ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་ཀྱི་མཁས་པ་ཚེ་རིང་ཐར་གྱིས་མི་རིགས་སློབ་གསོ་ད་དུང་འཐུས་ཚང་མ་རེད་ཅེས་བརྗོད།

2014-12-23 ཟླ་བ།
གནད་བསྡུས།  ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་གླིང་གཙོ་ཚེ་རིང་ཐར་གྱིས། ད་ཆའི་མི་རིགས་སློབ་གསོ་ནི་ཆ་མི་ཚང་བའི་སློབ་གསོའི་མ་ལག་ཅིག་རེད་འདུག་ཅིང་། ནན་གྱིས་བཤད་ན་ཀྲུང་གོ་གསར་པའི་མི་རིགས་སློབ་གསོའི་མ་ལག་ད་དུང་ཡོངས་སུ་གྲུབ་མི་འདུག་ཅེས་བརྗོད།

  ཉེ་ཆར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས“གསར་འགྱུར་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་དཔྱད་གླེང་ཚོགས་འདུ”བསྡུས་ཏེ། གསར་དུ་བཙུགས་པའི་གསར་འགྱུར་རིག་པ(བོད་ཡིག་རྟེན་གཞིའི་འཛིན་གྲྭ)སྒྲུབ་སྟངས་ལས་འཕྲོས་ཏེ་མི་རིགས་གྲངས་ཉུང་གི་གསར་འགྱུར་བརྒྱུད་སྒྲོག་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱེད་ཐབས་སྐོར་ལ་བགྲོ་གླེང་རྒྱ་ཆེར་གནང་བ་རེད། བོད་རིག་པ་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར་ལགས་ཀྱིས། ད་ལྟའི་མི་རིགས་སློབ་གསོའི་མ་ལག་འཐུས་སྒོ་མི་ཚང་ཞིང་། ཞིབ་ཏུ་བལྟས་ན་ཀྲུང་གོ་གསར་པའི་མི་རིགས་སློབ་གསོའི་མ་ལག་ད་དུང་ཡོངས་སུ་གྲུབ་མི་འདུག་ཅེས་བརྗོད།
  ཁོང་གིས། ལས་རིགས་ཤིན་ཏུ་མང་པོ་ཞིག་ལ་མི་རིགས་སྐད་ཡིག་རྐྱང་པ་ཤེས་པ་ལས་སྐད་གཉིས་ཀྱི་ཆེད་ལས་སྦྱངས་མ་མྱོང་མཁན་དག་གིས་ཆེས་རྩ་བར་གྱུར་བའི་ཡིག་སྒྱུར་གྱི་ལས་ཀའང་སྒྲུབ་ཐུབ་ཀྱི་མེད་པ་དང་། སློབ་གྲྭ་ཆུང་འབྲིང་སྐབས་སུ་རྒྱ་ཡིག་དང་མི་རིགས་སྐད་ཡིག་ཕུད་པའི་རྩིས་དངོས་རྫས་གསུམ་གྱི་སྐད་གཉིས་སློབ་ཁྲིད་ལའང་ད་དུང་ཤུགས་རྒྱག་དགོས་ལུགས། མགོ་ཁྲིད་རབས་གཅིག་བརྗེས་པས་སློབ་གསོའི་ལམ་ལུགས་ཀྱང་བརྗེ་བ་དང་ཅུའུ་ཀྲང་གཅིག་བརྗེས་པས་བསླབ་གཞི་ཁ་ཚང་བརྗེ་བ་ལྟ་བུའི་སྣང་ཚུལ་འདི་རིགས་གཏན་འགོག་བྱ་དགོས་ཟེར།
  ཚེ་རིང་ཐར་གྱིས་བརྗོད་གསལ་ལ། འབྲེལ་ཡོད་ལས་ཁུངས་ཀྱི་སྲིད་ཇུས་ཀྱི་གཞོགས་འདེགས་ལ་བརྟེན་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་སྐད་གཉིས་གསར་འགྱུར་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པའི་ཐད་ནས་ལམ་ཀ་གསར་བ་ཞིག་འཚོལ་ཞིབ་བྱས་ཡོད་ཅིང་། ལམ་ཀ་ནས་འདིས་གསར་འགྱུར་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་གི་ཕྱོགས་ནས་རང་རྒྱལ་གྱི་མི་རིགས་སློབ་གསོའི་དཀའ་ཁག་ལས་བརྒལ་ཐུབ་པའི་རེ་བ་ཆེ་ཟེར། 
  ཤེས་གསལ་ལྟར་ན། ༢༠༡༤ ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་བོད་ཡིག་ཁྲིམས་རིག་པ་དང་། གསར་འགྱུར་རིག་པ། བཟོ་ཚན་རིག་པ། ཆ་འཕྲིན་དང་རྩིས་འཁོར་རིག་པ་སོགས་ཆེད་ལས ༤ གསར་དུ་བཙུགས་ཤིང་། བོད་ཁམས་ཡོངས་ཏེ་རང་སྐྱོང་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཞིང་ལྗོངས་ཁག་ནས་ཁྱོན་བོད་རིགས་སློབ་ཕྲུག ༥༧ བསྡུས་པ་རེད། གོང་གསལ་ལས་གསར་འགྱུར་རིག་པ(བོད་ཡིག་རྟེན་གཞིའི་འཛིན་གྲྭ)ནི་རྩོམ་རིག་དང་གསར་འགྱུར་བརྒྱུད་སྒྲོག་རིག་པའི་སློབ་གླིང་དང་བོད་རིག་པ་གླིང་གིས་མཉམ་དུ་བསྒྲུབས་པ་ཡིན་འདུག་ལ།  གླིང་གཉིས་ཀྱིས་མཉམ་དུ་གསར་འགྱུར་རིག་པའི་ཆེད་ལས་སློབ་ཚན་དང་བོད་ཀྱི་བརྡ་སྤྲོད། རིག་གནས་སོགས་ཀྱང་ཁྲིད་ཀྱི་ཡོད་འདུག

རྒྱང་ཀློག
“གསར་འགྱུར་མི་སྣ་འཇོནཐང་ཅན་སྐྱེད་སྲིང་གི་དཔྱད་གླེང་ཚོགས་འདུ”རུ་གླིང་གཙོ་ཚེ་རིང་ཐར་གྱི་གཏམ་བཤད། (བདམས་བཀོད)
  བཅིངས་འགྲོལ་བྱས་མ་ཐག་ཏུ། རང་རྒྱལ་གྱི་མི་རིགས་གྲངས་ཉུང་གི་སྐད་ཡིག་དང་རྒྱའི་སྐད་ཡིག་རྩ་བར་བྱས་པའི་མི་རིགས་སློབ་གསོ་ཡིས་མི་རིགས་ས་ཁུལ་གྱི་དཔལ་ཡོན་གཉིས་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་བཞག་མྱོང་བ་རེད། ཡིན་ནའང་། དུས་རབས་ཕྱེད་ཙམ་ཕྱིན་པའི་དེ་རིང་། རྣམ་པ་དེར་ད་དུང་ཡང་འགྱུར་བ་ཆེན་པོ་ཞིག་བྱུང་མེད་ལ།  རྣམ་པ་འདི་ད་ལྟའི་སྤྱི་ཚོགས་ཡར་རྒྱས་ཀྱི་དགོས་མཁོ་དང་འཚམ་གྱི་མི་འདུག   འཕེལ་རྒྱས་གསར་པ་དང་སྤྱི་ཚོགས་གསར་པ་ཡིས་མི་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོར་རེ་བ་གསར་པ་བཏོན་ཡོད་པ་རེད། སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་ཇེ་མགྱོགས་དང་སྤྱི་ཚོགས་ལས་ཀ་ཁག་བགོས་ཇེ་ཞིབ་ཇེ་ཞིབ་རེད། ལས་རིགས་སོ་སོའི་ཆེད་ལས་ཅན་གྱི་ཚད་ཀྱང་ཇེ་མཐོ་ཇེ་མཐོར་འགྲོ་གི་ཡོད་པས་འཇོན་ཐང་ཅན་གྱི་ཆེད་ལས་ཀྱི་དགོས་མཁོའང་དེ་བསྟུན་གྱིས་མཐོ་རུ་འགྲོ་གི་ཡོད། ལས་རིགས་མང་པོ་ཞིག་ཏུ་མི་རིགས་སྐད་ཡིག་གཅིག་པུ་ལས་སྐད་གཉིས་ཆེད་ལས་སྦྱངས་མ་མྱོང་མཁན་ཞིག་གིས་ཆེས་རྩ་བའི་ཡིག་སྒྱུར་ཙམ་ཡང་ཡག་པོ་སྒྲུབ་ཐུབ་ཀྱི་མེད། ད་ལྟའི་གསར་འགྱུར་བརྒྱུད་སྒྲོག་གི་ལས་ཀ་གཉེར་མཁན་ཚང་མ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་གསོ་སྐྱོང་བྱས་པ་རེད། བྱས་ཙང་གསར་འགྱུར་ལས་ཀར་དངོས་སུ་མཁོ་བའི་ཆེད་ལས་ཤེས་བྱ་ཧ་ལམ་སྦྱངས་མྱོང་ཡོད་པ་མ་རེད། ཡང་གསར་འགྱུར་བརྒྱུད་སྒྲོག་གི་ཆེད་ལས་སྦྱངས་མྱོང་མཁན་ཁྲོད་ན་སྐད་གཉིས་ཤེས་པ་དཔེ་ཉུང་ཉུང་རེད་བཞག
  རྒྱུ་མཚན་དེའི་དབང་གིས། རང་རྒྱལ་གྱི་མི་རིགས་ས་ཁུལ་ཀྱི་རིམ་པ་གསུམ་སྟེ་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པ་བཅས་ཀྱི་གསར་འགྱུར་བརྒྱུད་སྒྲོག་གི་ལས་ཀའི་སྐད་གཉིས་འཇོན་ཐང་མི་སྣ་ཆ་ཚང་མི་རིགས་སློབ་གླིང་སོ་སོའི་བོད་རིག་པ་གླིང་ནས་ཐོན་པ་རེད། ཁོ་ཚོས་བོད་རྒྱ་སྐད་གཉིས་ཀྱི་སྐད་བརྡ་རྩོམ་རིག་ལས་གསར་འགྱུར་བརྒྱུད་སྒྲོག་གི་ཆེད་ལས་སྦྱངས་མྱོང་མཁན་གཅིག་ཀྱང་མེད། ཕྱི་མི་ཞིག་གིས་སྨྱན་སྦྱོར་གྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད། འདིས་མི་རིགས་ས་ཁུལ་གྱི་སྐད་གཉིས་གསར་འགྱུར་བརྒྱུད་སྒྲོག་ཆེད་ལས་ཀྱི་དགོས་མཁོ་རྩ་བ་ནས་སྐོང་མི་ཐུབ། ད་ལྟའི་རང་རྒྱལ་གྱི་མི་རིགས་སློབ་གསོར་གནད་དོན་ཚབས་ཆེན་ཞིག་ལ་ཐུག་བསྡད་ཡོད་པ་དེ་ངས་བསམ་ན་མི་རིགས་སློབ་གསོའི་བྱེད་ནུས་ཉམས་པ་དེ་རེད་སྙམ་གྱི་ཡོད། འདིས་མི་རིགས་སློབ་གསོས་སྤྱི་ཚོགས་ཡར་རྒྱས་དང་བསྟུན་པའི་བྱེད་ནུས་སྙོམས་སྒྲིག་མ་ཐུབ་ཅིང་། ནང་དོན་སྔར་བས་རྒྱ་བསྐྱེད་ཐུབ་ཀྱི་མེད། དེ་བས་ད་ལྟའི་མི་རིགས་སློབ་གསོ་འདི་འཐུས་མི་ཚང་བའི་མ་ལག་ཅིག་རེད་ཅེས་ལབ་ཀྱང་འགྲིག་ལ། རྒྱ་ཆེ་ས་ནས། དུས་རབས་ཕྱེད་ཙམ་གྱི་རྗེས་སུ་ཀྲུང་གོ་གསར་པའི་མི་རིགས་སློབ་གསོའི་མ་ལག་ད་དུང་གྲུབ་ཡག་མིན་ཞེས་བརྗོད་ཆོག་གི་འདུག
  ད་ལྟ་རང་རྒྱལ་གྱི་སློབ་ཆེན་སློབ་གསོའི་ཁྲོད་སྐད་གཉིས་ཆེད་ལས་མི་སྣ་ཤིན་ཏུ་དཀོན་པ་འདི་གནད་དོན་ཆེན་པོ་ཞིག་རེད། མི་རིགས་སློབ་གསོའི་ནང་དོན་གྱིས་མི་རིགས་ས་ཁུལ་དུ་མཁོ་བའི་ལས་རིགས་སྣ་ཚོགས་ཀྱི་འཇོན་ལྡན་མི་སྣའི་ཆེད་ལས་ཀྱི་ངོས་དང་ཤེས་བྱའི་ངོས་གཉིས་ལ་ཁྱབ་ཀྱི་མེད། དངོས་འབྲེལ་བྱས་ན་མི་རིགས་སློབ་གསོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་པ། ཕྱི་རྒྱ་བསྐྱེད་ཐུབ་པ་ཞིག་ཡིན་ཆོག་ཆོག་ཡིན། མི་རིགས་སློབ་གསོས་མི་རིགས་ས་ཁུལ་གྱི་ལས་རིགས་སྣ་ཚོགས་ལ་མཁོ་བའི་སྐད་གཉིས་འཇོན་ལྡན་གསོ་སྐྱོང་བྱ་རྒྱུ་ནང་དོན་གཙོ་བོར་བཟུང་ན་འགྲིག་གི་ཡོད་ཅིང་། ལས་རིགས་སྣ་ཚོགས་ཀྱི་ཁོངས་སུ་སྤྱི་ཚོགས་ཀྱི་ལས་རིགས་གཙོ་བོ་ཁག་སྟེ། སྐད་ཡིག རྩོམ་རིག ཁྲིམས་ལུགས། དངུལ་རྩ། གསར་འགྱུར། གསོ་རིག དོ་དམ། ཡུལ་སྐོར། སྒྱུ་རྩལ། རྟེན་མཛོད་སོགས་འདུ་འོས།
  ཆེད་ལས་སྐད་གཉིས་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་རྩ་བ་ནི་སློབ་གྲྭ་ཆུང་འབྲིང་སྐབས་སུ་རྒྱ་ཡིག་དང་མི་རིགས་སྐད་ཡིག་ཕུད། ད་དུང་རྩིས་དངོས་རྫས་གསུམ་སྐད་གཉིས་ཀྱིས་ཁྲིད་པར་ཤུགས་རྒྱག་དགོས་ལ། མགོ་ཁྲིད་གཅིག་བརྗེས་པས་སློབ་གསོའི་ལམ་ལུགས་གཅིག་བརྗེ་བ་དང་། ཅུའུ་ཀྲང་གཅིག་བརྗེས་པས་བསླབ་གཞི་དང་བསླབ་ཚན་མ་ལུས་བརྗེ་བ། སློབ་གསོའི་སྐད་ཡིག་བརྟན་པོ་མིན་པ། སློབ་ཁྲིད་མ་ལག་འཐུས་མི་ཚང་བ། ཤེས་བྱའི་མ་ལག་ཆ་མི་ཚང་བ། བསླབ་ཚན་ལ་ཆེད་ལས་ཀྱི་ཁྱད་ཆོས་མེད་པ། བསླབ་པའི་ཤེས་བྱར་ཁ་ཕྱོགས་དང་བཀོལ་སྤྱོད་རང་བཞིན་མེད་པ། བསྐྱངས་ཡོང་བའི་སློབ་མར་འགྲན་རྩོད་ཀྱི་ནུས་པ་ཞན་པའི་སྣང་ཚུལ་འདི་ལྟ་བུ་མེད་པ་བཟོ་དགོས།(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག