུ་གསལ་ལོ)ཞེས་ཁ་གསལ་པོར་བྲིས་ཡོད། འདིར་ལྷ་ཆེན་ཟོས་སི་ནི་མིའི་འཆར་སྒོ་ལ་ཟེར་བ་རེད། གལ་སྲིད་འདིའི་སྐབས་སུ་ཁོང་གི་སེམས་ལ་ཤར་བ་ནི་ལྷ་ཡིན་ཚེ་དེ་ནི་བྱེ་བྲག་པའམ་ཡན་གར་བ་དང་། སྟོབས་དང་ལྡན་པའི་འཇིག་རྟེན་བྱེད་པོ་ཡིན་ངེས་ལ་འཇིག་རྟེན་བྱེད་པོས་མི་ཡུལ་ལ་ཡོང་སྟེ་རྩོམ་བྲིས་པ་དེར་གོ་ངེས།(མུ་འགོད)
 
འབྲེལ་ཡོད་རྩོམ་ཡིག