ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

འཛམ་གླིང་ཡུལ་གྲུ་སོ་སོའི་བྱིས་པའི་དུས་ཆེན།

2015-06-01 གཞོན་ནུ་ཟླ་བ།
   བྱིས་པ་རྣམས་གཞན་གྱི་འཚེ་བ་ལས་སྐྱོབ་པ་དང་།    རོགས་རམ་སྤྲོད་པ།    སློབ་གསོ་ཡག་པོ་མྱངས་པའི་སྐལ་བ་སྟེར་བ་སོགས་ཀྱི་སླད་དང་།    བྱིས་པ་དག་གི་ཁྲིམས་མཐུན་གྱི་དབང་ཆ་སྤྱོད་པ་ཁག་ཐེག་བྱ་བའི་ཆེད་དུ།   སྤྱི་ལོ1954ལོའི་ཟླ12པའི་ཚེས14ཉིན།     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་རྒྱལ་ཁབ་ཚང་མས་ལོ་རེའི་ཉི་མ་ཞིག་གཏན་ཁེལ་གྱིས་སོ་སོའི་ཡུལ་ལུགས་དང་རྒྱུན་སྲོལ་བཞིན་བྱིས་པའི་དུས་ཆེན་ལ་རོལ་རྒྱུ་ཐག་བཅད། 
   དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལས་གཞན།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་དུང་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་དང་རྒྱལ་སྤྱིའི་བུ་མོ་ཉིན་མོ་ཞེས་པའང་བཙུགས་ཡོད།    རྒྱལ་ཁབ་གཞན་དག་གིས་ཀྱང་རང་རང་གི་བྱིས་པའི་དུས་ཆེན་ནམ་བྱིས་པའི་ཉིན་མོ་ཞེས་པ་བཙུགས་ཡོད་ཅིང་།   རྒྱལ་ཁབ་ཁ་ཤས་ལ་ལོ་གཅིག་རིང་བྱིས་པའི་དུས་ཆེན་མང་པོ་ཡོད།   དུས་ཆེན་འདི་དག་གིས་རྒྱལ་ཁབ་དེ་དག་གི་གནའ་སྲོལ་མི་འདྲ་བ་དང་གོམས་ལུགས་ཁ་ཁ་མཚོན་པ་དང་།     དུས་ཆེན་ལ་རོལ་སྟངས་ལ་སོ་སོའི་ཁྱད་ཆོས་མངོན་པར་གསལ་བར་མ་ཟད།    བྱིས་པ་དག་འཚེ་བ་ལས་སྲུང་བ་དང་ཡག་པོ་སྐྱེད་བསྲིང་བའི་འདུན་པའང་མཚོན་གྱི་ཡོད།

རྒྱལ་སྤྱིའི་བྱིས་པའི་ཉིན་མོ།
   སྤྱི་ཟླ11པའི་ཚེས20ཉིན།   “རྒྱལ་སྤྱིའི་བྱིས་པའི་དུས་ཆེན”ཞེས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ1959ལོའི་ཉིན་དེ་དང་སྤྱི་ལོ1989ལོའི་ཉིན་དེར་ཡིག་ཆ《བྱིས་པའི་དབང་ཆའི་ཁྱབ་བསྒྲགས》དང《བྱིས་པའི་དབང་ཆའི་སྤྱི་ཆིངས》ཞེས་པ་གཉིས་ལ་ཡོངས་སུ་འཐད་དེ་ཐག་བཅད་པར་རྗེས་དྲན་གྱིས་བཙུགས།
རྒྱལ་སྤྱིའི་བུ་མོའི་ཉིན་མོ།
   སྤྱི་ལོ2011ལོའི་ཟླ12པའི་ཚེས19ཉིན།    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ10པའི་ཚེས11ཉིན་རྒྱལ་སྤྱིའི་བུ་མོའི་ཉིན་མོ་རུ་གཏན་ཁེལ་ཏེ།   འཛམ་གླིང་ཁྱོན་གྱི་བུ་མོ་ཆུང་ཆུང་དག་གི་དབང་ཆ་དང་།    ས་ཆ་སོ་སོའི་བུ་མོ་ཆུང་ཆུང་དག་ནར་སོན་པའི་དུས་སུ་འཕྲད་པའི་འཚེ་བ་དང་གནོད་པ་དག་ལ་དོ་སྣང་སྤྲད་ཡོད།

