ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ཡི་གེ་མི་ཤེས་པའི་ཁམས་བདེ་ཆེན་གྱི་སློབ་གཙོ་ཨ་འབྱུང་།

2014-12-11 དཔལ་རྩལ།

ངས་ཡི་གེ་ཡག་པོ་མི་ཤེས།
  ད་ལོའི་དགུན་མགོ་ལ་དུས་དེབ་ཅིག་གི་ལོ་རེའི་འཆར་ཅན་གྱི་ཚོགས་འདུ་ཞིག་ལ་ཞུགས་ཕྱིར་ཐོག་དང་པོར་རྒྱལ་ཐང་ལ་ཕྱིན་པ་ཡིན། རྒྱལ་ཐང་ལ་བསླེབས་པའི་ཉིན་གཉིས་པར་ཚོགས་འདུ་དངོས་སུ་མགོ་བརྩམས་ཤིང་། ཚོགས་འདུའི་ཉན་མཁན་གྱི་གྲས་ནས་བོད་ལྭ་དམར་པོ་ཅུང་ཟད་རྙིང་ཤས་ཆེ་བ་ཞིག་གྱོན་པའི་རྒན་པོ་ཞིག་མཐོང་བྱུང་། ངས་ཁོ་རང་ས་དེའི་རྩོམ་རིག་སོགས་ལ་དགའ་མོས་བྱ་མཁན་གྱི་རྒན་པོ་ཕལ་བ་ཞིག་ཡིན་ཤས་ཆེ་སྙམ་པ་ལས་དོ་སྣང་ཆེར་མ་བྱས། ཕྱི་དྲོ་ཁ་ལག་ཟ་བའི་སྐབས་སུ་རྒན་པོ་དེས་ང་ཚོ་མི་རེ་རེ་ལ་ཁོ་རང་གིས་བསྒྲིགས་པ་ཡིན་ཟེར་བའི་ཡུལ་ཕྱོགས་དེའི་དམངས་གཞས་ཕྱོགས་བསྒྲིགས་ཀྱི་དེབ་རེ་གནང་སོང་བས། གུས་ཞབས་ཀྱི་ཚུལ་དུ་བཀའ་དྲིན་ཞུས་པ་ལས་གཞན་ཁ་བརྡ་སོགས་ལྷོད་པོར་མ་གློད། ཁ་ལག་བཟའ་བཞིན་པའི་སྐབས་སུ་གཞན་པ་ཚོས་རང་རང་གི་ས་ནས་ཁ་བརྡ་ལ་རོལ་བ་དང་ཁ་པར་སོགས་རྩེད་བཞིན་པས། ངས་ཀྱང་དུས་ཚོད་ཙམ་གཏང་ཆེད་དེབ་དེའི་ཁ་ཕྱེ་དུས་སྒྲིག་མཁན་གྱི་མིང་ལ་ཨ་འབྱུང་ཞེས་བྲིས་ཡོད་པ་མཐོང་བྱུང་། ངས་སྔོན་ཆད་བདེ་ཆེན་དང་རྒྱལ་ཐང་ཕྱོགས་ཀྱི་དམངས་གཞས་ཤིག་སྒྲིག་རོགས་བྱ་སྐབས་ཨ་འབྱུང་ཞེས་པའི་ཡུལ་དེའི་རྒན་པ་ཞིག་དང་ཁ་པར་ལམ་ནས་འབྲེལ་བ་བྱས་མྱོང་བ་དྲན་སོས་ཤིང་། ཁོང་ནི་ཡུལ་དེའི་གཞས་སྣ་ལེགས་སྒྲིག་ཙམ་མ་ཟད་བོད་ཡིག་གི་སློབ་གསོ་སྐྱོང་བ་ལའང་བྱས་རྗེས་ཆེ་བ་ཐོས་མྱོང་པས། ལྭ་བ་རྙིང་ལ་སྲབ་པ་དམར་བོ་ཅན་གྱི་རྒན་པོ་འདི་ནི་རྒན་ཨ་འབྱུང་མིན་ནམ་སྙམ་པའི་བློ་ཞིག་སྐྱེས་ཤིང་། ཁ་ལག་གྲོལ་ལ་ཉེ་དུས་ང་རང་ཆེད་དུ་ཁོང་གི་གམ་ལ་བཅར་ཞིང་ཁྱེད་རང་རྒན་ཨ་འབྱུང་ཡིན་ནམ་ཞེས་དྲིས་པར། ལགས་ཡིན་ཞེས་ལན་བཏབས་སོང་ལ། སྐད་གྲགས་བདེ་ཆེན་ཙམ་མ་ཟད་ས་ཆ་གང་སར་ཁྱབ་ཡོད་པའི་བོད་ཡིག་སློབ་གསོ་སྤེལ་མཁན་ཨ་འབྱུང་ལགས་ནི་མ་གཞི་འདི་ལྟ་བུའི་རྒན་པོ་བབ་ཆགས་ཤིང་། རྒྱས་སྤྲོས་མེད་པ་དང་། ཐ་ན་མི་གཞན་དང་སྐད་ཆ་ཤོད་སྐབས་རང་ཉིད་ཅུང་དོགས་མི་བདེ་བར་གད་མོ་འཚེར་འཚེར་དགོད་མཁན་གྱི་རྒན་པོ་སྙིང་རྗེ་བོ་ཞིག་ཡིན་ཞིང་། གལ་སྲིད་མི་སུ་ཞིག་ལ་འདི་ནི་ཨ་འབྱུང་རེད་ཅེས་མ་བཤད་ཚེ་ཁོང་ནི་མཛད་རྗེས་ཆེ་ཞིང་། མི་ལོ་བཅུ་བདུན་ལྷག་ལ་སྒེར་གཉེར་གྱི་བོད་ཡིག་སློབ་གསོ་གཉེར་བའི་སྐྱེས་བུ་དམ་པ་དེ་ཡིན་པ་བློ་ལའང་མི་འཁོར་བ་ཞིག་རེད།
  ང་རང་ཁོང་ལ་བཅར་འདོད་ཆེ་བ་དང་། ཁོང་གི་གཏམ་རྒྱུད་མངར་ལ་སྐྱུར་བ་མང་པོ་ཞིག་ལ་ཉན་འདོད་ཡོད་པས་ཁོང་ལ་སང་ཉིན་ཁྱེད་རང་ཚོགས་འདུར་ཡོང་རྒྱུ་ཨེ་ཡིན་དྲིས་པར་ཁོང་གིས་ཡོང་བའི་ལན་གནང་ཞིང་བྲང་ཁུག་ནས་མིང་བྱང་ཞིག་ཀྱང་གནང་བྱུང་། མིང་བྱང་དེའི་ཉིན་དུ་བདེ་ཆེན་རྫོང་ཀུན་ཕན་བོད་ཡིག་སློབ་གྲྭ་དང་སྲིབ་ངོས་སུ་སེམས་ཀྱི་ཉི་ཟླ་རྫོང་ཀུན་ཕན་བོད་ཡིག་སློབ་གྲྭ་ཞེས་སློབ་གྲྭ་གཉིས་ཀྱི་མིང་བྲིས་འདུག་ལ་གཤམ་དུ་གཉིས་ཀར་སློབ་གྲྭའི་འགོ་འཛིན་པ་ཞེས་བྲིས་འདུག་པས། མ་གཞི་ཁོང་གི་ཀུན་ཕན་བོད་ཡིག་སློབ་གྲྭ་ལ་ད་ལྟ་ཡན་ལག་སློབ་གྲྭ་ཞིག་རྒྱལ་ཐང་དུ་ཡོད་པ་ཤེས་བྱུང་།
  ཕྱི་ཉིན་གྱི་ཚོགས་འདུའི་ལས་རིམ་ཕྱི་མ་ནི་ཚོགས་ཞུགས་ཀྱི་བོད་རིགས་ཚོས་བགྲོ་གླེང་ཞིག་རེད། མགོ་འཛིན་པའི་གྲལ་གྱི་གོ་རིམ་བཞིན་མི་རེ་རེ་ལ་སྐད་ཆ་བཤད་པའི་དུས་ཚོད་སྐར་མ་ཁ་ཤས་གནང་བྱུང་བས། ཚང་མའི་དུས་དེབ་སྤྱིའི་འཕེལ་རྒྱས་དང་། ལོ་ཙཱ། རྩོམ་སྒྲིག་སོགས་ཀྱི་ཐད་བསམ་ཚུལ་དང་གྲོས་གཞི་མང་པོ་བཏོན་བྱུང་། དེ་ནས་ཨ་འབྱུང་གི་རེས་ལ་བསླེབས་དུས་ཁོང་ཅུང་ཟད་སྐྱེངས་པའི་ཚུལ་གྱིས་ཚོགས་ར་ལ་ལྟ་བཞིན་ཚང་མ་སྐུ་ཁམས་བཟང་། ངའི་མིང་ལ་ཨ་འབྱུང་ཟེར། གོང་དུ་མཁས་པ་རྣམས་པས་གསུང་བཤད་ཡག་པོ་གནང་བྱུང་བས་ངའི་ཡིད་དྲངས་བྱུང་། ང་ལ་གཞན་ལས་ལྷག་པ་གང་ཡང་བཤད་རྒྱུ་མེད། རྒྱུ་མཚན་ནི་ངས་ཡི་གེ་ཡག་པོ་ཞིག་མི་ཤེས་ཞེས་བཤད་བྱུང་། སྐབས་དེར་ང་ལ་ཡི་གེ་མི་ཤེས་པའི་སློབ་གསོ་བ་འདི་ལ་རྒྱུས་གཏིང་ཟབ་མོ་ཞིག་ལེན་པའི་འདོད་པ་འགོག་མེད་ཅིག་སྐྱེས་བྱུང་། ཁོང་གིས་རང་ཉིད་ཀྱི་སློབ་གྲྭ་ཁག་གཉིས་ཀ་ངོ་སྤྲོད་ཅིག་གནང་བྱུང་ལ། གམ་དུ་བསྡད་ཡོད་པའི་སློབ་མ་འགའ་ཤས་བསྟན་ནས་འདི་དག་ཚང་མ་ཁོའི་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཡིན་ཞེས་ངོ་སྤྲད་བྱུང་། དབུས་གཙང་གི་སྐད་ཀྱི་གདངས་ལ་ཡུལ་སྐད་ཅུང་ཟད་འདྲེས་པའི་སྐད་ཆ་ཐུང་ངུ་དེ་ནི་ཕལ་ཆེར་ཚོགས་ར་ཡོངས་ཀྱིས་ཆེས་གོ་སླ་བའི་སྐད་དུ་གྱུར་སོང་བ་འདྲ་སྟེ། ཕྱི་དྲོ་ཅུང་ཟད་དུབ་པའི་ཚོགས་ར་རུ་གསལ་ལ་འགྲོས་མྱུར་བའི་ཐལ་མོ་རྡེབ་སྒྲས་ཁྱབ་སོང་།
ལོ་རིམ་དམའ་ཤོས་ཀྱི་སློབ་མ་ཚོས་ཡི་གེ་ཀློག་བཞིན་པ།
གད་སྙིགས་ར་བའི་ཁ་གཏད་ཀྱི་སློབ་གྲྭ
  ཕྱི་ཉིན་གྱི་ཚོགས་འདུའི་ལས་རིམ་ནི་ཕྱི་ལ་འཆམ་འཆམ་འགྲོ་བ་ཡིན་མོད། མང་ཤོས་རང་རང་གི་ས་རུ་གྲོལ་སོང་བས་ངས་རྒན་ཨ་འབྱུང་ལགས་ལ་ཁ་པར་བཏང་ཞིང་རང་ཉིད་ཁོང་གི་སློབ་གྲྭ་ལ་བལྟ་རུ་འགྲོ་འདོད་ཅེས་བཤད་པ་ཡིན། ཁོང་གིས་ཡོང་གི་རེད། གད་སྙིགས་ར་བའི་བཞི་མདོ་ལ་ཤོག་དང་ང་རང་བསུ་རུ་ཡོང་ཆོག་ཅེས་གསུངས་བྱུང་། དེ་ལྟར་ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀ་ལ་དུས་བཏབས་རྗེས་ངའི་སེམས་སུ་གད་སྙིགས་ར་བའི་བཞི་མདོ་ན་ཡོད་པའི་སློབ་གྲྭ་དེ་ནི་ཇི་འདྲ་ཞིག་ཡིན་སྲིད་དམ་སྙམ་པའི་འཆར་སྣང་ཞིག་འགོག་མེད་དུ་སྐྱེས་བྱུང་། གད་སྙིགས་ར་བ་ནི་གྲོང་མཁར་དང་བར་ཐག་སྤྱི་ལེ་ལྔ་ཡས་མས་ཤིག་གི་གོང་དུ་ཡོད་པས། ང་དང་གྲོགས་པོ་གཉིས་དེ་ལ་བསླེབས་དུས་ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ཙམ་གྱིས་འཕྱི་འབྱོར་ཐེབས་སོང་། སྐབས་དེར་གནམ་གཤིས་ལེགས་པོ་མིན་ཞིང་། ཁ་བ་ཁྱེར་བའི་རླུང་བུ་གྲང་མོ་ཞིག་ལྡང་ཡོང་བས་གྲང་འདར་རྒྱག་དགོས་པ་ཞིག་འདུག གད་སྙིགས་ར་བའི་བཞི་མདོ་ཞེས་པ་ནི་མ་གཞི་འོད་སྣང་ཞེས་པའི་གྲོང་ཚོ་ཞིག་གི་བཞི་མདོ་རེད། ངས་གྲོང་ཚོའི་ཕྱོགས་ནས་རྒན་ཨ་འབྱུང་ལགས་ང་ཚོའི་ཕྱོགས་སུ་ཡོང་བ་མཐོང་བྱུང་། ཁོང་གིས་ཁ་སང་གི་ལྭ་བ་དེ་མ་བརྗེ་བར་གོན་འདུག་ལ་གནམ་གཤིས་གྲང་ངར་ཆེ་བས། ལྭ་བའི་སྟེང་ལ་ཟི་ཚར་གྱི་སྟོད་ཐུང་ཞིག་གཡོག་འདུག ཁོང་འཛུམ་བཞིན་དེ་རིང་གནམ་གཤིས་ལེགས་པོ་མི་འདུག་གསུངས་ཤིང་ལག་འཇུ་གནང་བྱུང་ལ། རྩུབ་ཅིང་འཁྱག་པའི་ལག་པ་དེས་ང་ཚོ་ཁོང་གི་སློབ་གྲྭའི་ཕྱོགས་སུ་ཁྲིད་གནང་བྱུང་། སློབ་གྲྭ་དེ་ནི་སྔར་གྱི་གྲོང་ཚོའི་སློབ་ཆུང་གི་ཤུལ་ཡིན་འདུག་ལ་ར་སྐོར་སྒོ་སྦུག་གཉིས་ཡོད་པའི་སྦུག་མ་ནི་ཐབ་ཚང་དང་ཟ་ཁང་སོགས་ཡིན་པ་དང་། ཕྱི་མའི་ཉིན་སྲིབ་གཉིས་ཀ་སློབ་ཁང་ཡིན་ཞིང་། བྱིས་པ་ཚོས་དཔེ་ཆ་ཀློག་བཞིན་པའི་སྒྲ་གཡས་གཡོན་གཉིས་ཕན་ཚུན་ལ་འགྲན་པ་བཞིན་མཆེད་ཡོང་། ཁོང་གིས་ང་ཚོ་སྦུག་ལ་འགྲོ སྦུག་ལ་མེ་ཡོད་ཟེར་ཞིང་། སྦུག་ལ་ཁྲིད་བྱུང་། སྦུག་གི་ཁང་མིག་ཅིག་ལ་འཛུལ་དུས་དེའི་ནང་དུ་སྐུབ་སྟེགས་རིང་བོ་ཁ་ཤས་དང་ཐབ་ཁ་ཞིག་འདུག་ལ། ཆ་སྒམ་གྱི་སྟེང་དུ་ལོ་མང་སོང་བའི་བརྙན་འཕྲིན་རྙིང་བ་ཞིག་ལས་གཞན་ཁྱིམ་ཆས་གྲལ་དག་པོ་ཞིག་མཐོང་རྒྱུ་མ་བྱུང་། ང་ཚོ་ཐབ་ཀ་དེའི་མཐའ་བསྐོར་ནས་བཙོག་རྗེས་དགེ་རྒན་བུ་མོ་ཞིག་གིས་ཐབ་ཀ་ལ་མེ་ཤིང་བསྣན་པས་ཁང་བའི་ནང་ཇེ་དྲོ་ལ་ཕྱིན་ཞིང་། ལྕགས་ཀྱི་ཕོར་བའི་ནང་དུ་བླུགས་པའི་ཇ་ནག་ཚ་བོ་དེ་བཏུང་བས་ཁོག་ཀྱང་དྲོས་པར་གྱུར་སོང་། དེ་ནས་ངས་ཁོང་ལ་འདྲི་འདོད་པའི་དྲི་བ་ཁ་ཤས་དྲིས་པ་ཡིན་ལ། རྒན་འབྱུང་གིས་རེ་རེ་ལ་ལན་ཡང་འཛེམས་ཟོན་མེད་པར་གནང་བྱུང་། ལན་འདེབས་པའི་སྐབས་སུ་དགེ་རྒན་བུ་མོ་དེས་རྒན་ཨ་འབྱུང་གི་སྟོད་ལྭ་དེ་ཡར་ཁོང་གི་རྒྱབ་ལ་ཡང་ཡང་འཐེན་ཞིང་གོང་ཁ་ནས་ཕར་བསུམས་པར་བལྟས་ན་ཁོང་གི་གཟུགས་པོ་ལ་སེམས་ཁུར་བྱ་བཞིན་པ་ཤེས་ཐུབ།
སློབ་གྲྭ་གྲོལ་ཁ་དགེ་སློབ་ཚང་མ་ར་སྐོར་དུ་འཛོམ་བྱུང་།
ཁ་ལོ་བ་ཨ་འབྱུང་ཇི་ལྟར་སློབ་གཙོ་ལ་གྱུར་བ་རེད།
  རྒན་ཨ་འབྱུང་ལགས་ནི་སྔོན་ཆད་སྤྱིར་བཏང་གི་ཞིང་པ་ཞིག་ཡིན་ཞིང་། ཆུང་ངུའི་དུས་སུ་ཟླ་བ་ཁ་ཤས་ལ་སློབ་གྲྭར་འགྲོ་མྱོང་མོད། རྗེས་སུ་སློབ་གྲྭའི་དགེ་རྒན་དེ་ས་ཆ་གཞན་དུ་ཕྱིན་པས་སློབ་སྦྱོང་གི་གོ་སྐབས་ཤོར་ཡོད་པ་རེད། ཕྱིས་སུ་ཁོང་དགུང་ལོ་ཆེར་སོན་རྗེས་ཕྱོགས་གཅིག་ནས་ཁྱིམ་གྱི་ཞིང་ལས་འཐུས་མ་ཤོར་བར་བསྒྲུབས་ཤིང་། ཕྱོགས་གཅིག་ནས་འབད་པ་ཆེན་པོས་ཞོར་ལས་བསྒྲུབས་པས་ཁྱིམ་གྱི་འབྱོར་བ་གྲོང་ཚོ་ཡོངས་ལས་ལེགས་ཤོས་སུ་གྱུར་ཡོད། སྐབས་ཤིག་རིང་ཁོང་གིས་གློག་བརྙན་ཀུང་ཟི་ལ་ཟོང་འཁོར་གཏོང་བའི་ལས་ཀ་བསྒྲུབས་ཡོད་པ་དང་། ལས་ཀའི་དབང་གིས་ས་ཆ་གཞན་ལ་ཐེངས་མང་འགྲོ་དགོས་བྱུང་ཡོད། དེའི་སྐབས་སུ་ཁུན་མེང་སོགས་སུ་འགྲོ་སྐབས་རྒྱ་ཡིག་དང་རྒྱ་སྐད་གང་ཡང་མ་ཤེས་པས། ཐ་ན་འགྲིམ་འགྲུལ་གྱི་ཉེན་རྟོག་པས་བཀག་ནའང་ཞེ་ཞེ(谢谢སྟེ་བཀའ་དྲིན་ཆེ་ཞེས་པའོ) ཞེས་རྒྱ་སྐད་ཚིག་གཅིག་པོ་བསྐྱར་ཟློས་བྱ་རྒྱུ་ལས་ཐབས་བཀོད་མེད་པ་ཆགས་ཡོད། དེ་ལྟར་ཁོང་གིས་ཕྱོགས་གཅིག་ནས་འཛུམ་མདངས་ལྷད་མེད་པ་ཞིག་སྟོན་པ་དང་། ཕྱོགས་གཅིག་ནས་ལེགས་ཉེས་ཀུན་ལ་ཞེ་ཞེ་ཞེས་སྨྲས་ནས་དཀའ་ཁག་ལས་སྒྲོལ་ཐབས་བྱས་པས། བདེ་ཆེན་ཕྱོགས་སུ་ཁོང་ལ་ཨ་འབྱུང་ཞེས་འབོད་མཁན་མེད་པར་ཞེ་ཞེ་ཞེས་པའི་བཏགས་མིང་ཞིག་གིས་འབོད་སྲོལ་བྱུང་ཡོད།
  ཁོང་གི་སེམས་སུ་རྒྱའི་སྐད་ཡིག་མ་འབྱོན་པས་རྒྱ་ཡུལ་འགྲིམ་པ་དཀའ་མོད། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡུལ་ལ་འགྲོ་བར་དཀའ་ཁག་ཡོད་སྲིད་རྒྱུ་མ་རེད་འདོད་མོད། ཕྱིས་སུ་དེའང་ལས་སླ་མོ་ཞིག་མིན་པ་ཤེས། ཁོང་ལྷ་སར་འགྲོ་དུས་གཅིག་ནས་བོད་ཡིག་མ་ཤེས་པ་དང་། དབུས་ཕྱོགས་ཀྱི་ཡུལ་སྐད་ལའང་ཆ་རྒྱུས་མེད་པས་དཀའ་ཁག་མྱངས་པ་ཁུན་མེང་ལ་སོང་བ་ལས་མི་ཉུང་བས། ཕྱིར་ཕ་ཡུལ་ལ་བསླེབས་རྗེས་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ཅིག་མ་ཤེས་ན་བོད་ཡིན་ཟེར་བའང་མིང་ཙམ་ཡིན་པ་དང་། ཕ་ཡུལ་འདི་ཡུལ་ཕྱོགས་གཞན་པ་དང་འདྲ་བར་འཕེལ་རྒྱས་དགོས་ན་ཤེས་བྱ་ཡོན་ཏན་ཞིག་མེད་དུ་མི་རུང་སྙམ་ཞིང་། རང་གི་བསམ་ཚུལ་དེ་འཇོལ་བདེ་ཆེན་གླིང་གི་གྲྭ་བ་ཁ་ཤས་ལ་བཤད་པས། ཚང་མས་དེ་ལེགས་པོ་འདུག་ཅེས་བསྟོད་པའི་མཐེ་བོང་བསྒྲེངས་བྱུང་།
  སྐབས་དེར་འཇོལ་བདེ་ཆེན་གླིང་གིས་སྔར་གྱི་སྨན་རྫས་ཀུང་ཟི་ལ་ཁང་བ་རྙིང་བ་ཞིག་ཡོད་པ་དེ་ཉོས་ནས། དེ་རུ་གྲྭ་ཚང་འཚོག་བཞིན་ཡོད་པ་དང་། གྲྭ་བའི་ཁ་གྲངས་ཉུང་ཞིང་ཁང་བ་ལྷག་མ་ཁ་ཤས་ཡོད་པས། དགོན་པས་ཁང་བ་ཕྱེད་ཀ་ཨ་འབྱུང་ལ་གཡར་ནས་ཁོང་གི་ཀུན་ཕན་སློབ་གྲྭ་འཛུག་པར་རོགས་རམ་བྱས་པ་རེད། ཁོང་གི་ནང་མི་ཚོ་ནི་ཡོང་སྒོ་མེད་ཅིང་དཀའ་ཁག་ཆེ་བ་དང་། འགྲོ་སོང་མཐོ་བའི་སློབ་གྲྭ་འདི་འདྲ་ཞིག་འཛུགས་རྒྱུར་འཐད་པ་ཅི་ཡང་མེད་མོད། རྒྱུན་ལྡན་གཤིས་ཀ་འཇམ་ཞིང་གད་མོ་འཚེར་འཚེར་དགོད་པའི་ཨ་འབྱུང་གི་རང་ཤེད་ལ་ངོ་ཡ་མ་ཡོང་བས་གསོག་དངུལ་ཡོད་ཚད་བཏང་ནས་སློབ་གྲྭ་ཞིག་འཛུགས་པར་མི་འཐད་རང་འཐད་དུ་གྱུར་ཡོད། ཁང་བ་ཡོད་ལ་གནས་སྐབས་ཀྱི་མ་དངུལ་ཅུང་ཟད་འཛོམས་པར་གྱུར་མོད། དགེ་རྒན་ནི་དཀའ་ཁག་ཆེ་ཤོས་སུ་གྱུར་ཡོད། ས་དེ་རུ་བོད་ཡིག་འབྲི་ཀློག་ཤེས་པའི་དགེ་རྒན་ཞིག་རྙེད་དཀའ་བས་ཡར་མར་ཀུན་ལ་བཙལ་མཐར། སྨར་ཁམས་ཕྱོགས་སུ་སྔར་གྲྭ་བ་བྱས་མྱོང་ཞིང་། ད་ལྟ་གྲོང་ཚོ་རུ་ངལ་གསོས་ཡོད་པའི་རྒན་པོ་ཞིག་ཡོད་པ་ཐོས་པས། ཁོང་གདན་འདྲེན་པར་ལན་ཤས་ཕྱིན་རུང་། རྒན་པོ་དེས་ཐག་རིང་བ་དང་རང་ཉིད་ན་རྒས་པ་སོགས་རྐྱེན་བྱས་ནས་ཁས་ལེན་གནང་མེད། མཐར་ཡང་ནས་ཡང་དུ་ལན་གྲངས་དུ་མར་ཕྱིན་པས་རྒན་པོའང་སེམས་འགུལ་ཐེབས་ནས། ང་ཡོང་ཆོག་མོད་ཁྱོད་ལ་སློབ་མ་གསུམ་ལས་མེད་པས། མི་གསུམ་གྱི་དོན་དུ་ཟླ་ཕོགས་ཆ་ཚང་ཞིག་སྤྲོད་པར་དཀའ་ལས་མི་འདུག་གམ་ཞེས་དྲིས་པར། ཨ་འབྱུང་གིས་གལ་ཏེ་ཁྱེད་རང་ཡོང་ན་སློབ་མ་གཅིག་ལས་མེད་ཀྱང་ཕོགས་ཐོབ་གཅིག་ཀྱང་མ་ཆག་པར་སྤྲོད་རྒྱུ་ཁས་བླངས་པ་ཡིན་ཞེས་བཤད། དེ་ལྟར་སློབ་མ་གསུམ་དང་དགེ་རྒན་གཅིག་ལས་གྲུབ་པའི་རྨོངས་སེལ་འཛིན་གྲྭ་ཞིག་འཇོལ་བདེ་ཆེན་གླིང་གི་གྲུ་ཀ་སྐུ་འཁྲུངས་པ་རེད།
ལྷིང་ཞིང་འཇགས་པའི་ཀུན་ཕན་སློབ་གྲྭ
ངས་ངའི་སློབ་གྲྭ་ལ་ཤོག་ཟེར་མ་མྱོང་།
  ཟླ་བ་གསུམ་ལས་མ་ཕྱིན་པར་སློབ་མའི་ཁ་གྲངས་ཆེས་ཆེར་འཕར་ཞིང་། ཨ་འབྱུང་གི་གསོག་དངུལ་ཉུང་ངུས་སློབ་གྲྭའི་འགྲོ་སོང་མི་ལྡེང་བར་གྱུར་ཡོད། ཨ་འབྱུང་གིས་སྐབས་དེར་ཆེས་དཀའ་ཁག་ཆེ་ཤོས་ནི་དགེ་རྒན་གྱི་ཟླ་ཕོགས་རེད། སྐབས་རེར་ཟླ་བ་ཁ་ཤས་ལ་ཟླ་ཕོགས་སྐར་མ་གང་ཡང་སྤྲད་མ་ཐུབ་པའི་གནས་ཚུལ་ལྷགས་བཞིན་འདུག་ཟེར། སློབ་མ་ཚང་མ་སློབ་གྲྭ་རུ་བསྡད་ཡོད་པས་དེ་དག་གི་ཁ་རྒྱབ་ཇི་ལྟར་ཐག་བཅད་པ་ཡིན་ཞེས་དྲིས་དུས། ཁོང་གིས་ང་ལ་བདེ་ཆེན་རྫོང་དུ་ཚོང་ཁང་ངོ་ཤེས་རེ་འགའ་ཡོད། ཟ་འབྲུ་སོགས་ནི་ཕལ་ཆེ་བ་དེ་དག་གིས་ས་ནས་གཡར་བ་ཡིན། ཚོང་ཁང་འདི་ལ་གཡར་གཡར་ནས་ཁ་སྐྱེངས་བར་གྱུར་སོང་ན་ཚོང་ཁང་གཞན་པ་ཞིག་ནས་གཡར་བ་ཡིན། ང་ལ་མཚོན་ན་མི་ཚེའི་དཀའ་ཁག་ཆེ་ཤོས་ཚང་མ་སློབ་གྲྭ་ལས་བྱུང་བ་རེད། ཁྱིམ་ཚང་ལ་དཀའ་ཁག་གང་ཡང་མེད་ཟེར། ཕྱོགས་གཅིག་ནས་དཔལ་འབྱོར་ཐད་ནས་དཀའ་ཁག་ཆེན་པོ་འཕྲད་པ་དང་། ཕྱོགས་གཅིག་ནས་བོད་ཡིག་གི་སློབ་གསོ་བསྒྲུབ་པའི་ལམ་བུ་གསར་བ་ཞིག་ཡུལ་དེར་བཏོད་དགོས་པས་ལོ་ངོ་དེ་དག་རིང་ཨ་འབྱུང་གིས་སྔར་མེད་ཀྱི་དཀའ་ཚེག་ཅིག་མྱངས་ཡོད་པ་ནི་སྨོས་མ་དགོས། བདེ་ཆེན་ཕྱོགས་སུ་བོད་ཡིག་གི་སློབ་གྲྭ་མེད་པ་དང་། སློབ་དེབ་ཀྱང་ཚད་ལྡན་ཞིག་རེག་ཐབས་མེད་པས། ཐེངས་ཤིག་ཁོ་རང་སློབ་གྲྭའི་སློབ་དེབ་ཉོ་ཆེད་ཆབ་མདོ་རུ་ཕྱིན་ཞིང་། ཕྱིར་ལོག་པའི་ལམ་བར་དུ་རི་ཉིལ་བས། མོ་ཊ་གཏོང་ཐབས་མེད་སྟབས། མོ་ཊ་ཐག་ཉེ་རུ་བཅོལ་ནས་སློབ་དེབ་དག་ཁུར་ཞིང་ཉིན་མཚན་དྲུག་ལ་རྐང་ཐང་དུ་ཡོང་ནས་སློབ་མགོ་མ་བརྩམས་པའི་སྔོན་ལ་སློབ་དེབ་དག་སློབ་གྲྭ་རུ་བསྐྱལ་བའི་གཏམ་རྒྱུད་དེ་མི་མང་པོ་ཞིག་གིས་ཤོད་ཀྱིན་འདུག དེ་ལྟར་དཀའ་བ་སྤྱད་པས། མི་མང་པོ་ཞིག་གིས་ཨ་འབྱུང་གི་བྱ་གཞག་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རངས་བྱ་བཞིན་ཡོད་མོད། མི་རེ་འགས་དེ་ལ་ཡིད་མི་ཆེས་པར་སུ་ཞིག་གིས་ཀྱང་རང་གི་མི་ཚེ་དང་རྒྱུ་ནོར་ཡོད་ཚད་ཁེ་ཕན་ཅི་ཡང་མེད་པའི་ལས་ཀ་ཞིག་ལ་གཏོང་མི་སྲིད་པ་རེད། ཨ་འབྱུང་ལ་མི་ཚོས་མི་ཤེས་ས་རུ་དེ་ལས་ལྷག་པའི་ཁེ་ཕན་ཞིག་ཡོད་ངེས་ཅན་རེད་ཅེས་བརྗོད་མཁན་བྱུང་ཡོད་ཅིང་། ལ་ལ་ཞིག་གིས་འདི་ནི་འཆར་གཞི་དང་ལྡན་པའི་ཚོང་ཆེན་པོ་ཞིག་རེད། མ་འོངས་པར་ཨ་འབྱུང་སློབ་གྲྭ་ལ་བསྟེན་ནས་ཕྱུག་པོ་ཆགས་རྒྱུ་རེད་ཅེས་གཏམ་ཡན་སྣ་ཚོགས་སྨྲ་མཁན་བྱུང་ཡོད། ཨ་འབྱུང་གིས་དེ་དག་ལ་ཅི་མི་སྙམ་པར། གཙོ་བོ་རང་ཉིད་རེད། རང་གི་སེམས་ནས་སྤུས་དག་པོ་ཞིག་བྱུང་ན་གཞན་ཚོས་ཅི་ཟེར་ན་ཅི་རེད། གཞན་ཚོས་ཤེས་ས་ནས་ཁེ་ཕན་མ་བཙལ་ནའང་རང་ཉིད་རེད། གཞན་ཚོས་མ་ཤེས་ས་ནས་ཁེ་ཕན་བཙལ་ནའང་རང་ཉིད་རེད། རང་ལ་བློ་འགྱོད་མེད་པ་ཞིག་བྱུང་ན་གཞན་གྱི་སྐད་ཆ་ཚོས་རང་ལ་གནོད་གང་ཡང་ཚུགས་རྒྱུ་མ་རེད་ཅེས་བཤད་མོད། མཐའ་མར་རང་གི་ཉེ་འཁོར་དུ་བྱུང་བའི་སྒེར་བཙུགས་སློབ་གྲྭ་ཁ་ཤས་ལ་དཔལ་འབྱོར་ཐད་ནས་གནད་དོན་བྱུང་རྗེས་སྒོ་གཏན་དགོས་པ་བྱུང་བས། ཁོང་གིས་ཀྱང་ཆེད་ལས་ཀྱི་རྩིས་གཉེར་བ་ཞིག་གི་རོགས་རམ་ལ་བསྟེན་ནས་སློབ་གྲྭའི་འགྲོ་འོང་གི་གནས་ཚུལ་ཚང་མ་ཐོ་བཀོད་ནས་དྲ་བའི་ངོས་སུ་བཀོད་པ་དང་། བདེ་ཆེན་གྱི་སློབ་གྲྭ་ལ་གཞུང་གི་རྩིས་གཉེར་བ་ཞིག་དང་སློབ་གྲྭ་རང་གི་རྩིས་གཉེར་བ་ཞིག་བཀོད་སྒྲིག་བྱས་ཤིང་། སློབ་གྲྭའི་འགྲོ་སོང་ཆེ་ཆུང་གང་ཡིན་རུང་སློབ་གཙོ་དང་རྩིས་གཉེར་བ་མི་གཉིས་བཅས་ཁྱོན་བསྡོམ་མི་གསུམ་གྲོས་ཁ་མ་འཆམ་ཞིང་ཕན་ཚུན་གནས་ཚུལ་མ་གསལ་བར་སྐར་གཅིག་ཀྱང་གཏོང་མི་ཆོག་པའི་གྲོས་ཐག་བཅད་ནས་རྩིས་ཀྱི་གོ་རིམ་ཞིབ་མོ་བྱས་ཡོད། ཁོང་གིས་ད་ལྟ་སློབ་གྲྭ་གཉིས་ཀའི་དཔལ་འབྱོར་གྱི་རྩིས་ཁ་ཁ་ཡིན། རོགས་རམ་ལེན་ནའང་བདེ་ཆེན་ཀྱི་སློབ་གྲྭ་དང་རྒྱལ་ཐང་གི་སྔོན་འགྲོའི་སློབ་གྲྭ་གཉིས་ཀྱིས་རང་རང་གི་ས་ནས་ལེན་པ་དང་། འགྲོ་སོང་ཡང་རང་རང་གི་ས་ནས་གཏོང་བཞིན་ཡོད། དེའི་ཕྱིར་ཕ་རོལ་བོའི་ཡོང་སྒོ་འདི་ལ་སྤྱད་པ་དང་འདིའི་ཡོང་སྒོ་ཕ་རོལ་བོ་ལ་སྤྱད་པའི་གནས་ཚུལ་ཡོང་བཞིན་མེད་ཟེར། ཁོང་གིས་ད་དུང་སྔོན་ཆད་ང་རང་ཕྱོགས་སུ་ཕྱིན་པའི་འགྲོ་སོང་གཅིག་ཀྱང་སློབ་གྲྭའི་གཏོང་བཞིན་མེད་པ་དང་། ང་ལ་དགེ་རྒན་གཞན་པ་ཚོ་ནང་བཞིན་ཟླ་ཕོགས་ཀྱང་མེད། ད་ལྟ་སློབ་གྲྭ་ཡོངས་ཀྱིས་གྲོས་བྱས་པ་བརྒྱུད་ང་ལའང་ཟླ་རེར་སྒོར་སྟོང་གཅིག་གི་ཟླ་ཕོགས་སྟེར་བཞིན་ཡོད་ཟེར། ད་ལྟ་བདེ་ཆེན་གྱི་སློབ་གྲྭ་ནི་སྔོན་འགྲོ་འཛིན་གྲྭ་ནས་ལོ་རིམ་དྲུག་པ་བར་ཡོད་ཅིང་། མཐར་ཕྱིན་རྗེས་ཡིག་ཚད་ཡག་ཉེས་བཞིན་སེམས་ཀྱི་ཉི་ཟླ་བོད་ཡིག་སློབ་འབྲིང་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ལ་གཏོང་ཆོག་ལ། སློབ་མ་བརྒྱད་ཅུ་ལྷག་ཡོད་པ་དང་། རྒྱལ་ཐང་གི་ཡན་ལག་སློབ་གྲྭ་ནི་སྔོན་འགྲོའི་འཛིན་གྲྭ་ཡིན་ཞིང་། འདི་ལའང་སློབ་མ་ལྔ་བཅུར་ཉེ་བ་ཞིག་ཡོད་པས། ཁྱོན་བསྡོམས་སློབ་གྲྭ་གཉིས་ལ་སློབ་མ་བརྒྱ་དང་སུམ་ཅུ་ལྷག་ཡོད། རྒན་ཨ་འབྱུང་གིས་སློབ་མ་དེ་དག་གི་སློབ་གྲྭ་རུ་ཡོད་པའི་འགྲོ་སོང་མ་ཟད། ཕྱིས་ཀྱི་སློབ་གྲྭ་ཆེ་འབྲིང་ཀུན་གྱི་སློབ་ཡོན་དང་འཚོ་བའི་འགྲོ་སོང་ཡོད་ཚད་གཏོང་རྒྱུར་ཁས་བླངས་ཡོད། ཁོང་གིས་རོགས་སྐྱོར་གནང་འདོད་མཁན་དེ་ཚོས་ང་ལ་ཡིད་ཆེས་གནང་གི་འདུག ངས་ཁོ་ཚོ་དང་སློབ་མ་ངོ་སྤྲད་ནས་ལོ་རེ་རེའི་འགྲོ་སོང་གཏོང་མཁན་འཚོལ་བཞིན་ཡོད་ལ། ཕར་སློབ་མ་ཚོས་རོགས་སྐྱོར་བླངས་པའི་བདེན་དཔང་དང་། སློབ་མཇུག་གི་ཡིག་ཚད་འབྲས་བུ་སོགས་ཁོ་ཚོ་ལ་སྐུར་བཞིན་ཡོད། ད་ལྟ་ང་ལ་ན་ཚ་མ་བྱུང་ན་དཀའ་ཁག་ཆེན་པོ་མི་འདུག འོན་ཀྱང་ལོ་གཉིས་ཙམ་སྔོན་ནས་སྙིང་ཁམས་ལ་ན་ཚ་བྱུང་ནས་གཏོང་གི་མི་འདུག ང་ནི་ས་ཆ་ཐག་རིང་བོར་སྨན་བཅོས་ལ་འགྲོ་མི་མོས་མོད། གྲོགས་པོ་ཚོས་ཡང་ཡང་བསྐུལ་ཞིང་འགྲོ་སོང་ཅི་ཡོད་ཕུད་པས་ཀོང་ཀྲུའུ་ལ་ནད་སྟོན་པར་ཕྱིན་པ་ཡིན། འོན་ཀྱང་སྨན་པས་སྨན་བསྟེན་པ་ལས་གཤག་བཅོས་སོགས་བྱ་ཐབས་མི་འདུག་ཟེར་བས་ཐབས་ཤེས་གཞན་མི་འདུག ད་ལྟ་ཅུང་ཟད་དྲག་སྐྱེད་ཕྱིན་འདུག་མོད། ད་དུང་ཟླ་བ་རེ་རེར་ཁུན་མེང་ལ་བརྟག་དཔྱད་བྱ་བར་འགྲོ་དགོས་ཡོད་ཟེར། ཁོང་གིས་ཡང་དང་བསྐྱར་དུ་ན་ཚ་འདི་འདྲ་མ་བྱུང་ན་ད་ལྟ་དཀའ་ཁག་མི་འདུག སློབ་གྲྭའང་ཇེ་བཟང་ཇེ་བཟང་རེད། བྱིས་པ་ཚོའང་ཡག་མོ་ཞེ་དྲག་འདུག་ཟེར།
  ངས་ཁོང་ལ་ཁྱོད་ཀྱིས་སློབ་མ་དེ་ཚོར་རེ་བ་ག་འདྲ་འདོན་བཞིན་ཡོད་ཅེས་དྲིས་པར་ཁོང་གིས་ངས་ཡི་གེ་ཤེས་བཞིན་མེད། སློབ་མ་ཚོས་ཡི་གེ་ཤེས་མི་ཤེས་དེའང་གཙོ་བོ་ཁོ་ཚོ་རང་དང་འབྲེལ་བ་ཡོད་པ་ཞིག་རེད། གཙོ་ཆེ་བ་དེ་མི་ཡག་པོ་ཞིག་བྱ་རྒྱུ་དེ་རེད་ཟེར་བཞིན་ཡོད། ཁོ་ཚོ་ཕལ་ཆེ་བ་ཡག་པོ་ཞེ་དྲག་ཡོད། བོད་ཡིག་ནི་བདེ་ཆེན་ཕྱོགས་སུ་བཟང་ཤོས་ཡིན། མི་གཤིས་ཀྱང་ཀུན་ཀྱིས་བསྟོད་པ་བྱ་བཞིན་ཡོད། སྐབས་སྐབས་སུ་ལས་ཀ་སྡུག་ཅག་བྱ་མཁན་རེ་གཉིས་འབྱུང་བཞིན་འདུག་མོད། སྐྱོན་ཆེན་པོ་མི་འདུག ལས་ཀ་སྡུག་ཅག་བྱ་མཁན་དེ་ཚོས་ཀྱང་ལས་ཀ་དེ་དག་བསྒྲུབ་སྐབས་མི་གཞན་ལ། སྐུ་མཁྱེན། ཨ་ཁུ་ཨ་འབྱུང་ལ་གཏན་ནས་མ་ཤོད་རོགས། ཁོང་གིས་མ་ཚོར་བ་བྱ་རོགས་ཟེར་བཞིན་ཡོད་པ་རེད་ཟེར། ཁོང་གིས་ངས་སློབ་མ་ཚོར་ཁྱོད་ཚོ་ངའི་སློབ་གྲྭ་འདི་ལ་ཤོག་ཅེས་ཟེར་མ་མྱོང་། ཁོ་ཚོ་རང་བསམ་གྱིས་ཡོང་བ་རེད། མཐར་ཕྱིན་རྗེས་ཀྱང་ངའི་སློབ་གྲྭ་ནས་མཐར་ཕྱིན་ཞིང་། ངའི་རོགས་སྐྱོར་སོགས་ཐོབ་པ་ཡིན་མོད། ང་ལ་དྲིན་ལན་གང་ཡང་འཇལ་མི་དགོས། ཁྱོད་ཚོ་ཕྱི་ལ་ཕྱིན་རྗེས་མི་དང་འབྲེལ་ཡག་པོ་བྱས། མི་ལ་ཡག་པོ་བྱས་ན་ཨ་ཁུ་ཨ་འབྱུང་ལ་ཡག་པོ་བྱས་པ་དང་ཁྱད་མེད་ཟེར་བཞིན་ཡོད་ཟེར།

འཇོན་ཐང་ཡོད་པའི་སློབ་གཙོ།
  ཁ་བརྡ་མཇུག་སྒྲིལ་རྗེས་ང་ཚོ་ར་སྐོར་ནང་ལ་ཕྱིན་པ་ན་ཕྱི་དྲོའི་སློབ་ཁྲིད་གྲོལ་ནས་སློབ་མ་ཚང་མ་ར་སྐོར་ནང་ལ་འཛོམ་འདུག ཁོ་ཚོས་ཨ་ཁུ་ཨ་འབྱུང་མཐོང་མ་ཐག་མགྲིན་གཅིག་གིས་ཨ་ཁུ་ཨ་འབྱུང་ཞེས་སྐད་ཆེན་པོས་བོས་ཤིང་། རྐང་རྡེབ་ལག་རྡེབ་བྱས་བྱུང་ལ། གནས་ཚུལ་དེ་གཟིགས་མ་ཐག་ཨ་ཁུ་ཨ་འབྱུང་ཡང་གད་མོ་དགོད་བཞིན་ཁོ་ཚོ་ལ་ལག་པ་གཡུག་གཡུག་བྱས་བྱུང་། སློབ་གྲྭའི་རྒྱལ་སྒོ་རུ་ཁྱིམ་བདག་རེའི་མགོ་བོ་ཐོན་དུས་དགེ་རྒན་གྱིས་སློབ་མ་ཚོ་རེ་རེ་བཞིན་བཏང་མཐར་སློབ་གྲྭ་རུ་ཁོང་དང་དགེ་རྒན་རེ་གཉིས་ལས་ལྷག་མེད་པས། གཞི་ནས་ལྷིང་ཤིང་འཇགས་པར་གྱུར་སོང་། ཨ་ཁུ་ཨ་འབྱུང་དགོང་མོའི་རླངས་འཁོར་ལ་བསྡད་ནས་ཁུན་མེང་དུ་བརྟག་དཔྱད་བྱ་བར་འགྲོ་དགོས་པས་ང་ཚོ་མཉམ་པོར་ཁོང་གི་མོ་ཊ་ལ་བསྡད་ནས་རྒྱལ་ཐང་གྲོང་བརྡལ་ལ་ལོགས་པ་ཡིན། ཁོང་གིས་སྔོན་ཆད་ཟོང་འཁོར་ཆེན་པོ་བཏང་མྱོང་བའི་རྐྱེན་ཡིན་ནམ་རྩུབ་རེག་ལྡན་པའི་ལག་པ་གཉིས་ཀྱིས་དཀྱོག་འཁོར་དམ་པོར་བཟུང་ཡོད་པས། ཁ་ལོ་བ་གཞན་སུ་ཞིག་ལས་ཀྱང་བརྟན་མོ་དང་བདེ་འཇགས་ཡིན་པས་སྣང་བ་ཞིག་སྟེར། ངས་ཁོང་ལ་ཁུན་མེང་ལ་འགྲོ་ན་དགོང་མོའི་རླངས་འཁོར་དེ་འདྲ་བདེ་འཇགས་རེད་དམ། ཉིན་མོའི་རླངས་འཁོར་ལ་ཕྱིན་ན་མི་ལེགས་སམ་ཞེས་དྲིས་པ་ན། ཁོང་གིས་ཉིན་མོའི་རླངས་འཁོར་ནི་འདུག་སྟེགས་རེད། དགོང་མོའི་རླངས་འཁོར་མལ་ཁྲི་རེད། ང་རང་ན་ཚའི་དབང་གིས་འདུག་སྟེགས་སུ་ཡུན་རིང་བོར་སྡོད་ཐབས་མི་འདུག་པས། མཚན་མོར་ཉལ་དེ་ཕྱིན་ན་དེ་འདྲ་དཀའ་སྣང་མི་འདུག་ཟེར། ཁོང་གིས་རང་གི་ན་ཚ་དང་དེས་བཟོས་པའི་སྟབས་མི་བདེ་བ་དང་དཀའ་ཁག་དེ་ཚོ་བརྗོད་པའི་སྐབས་སུའང་གད་མོ་དགོད་བཞིན་བརྗོད་ཀྱིན་འདུག ངས་ཕོ་རབ་ཟེར་བ་ནི་འདི་འདྲ་ལ་ཟེར་བ་ཡིན་ངེས་རེད་སྙམ་བྱུང་ལ། ཁོང་གི་སློབ་མ་ཞིག་གིས་བྲིས་པའི་རྩོམ་ཐུང་ང་ཚོའི་སློབ་གྲྭ་ཞེས་པ་རུ། ང་ཚོའི་སློབ་གྲྭ་ནི་བདེ་ཆེན་རྫོང་ཀུན་ཕན་བོད་ཡིག་སློབ་གྲྭ་ཡིན། སློབ་གྲྭ་དེའི་ནང་དུ་འཇོན་ཐང་ཡོད་པའི་སློབ་གཙོ་ཞིག་ཡོད་ཅེས་དང་། ཡང་རྩོམ་དེའི་ནང་དུ་སློབ་གྲྭའི་ནང་དུ་སློབ་མ་མང་པོ་ཡོད་ཅིང་སློབ་མ་རྣམས་ཨ་ཁུ་ཨ་འབྱུང་ལ་དགའ། དེ་ནི་ང་ཚོའི་སློབ་གྲྭའི་བློ་སེམས་དཀར་བའི་སློབ་གཙོ་རེད་ཅེས་བྲིས་ཡོད་པ་དྲན་བྱུང་། བྱིས་པའི་སྐད་ཆ་དེ་དག་ནི་ལས་སླ་བོ་དང་། བརྗོད་དོན་ཆེན་པོ་མེད་པ་དེ་འདྲ་ཡིན་མོད། ཁོ་ཚོའི་སེམས་ཀྱི་རི་རབ་ལྟ་བུའི་སྐྱེས་ཆེན་དེ་ལ་དགའ་མོས་དང་གུས་བཀུར་ཞུ་བའི་ལྷག་བསམ་རྨ་མེད་པ་དེ་མཚོན་འདུག
  མཇུག་མཐར་ཁོང་གིས་ང་ཚོ་མགྲོན་ཁང་གི་སྒོ་འགྲམ་ལ་བསྐྱལ་རྗེས་དེ་ནས་ཁ་གྱེས་པ་ཡིན། ཁོང་གིས་སྒེའུ་ཁུང་ནས་རྗེས་མར་ཁ་པར་གཏང་ཤོག་ཨ་ཟེར་ཞིང་རྩུབ་རེག་དང་ལྡན་པའི་ལག་པ་དེ་ག་ལེར་གཡུག་བྱུང་། ངས་རྒན་ལགས་གཟུགས་པོ་ལ་དོ་སྣང་གནང་རོགས། དེ་གལ་ཆེ་ཤོས་རེད་ཅེས་བརྗོད་པ་ཡིན་ལ། རི་ལྟར་བརྟན་པའི་སྐྱེས་བུ་འདིའི་སྐུ་ཚེ་ལ་བར་ཆད་མེད་ཅིང་མཛད་འཕྲིན་ཡུན་ནས་ཡུན་དུ་རྒྱས་པའི་སྨོན་འདུན་སེམས་ནས་ཞུས་པ་ཡིན། ཉིན་ཤས་འགོར་རྗེས་ཁོང་དང་འཕྲད་པའི་ཉིན་མོ་དེ་ཚོ་ཕྱིར་ལ་དྲན་ཞིང་ཡིག་ངོས་སུ་འབེབ་སྐབས། བདག་གིས་ཁོང་རང་གིས་བསྒྲིགས་པའི་ཡུལ་གླུ་རྣ་བའི་བདུད་རྩི་ཞེས་པའི་དེབ་དེ་ལས་ཕྱུངས་པའི་ཚིག་གཅིག་གིས་རྩོམ་ཐུང་འདིའི་མཇུག་བསྡུ་འདོད་བྱུང་སོང་། དེ་ནི། ཆུང་འདྲིས་རི་མགོར་སྡོད་དུས།། རི་ལ་རི་མདོག་མཛེས་བྱུང་།། ཆུང་འདྲིས་ཆུ་མགོར་སྡོད་དུས།། ཆུ་མཇུག་དྲི་མ་ཞིམ་བྱུང་།།ཞེས་པ་དེ་རེད། དངོས་གནས་ཁོང་ལྟ་བུ་ཞིག་རི་ལ་བཞུགས་པས་རི་ལ་ཟོ་མདོག་རྒྱས་བྱུང་ལ། ཁོང་ལྟ་བུ་ཞིག་ཆུ་ལ་བཞུགས་པས། ཆུ་མཇུག་དྲི་མ་ཞིམ་བྱུང་ཟེར་ན་ཐལ་དྲགས་མེད་པ་ནི་ངེས་གཏན་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག