ཀྲུང་དབྱང་བརྙན་འཕྲིན་གྱི་ལེ་ཚན《གསར་གཏོད་རྨི་ལམ་བཟོ་གྲྭ》ཞེས་པ་ལས། ཁྲུང་ཆིང་ཚན་རྩལ་སློབ་གླིང་གི་ཤེས་རམས་ལོ་རིམ་གཉིས་པའི་སློབ་མ་ཞིག་གིས D༣ འཇམ་འོད་དཔར་ཆས་གསར་གཏོད་བྱས་པའི་གནས་ཚུལ་བསྟན་བྱུང་། ཁོ་ནི་ཁྲུང་ཆིང་ཚན་རྩལ་སློབ་གླིང་དུ་ཤེས་རམས་པའི་ལོ་རིམ་གཉིས་པར་སློབ་གཉེར་བྱེད་བཞིན་པའི་སློབ་བུ་ལིའུ་ཧུང་ཝེ་ཡིན་ལ། བསླབ་འབྲས་ཤིན་ཏུ་ལེགས་པར་བཤད། ཁོས་གསར་གཏོད་བྱ་བའི་སྔ་རྗེས་སུ་འགྲོ་སོང་མ་རྩ་སྒོར ༢༤༠༠ བཏང་ནས་གསར་གཏོད་བྱས་པའི་དཔར་ཆས་དེ། ཁེ་ལས་སྡེ་ཁག་ཅིག་ནས་སྒོར་ཁྲི ༢༠༠ བཏང་སྟེ་བདག་དབང་ཉོ་འདོད་ཡོད་འདུག་ལ། གསར་འགོད་པས་བཅར་འདྲི་བྱེད་དུས། ཁོས“ངས་དང་ཐོག་རང་གི་གསར་གཏོད་དེ་སྒོར་ཁྲི ༢༠༠ ལ་བཙོང་ཐུབ་པ་ཡིད་ལའང་ཤར་མ་མྱོང”ཞེས་ཟེར།
D༣ དཔར་ཆས་ནི་ད་ལྟ་མང་དུ་ཐོས་ནའང་། D༣ འཇམ་འོད་དཔར་ཆས་ཞེས་པ་ཅི་འདྲ་ཞིག་ཡིན་ཞེ་ན། ལིའུ་ཧུང་ཝེ་ཡིས་བཤད་རྒྱུར། “D༣དཔར་ཆས་ལས་བཟོས་པའི་དངོས་པོ་ནི་ཅུང་རགས་པར་སྣང་ཞིང་། འཇམ་འོད་འདོན་འཁོར་གྱིས་དེ་ཉིད་ཇེ་ཞིབ་དང་འཇམ་ལ་འོད་འདོན་ཐུབ་པས། D༣འཇམ་འོད་དཔར་ཆས་གསར་གཏོད་བྱེད་རྒྱུའི་འཆར་སྒོ་བྱུང”ཟེར།
ལིའུ་ཧུང་ཝེ་ནི་ཆུང་དུས་ནས་འཕྲུལ་ཆས་ཀྱི་རིགས་ལ་སྤྲོ་བ་ཆེ་ཞིང་། ཚན་རྩལ་ཐད་ཀྱི་བརྙན་འཕྲིན་དང་དཔེ་ཆ་ལ་བལྟ་རྒྱུར་ཤིན་ཏུ་དགའ་ལ། ཨ་མས་ཀྱང་དེའི་ཐད་རྒྱབ་སྐྱོར་ཆེན་པོ་བྱེད། དེ་བས ༢༠༠༩ ལོའི་ཟླ ༩ བར་སློབ་ཆེན་ལ་རྒྱུགས་འཕྲོད་དེ། ཆེད་ལས་ཀྱང་རང་གི་དགའ་ཕྱོགས་དེ་བདམས། སློབ་ཆེན་དངོས་གཞིའི་སྐབས་སུ། ཁོ་རང་ཁོམ་སྐལ་ཙམ་བྱུང་ཚེ་སྡོད་ཤག་ཏུ་འཕྲུལ་ཆས་ཇུས་འགོད་ཀྱི་རི་མོ་སྣ་ཚོགས་འབྲི་བ་དང་གསར་གཏོད་ཀྱི་བློ་སྒོ་འབྱེད་ཆེད་ཕྱི་གླིང་གི་ཚན་རྩལ་ཐད་ཀྱི་དཔེ་ཆ་སྣ་ཚོགས་ལ་ལྟ། དངོས་གཞིའི་སྐབས་སུ་སློབ་སྦྱོང་གི་འབྲས་བུ་ཧ་ཅང་བཟང་བ་མ་ཟད། ད་དུང་གསར་གཏོད་ཐད་ཀྱི་འགྲན་བསྡུར་དང་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཏེ་བྱ་དགའ་ཡང་རབ་དང་རིམ་པ་ཐེངས་མང་ལོན།
རང་ཉིད་ཀྱི་གསར་གཏོད་གླེང་སྐབས། ལིའུ་ཧུང་ཝེ་ཡིས་བཤད་རྒྱུར། ཁོ་ལ་མཐོ་འབྲིང་སྐབས་ནས་ལས་སྒོ་གསར་འབྱེད་ཀྱི་ཕུགས་བསམ་ཡོད་ལ། ཁོས་སློབ་ཆེན་དུ་གསར་གཏོད་དང་ཇུས་འགོད་ལག་ལེན་རྒྱུན་བསྐྱངས་པ་དེ་ནི་རང་གི་ཕུགས་བསམ་དེ་མངོན་འགྱུར་བྱེད་པའི་ཆེད་ཡིན་ཟེར། ཁོའི་བསམ་པར་ལག་རྩལ་ཁོང་དུ་ཆུད་ཅིང་རིག་ལམ་གསར་བ་ཡོད་རྒྱུ་གལ། དེ་གཉིས་འཛོམས་ན་ལས་སྒོ་གསར་བ་ཕྱེ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་མིན་པར་འདོད།
ཁོས་ད་དུང་བཤད་རྒྱུར། “ལག་རྩལ་ཁོང་དུ་ཆུད་ཅིང་རིག་ལམ་གསར་བ་ཡོད་རྒྱུ་ནི་ཤིན་ཏུ་གལ། དེ་ནི་གོ་སྐབས་ཤིག་སྟེ། པེར་ཀེ་ཚི་ཡིས་ཏག་ཏག་སྐབས་དེར་གློག་ཀླད་ཀྱི་སྙི་ཆས་ཁྱབ་གདལ་མེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རང་གི་ཆུང་གྲོགས་དང་མཉམ་དུ་ཨ་རིའི་སྙི་ཆས་སྤྱི་གཉེར་བཙུགས་ཤིང་། ཕྱིས་སུ་འཛམ་གླིང་གི་ཆེས་ཆེ་བའི་གློག་ཀླད་སྙི་ཆས་མཁོ་འདོན་ལྟེ་བར་གྱུར”ཞེས་ཟེར།
ཁོང་གིས “ད་ལྟ་ལས་སྒོ་གསར་འབྱེད་ཀྱི་ཁོར་ཡུག་ཤིན་ཏུ་ལེགས། ལས་སྒོ་གསར་འབྱེད་ཀྱིས་རང་ཉིད་ལའང་གོ་སྐབས་མང་པོ་བསྐྲུན་ཐུབ་”ཟེར། ཁོས་དཔེ་འཇོག་བྱས་པ་ལྟར། ལས་ཀ་འཚོལ་བ་ནི་མི་མང་པོས་ས་ཁར་བཏོན་ཟིན་པའི་གསེར་དེ་འཕྲོག་རེས་བྱེད་པ་དང་འདྲ་ལ། ལས་སྒོ་གསར་འབྱེད་ནི་རང་གིས་ས་སློག་ནས་གསེར་འཚོལ་བ་དང་འདྲ་ཞེས་ཟེར།(རྩོམ་འགན་པ། རྟ་མགྲིན)