ཉི་ཧོང་གི་བུ་མོའི་དུས་ཆེན་དང་བུའི་དུས་ཆེན།
   ཉི་ཧོང་ནི་འཛམ་གླིང་དུ་བྱིས་པའི་དུས་ཆེན་ལ་རོལ་ཐེངས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན།    ལོ་རེའི་ཟླ3པའི་ཚེས3ཉིན་ནི་ཉི་ཧོང་གི་བུ་མོའི་དུས་ཆེན་ཡིན་པས།    བུ་མོ་ཡོད་པའི་ཁྱིམ་ཚང་དག་གིས་བཀོད་པ་ལེགས་ཤིང་མཛེས་པའི་ཕོ་བྲང་ནང་གི་མི་གཟུགས་སུ་བཟོས་པའི་རྩེད་ཆས་སྣ་ཚོགས་བཤམས་པར་བྱེད།    ལོ་རེའི་ཟླ5པའི་ཚེས5ཉིན་ནི་ཉི་ཧོང་གི་བུའི་དུས་ཆེན་ཡིན་ཞིང་།    ཉིན་དེར་བུ་ཡོད་པའི་ཁྱིམ་ཚང་དག་གིས་སྒོ་ལ་ཉ་ཁྲབ་ཅན(Carp)གྱི་དར་ཆ་བཀལ་ནས་བུ་དག་ལ་སྐྱབས་འཇུག་ཞུ།    ལོ་རེའི་ཟླ11པའི་ཚེས15ཉིན་ནི་ཉི་ཧོང་གི་བདུན་ལྔ་གསུམ་གྱི་དུས་ཆེན་ཡིན་ཞིང་།    ཉི་ཧོང་གི་གོམས་སྲོལ་ལྟར་ན་ལོ་གསུམ་ཅན་དང་ལོ་ལྔ་ཅན།    ལོ་བདུན་ཅན་གྱི་བྱིས་པ་དག་ནི་ལས་དང་སྐལ་བ་ཤིན་ཏུ་ཡག་པའི་ལོ་གསུམ་དུ་རྩི་བས།     ལོ་རེའི་ཉིན་དེར་རྒྱལ་ཁབ་ཡོངས་ནས་ཆེད་དུ་ལོ་དེ་གསུམ་ཅན་གྱི་བྱིས་པ་དག་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བར་བྱེད།

སུའེ་ཏེན་གྱི་བུའི་དུས་ཆེན་དང་བུ་མོའི་དུས་ཆེན།
   སུའེ་ཏེན་དུ་ལོ་རེའི་ཟླ8པའི་ཚེས7ཉིན་ལ་བུའི་དུས་ཆེན་ནམ་ཡང་ན་སྡིག་སྲིན་གྱི་དུས་ཆེན་ཞེས་ཟེར་ཞིང་།    ཉིན་དེར་བུ་རྣམས་ཀྱིས་སྡིག་སྲིན་གྱི་ཆ་ལུགས་སྤྲས་ནས་སྡིག་སྲིན་གྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་སྦྱོང་བ་བྱེད།     ལོ་རེའི་ཟླ12པའི་ཚེས13ཉིན་ནི་སུའེ་ཏེན་གྱི་བུ་མོའི་དུས་ཆེན་ནམ་ཡང་ན་ལྷ་མོ་ལུ་སི་ཨའི་དུས་ཆེན(Saint Lucia’s Day)ཡིན།    ལྷ་མོ་ལུ་སི་ཨ་ནི་སུའེ་ཏེན་གྱི་ངག་རྒྱུན་དུ་བུ་མོ་དག་འཚེ་བ་ལས་སྐྱོབ་ཅིང་སྲུང་བའི་ལྷ་མོ་ཞིག་ཡིན་པས།     ཉིན་དེར་བུ་མོ་དག་གིས་ལྷ་མོ་ལུ་སི་ཨ་ཡི་ཆས་སུ་སྤྲས་ནས་དུས་ཆེན་ལ་རོལ་བར་བྱེད།

ཀོ་ལོམ་པི་ཡའི་བྱིས་པའི་དུས་ཆེན།
   ལོ་རེའི་ཟླ7པའི་ཚེས4ཉིན་ནི་ཀོ་ལོམ་པི་ཡའི་བྱིས་པའི་དུས་ཆེན་ཡིན་ཞིང་།    ཉིན་དེར་བྱིས་པ་དག་གིས་གདོང་འབག་ཆ་མ་ཆོ་རིགས་སྣ་ཚོགས་གོན་པ་དང་།    ཨ་ཙ་ར་ཡི་ཆ་ལུགས་སྤྲས་ཏེ་རྒྱ་སྲང་དུ་རྩེད་མོ་སྣ་ཚོགས་རྩེ་བར་བྱེད།

སྦར་ཛིལ་གྱི་བྱིས་པའི་དུས་ཆེན།
   ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་སྦར་ཛིལ་དུ་ལོ་རེའི་ཟླ8པའི་ཚེས15ཉིན་ནི་བྱིས་པའི་དུས་ཆེན་ཡིན།    ཉིན་དེ་ནི་ཏག་ཏག་སྦར་ཛིལ་གྱི་རྒྱལ་ཡོངས་ཀྱིས་ནད་ཡམས་འགོག་པའི་ཉིན་མོའང་ཡིན་པས།     བྱིས་པའི་དུས་ཆེན་དང་ནད་འགོག་ཉིན་མོ་གཅིག་ཏུ་ཁེལ་བ་དེས།     སྦར་ཛིལ་པ་དག་ལ་བྱིས་པའི་ལུས་པོའི་བདེ་ཐང་དང་ནད་འགོག་པ་ལ་དོ་སྣང་སྤྲོད་དུ་བཅུག་ཅིང་།    བྱིས་པ་དག་ལའང་ཆུང་ངུའི་དུས་ནས་བདེ་ཐང་འཕྲོད་བསྟེན་གྱི་ཤེས་བྱ་སྣ་ཚོགས་ལ་སྦྱང་དུ་བཅུག    དེ་ལས་གཞན་ལོ་རེའི་ཟླ10པའི་ཚེས12ཉིན་ཏེ་ལྷ་མོ་ཞལ་བྱོན་གྱི་ཉིན་མོ་དེ་ལའང་སྦར་ཛིལ་གྱི་བྱིས་པའི་དུས་ཆེན་ཞེས་ཀུན་གྱིས་འབོད་ཅིང་།   ཉིན་དེར་ཕ་མ་དག་གིས་བྱིས་པ་རྣམས་ལ་ལེགས་སྐྱེས་སྣ་ཚོགས་གྲྭ་སྒྲིག་པར་བྱེད།

ཐུར་ཁེའི་བྱིས་པའི་དུས་ཆེན།
   ཐུར་ཁེ་རུ་ལོ་རེའི་ཟླ4པའི་ཚེས23ཉིན་ནི་བདག་དབང་བྱིས་པའི་དུས་ཆེན་ཡིན།    སྤྱི་ལོ1920ལོའི་ཉིན་དེར་ཐུར་ཁེ་རྒྱལ་ཁབ་ཆེན་མོའི་དམངས་གྲོས་ཚོགས་ཆེན་སྐབས་དང་པོ་འཚོགས་པ་ཡིན་ཞིང་།    ཉིན་དེར་རྗེས་དྲན་ཞུ་བའི་སླད་དུ་ཉིན་དེར་རྒྱལ་ཡོངས་ལ་གུང་གསེང་གཏོང་བར་མ་ཟད་བྱིས་པའི་དུས་ཆེན་ལའང་གཏན་ཁེལ།    ཐུར་ཁེ་སྲིད་གཞུང་གིས་ཉིན་དེར་རྒྱལ་ཁབ་གཞན་གྱི་བྱིས་པ་དག་གདན་དྲངས་ཤིང་མགྲོན་ལ་བོས་ཏེ་ལྷན་ཅིག་ཏུ་བྱིས་པའི་དུས་ཆེན་ལ་རོལ་བའི་སྲོལ་ཆགས་ཡོད།

ཨ་ཧྥེ་རི་ཁའི་བྱིས་པའི་དུས་ཆེན།
   གླིང་ཆེན་ཨ་ཧྥེ་རི་ཁ་རུ།     ལོ་རེའི་ཟླ6པའི་ཚེས16ཉིན་ནི་ཨ་ཧྥེ་རི་ཁའི་བྱིས་པའི་དུས་ཆེན་ཡིན།     སྤྱི་ལོ1990ལོར་ཨ་ཧྥེ་རི་ཁ་གཅིག་གྱུར་རྩ་འཛུགས་ཀྱི་འགོ་གཙོའི་ཚོགས་འདུ་སྐབས26པའི་སྟེང་།      1976ལོར་ལྷོ་ཨ་ཧྥེ་རི་ཁའི་མི་རིགས་རིང་ལུགས་པས་མི་ནག་གི་སློབ་མ་མང་པོ་དམར་གསོད་བཏང་བ་ལ་རྗེས་དྲན་ཞུ་བའི་ཕྱིར།    ལོ་རེའི་ཟླ6པའི་ཚེས16ཉིན་བྱིས་པའི་དུས་ཆེན་ལ་གཏན་ཁེལ།    ལོ་རེའི་ཉིན་དེར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་བྱིས་པ་དག་གིས་སྒྱུ་རྩལ་གྱི་འཁྲབ་སྟོན་རྩེ་བར་མ་ཟད།    རྩེད་མོ་སྟོན་པ།    གླུ་ལེན་གར་རྩེ་ཡིས་དུས་ཆེན་ལ་རོལ་བར་བྱེད།
   གོང་སྨྲས་འདི་དག་ལས་སི་ཕན་དུ་བྱིས་པའི་དུས་ཆེན་ནི་ལོ་རེའི་ཟླ་དང་པོའི་ཚེས15ཉིན་ཡིན་པ་དང་།    ཁོ་རེ་ཡ་ལྷོ་མ་རུ་ལོ་རེའི་ཟླ5པའི་ཚེས5ཉིན་དང་།    དབྱིན་ཇི་རུ་ལོ་རེའི་ཟླ7པའི་ཚེས14ཉིན་དང་།   སིང་ག་ཕོར་དུ་ལོ་རེའི་ཟླ10པའི་ཚེས1ཉིན་དང་།     རྒྱ་གར་དུ་ལོ་རེའི་ཟླ11པའི་ཚེས14ཉིན་ཡིན།
   སྤྱིར་འཛམ་གླིང་ཡུལ་གྲུ་སོ་སོའི་བྱིས་པའི་དུས་ཆེན་ལ་གཅིག་གྱུར་གྱི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལས་གཞན།    རྒྱལ་ཁབ་སོ་སོར་རང་རང་གི་དུས་ཆེན་དང་ཉིན་མོ་མང་དུ་མཆིས་ནའང་།    རྩ་དོན་ཉག་གཅིག་ཡོད་པ་ནི་བྱིས་པ་འཚེ་བ་སྣ་ཚོགས་ལས་སྲུང་ཞིང་སྐྱོབ་པ་དང་།    བྱིས་པའི་ལུས་སེམས་གཉིས་ཀར་ནག་ནོག་དང་དྲི་མས་མ་གོས་པར་ནར་སོན་དུ་འཇུག་པ་ཁོ་ན་ཡིན་པས་ན།    བྱིས་པ་དག་ནི་སང་ཉིན་གྱི་བདག་པོ་ཞེས་བརྗོད་པ་ཇི་བཞིན།     སང་ཉིན་གྱི་བདག་པོ་ལ་བདག་སྐྱོང་ཡག་པོ་ཞིག་མཛད་ཚེ་ད་གཟོད་སང་ཉིན་གྱི་འཇིག་རྟེན་དེའང་དེ་ལ་དེ་ལྟོས་ཀྱིས་ཡག་པོ་ཞིག་འཁྱོངས་སྲིད་པ་ཡིན།    དེ་བས་རང་རེ་ཅག་གིས་ཀྱང་གཅིག་ནས་ད་ལྟའི་བོད་པའི་བྱིས་པ་དག་ལ་རང་རེའི་སྐད་དང་ཡི་གེ།     གནའ་སྲོལ་དང་རིག་གནས་ཡག་པོ་ཞིག་སློབ་རྒྱུའི་སྐལ་བ་སྤྲད་ཅིང་།    གཞན་གྱི་རིག་གནས་དང་ལེགས་ཆའང་ཚུར་ལེན་པའི་ཤེས་རབ་དང་སྤོབས་པ་སྩོལ་ཐུབ་པ་ཞིག་བྱ་དགོས་པ་ཡིན་ལ།      དེ་འདྲ་ཞིག་འཁྱོངས་པར་ཁྱིམ་གྱི་སྤྱོད་ལམ་དང་།    ཕ་མའི་ལྟ་སྟངས་ལ་སོགས་པ་རྩ་བའི་ལས་ཀ་ཡག་པོ་ཞིག་བསྐྲུན་དགོས་པ་ལགས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག