ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

རང་རྒྱལ་དུ་ལོ་རེར་མི་ཐེངས་ཁྲི ༡༣༠༠ ཡིས་སྲིད་བཤིག་གི་ཡོད་ཅིང་། ལོ་ཇེ་ཆུང་གི་གནད་དོན་ཚབས་ཆེ།

2015-01-27 དཔལ་ཆེན།
  བརྟག་དཔྱད་བགྱིས་པའི་དཔྱད་འབྲས་ལྟར་ན། གཉེན་མ་སྒྲིག་གོང་འདོད་པ་སྤྱད་པའི་གཞོན་ནུ་མའི་ཁྲོད་བརྒྱ་ཆའི ༢༠ ནི་རང་འདུན་མ་ཡིན་པར་མངལ་སྦྲུམ་པར་སྣང་ཞིང་། དེའི་ཁྲོད་ཀྱི་བརྒྱ་ཆའི ༩༡ ཡན་གྱིས་སྲིད་བཤིག་པར་གཞོལ་ཆེ་འདུག ལོ་རེའི་སྲིད་བཤིག་པའི་མི་གྲངས་ཁྲོད་ལོ་ན ༢༥ ཡན་གྱི་བུད་མེད་ཀྱིས་ཕྱེད་ཀ་ཡན་ཟིན་ཡོད་ཅིང་། སློབ་ཆེན་པ་སྲིད་བཤིག་མཁན་ཁྲོད་ཀྱི་གཙོ་བོར་ཆགས་འདུག
   འབྲེལ་ཡོད་གཞི་གྲངས་ལྟར་ན། རང་རྒྱལ་ལོ་རེའི་སྲིད་བཤིག་ཚད་མི་ཐེངས་ཁྲི ༡༣༠༠ ཙམ་ལ་སླེབས་ཡོད་ཅིང་། གཉེན་མ་སྒྲིག་གོང་འདོད་པ་སྤྱད་པའི་གཞོན་ནུ་མའི་ཁྲོད་བརྒྱ་ཆའི ༢༠ ཡན་ནི་རང་འདུན་མ་ཡིན་པར་ངལ་སྦྲུམ་པ་རེད་འདུག དེའི་ཁྲོད་ཀྱི་བརྒྱ་ཆའི ༩༡ ཙམ་གྱིས་སྲིད་བཤིག་པར་གཞོལ་ཆེ་ཞིང་། བསྐྱར་ཟློས་སྒོས་སྲིད་བཤིག་པའི་གནས་ཚུལ་དེ་བས་ཀྱང་ཚབས་ཆེན་དུ་སྣང་། པེ་ཅིང་སློབ་ཆེན་གྱི་མི་འབོར་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧུའུ་ཡུའུ་ཧྲིན་གྱིས་དེང་གི་བར་དུ་ཀྲུང་གོའི་ན་གཞོན་རྣམས་ཀྱི་སྣ་མང་གི་འདོད་པའམ་སྐྱེས་འཕེལ་ཀྱི་དགོས་མཁོ་དང་། མིག་སྔར་ན་གཞོན་ཚོར་དམིགས་བཅས་ཀྱིས་འདོན་སྤྲོད་བྱས་པའི་བརྡ་འཕྲིན། སློབ་གསོ། འཕྲོ་བསྟེན་བདེ་སྲུང་གི་ཞབས་ཞུ་བཅས་ཀྱི་བར་ལ་མངོན་གསལ་གྱི་ཆད་རིམ་བྱུང་འདུག་ཅེས་བསྟན།
  ད་ལོ་ལོ ༢༦ ཡིན་པའི་ཀྲའོ་ལེ་ཡིས་ལོ་གཉིས་ཀྱི་སྔོན་ལ་པེ་ཅིང་གི་ལས་ཀ་བསྐྱུར་ཏེ་ཕ་ཡུལ་དུ་ལོག་ནས་གཉེན་བསྒྲིགས། གཉེན་བསྒྲིགས་རྗེས་ཁོ་མོར་ཡུན་རིང་བོར་ངལ་མ་ཆགས་པས། སྨན་ཁང་དུ་ཕྱིན་ཏེ་བརྟག་དཔྱད་བྱས་པ་ན། ཁོ་མོར་ངལ་མི་ཆགས་དོན་ནི་ཁོ་མའི་གཞོགས་གཉིས་ཀྱི་ཁམས་དཀར་འདྲེན་སྦུག་འགག་པར་རག་ལུས་འདུག་ཤིང་། འདྲེན་སྦུག་འགག་དོན་ནི་མོ་རང་གིས་སྔོན་མར་སྲིད་བཤིག་བྱས་མྱོང་བས་རེད་འདུག
   པེ་ཅིང་དུ་གླ་རྒྱག་པའི་སྐབས་སུ། ཀྲའོ་ལེས་དགའ་གྲོགས་ཤིག་བསྒྲིགས་མྱོང་ཞིང་། སྦྲུམ་འགོག་པའི་བྱ་བར་དང་དོད་མ་བྱས་པས། ཁོ་མོར་མངལ་ཆགས་ཤིང་། སྐབས་དེར་རང་ཉིད་ལ་དཔལ་འབྱོར་ཆ་རྐྱེན་འདང་ངེས་ཤིག་མེད་པར་བསམ་ནས་མོས་སྲིད་བཤིག་པ་རེད།
   ད་ལྟ་ཀྲའོ་ལེས་ངལ་མི་ཆགས་པའི་གནད་དོན་ཐག་གཅད་ཕྱིར། ཕྱོགས་བཞིར་སྨན་པར་བསྟེན་དུ་འགྲོ་ཡི་ཡོད་ཅིང་། དེ་སྔ་སྲིད་བཤིག་པའི་བརྒྱུད་རིམ་བསམ་དུས། ཁོ་མོས་དེ་ལྟ་བུའི་སྡུག་བསྔལ་ངས་ཚེ་གང་བོར་བརྗེད་མི་སྲིད་ཅེས་གསུངས་བྱུང་།
   ཀྲའོ་ལེའི་ལོ་རྒྱུས་ཀྱིས་མི་སེམས་སྐྱོ་བར་བྱེད་མོད། འོན་ཀྱང་དེ་ལས་ང་ཚོར་སེམས་མི་བར་བཟོ་ནི། ཀྲའོ་ལེའི་སྐྱོ་གར་དེ་ལྟ་བུ་ལང་ཚོ་བཞད་མ་ཐག་པའི་གཞོན་ནུ་མའི་སྟེང་དུ་འབྱུང་རྒྱུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་དེ་རེད།
   རང་རྒྱལ་གྱི་ལོ་རེའི་སྲིད་བཤིག་ཚད་མི་ཐེངས་ཁྲི ༡༣༠༠ ཙམ་ལ་སླེབས་ཤིང་། ན་གཞོན་པའི་བུད་མེད་ཀྱིས་སྲིད་བཤིག་པའི་གནད་དོན་འབུར་དུ་ཐོན་པ། རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་སའོ་ཡིས ༢༠༡༣ ལོར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ཤིག་ལ་གཞིགས་ན། རང་རྒྱལ་གྱི་ལོ་རེའི་སྲིད་བཤིག་ཚད་མི་ཐེངས ༡༣༠༠ ལ་སླེབས་ཡོད་ཅིང་། དེའི་ཁྲོད་ད་དུང་སྨན་རྫས་ལ་བརྟེན་ནས་སྲིད་བཤིག་པ་དང་ཐོ་འགོད་མ་བྱས་པའི་སྒེར་གྱི་སྨན་ཁང་ལས་སྲིད་བཤིག་པའི་ཁ་གྲངས་འདུས་མེད།
   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ལྷན་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་གཉིས་ཀྱིས་པེ་ཅིང་སློབ་ཆེན་གྱི་མི་འབོར་ཞིབ་འཇུག་སའོ་ལ་མངགས་བཅོལ་བྱས་ཏེ་བསྒྲུབས་སུ་བཅུག་པའི་ཀྲུང་གོའི་ན་གཞོན་གྱི་སྐྱེས་འཕེལ་བདེ་ཐང་ཁྱབ་སྤེལ་རང་བཞིན་གྱི་སྲིད་ཇུས་ཞིབ་འཇུག་ཅེས་པའི་རྣམ་གྲངས་ཀྱི་ཞིབ་འཇུག་དཔྱད་འབྲས་ལྟར་ན། གཉེན་མ་སྒྲིག་གོང་འདོད་པ་སྤྱད་པའི་གཞོན་ནུ་མའི་ཁྲོད། བརྒྱ་ཆའི ༢༠ ཡན་ནི་རང་འདུན་མ་ཡིན་པར་ངལ་སྦྲུམ་པ་རེད་འདུག་ལ། དེའི་ཁྲོད་ཀྱི་བརྒྱ་ཆའི ༩༡ ཙམ་ནི་སྲིད་བཤིག་པར་གཞོལ་ཆེ་འདུག
   སྲིད་བཤིག་པའི་གནད་དོན་ཁྲོད། བསྐྱར་ཟློས་སྒོས་སྲིད་བཤིག་པའི་གནད་དོན་དེ་བས་ཀྱང་ཚབས་ཆེ་སྟེ། ཀོང་ཀྲོའུ་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་སྨན་བཅོས་ལྟེ་གནས་གྱིས་སྡོམ་བརྩིས་བྱས་པའི་གཞི་གྲངས་ལྟར་ན། ༢༠༡༣ ལོའི་ཟླ ༡ ནས ༧ པའི་བར་ལ། སྨན་ཁང་གང་དེས་བསྐྱར་ཟློས་སྒོས་སྲིད་བཤིག་པའི(ཐེངས་གཉིས་སམ་གཉིས་ཡན་ལ་སྲིད་བཤིག་པ)ཚད་བརྒྱ་ཆའི ༤༦.༦༢ དང་། ལོ་ཕྱེད་རིང་ལ་བསྐྱར་དུ་སྲིད་བཤིག་པའི་ཚད་བརྒྱ་ཆའི ༢ ཙམ་བྱུང་འདུག དེ་བས་ཀྱང་ང་ཚོར་སེམས་ཁུར་འབྱུང་དུ་འཇུག་པ་ནི ། སྲིད་བཤིག་པའི་གནད་དོན་དེ་ལོ་གཞོན་ཅན་ལ་ཕྱོགས་པའི་འཕེལ་ཕྱོགས་དེ་རེད། རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱི་ཚན་རིག་ལག་རྩལ་སའོ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལ་གཞིགས་ན། རང་རྒྱལ་གྱི་ལོ་རེའི་སྲིད་བཤིག་པའི་མི་འབོར་ཁྲོད། ལོ ༢༥ མན་གྱི་སྐྱེས་མས་མི་འབོར་གྱི་ཕྱེད་ཀ་ཟིནཡོད་ཅིང་། སློབ་ཆེན་པ་ནི་སྲིད་བཤིག་པའི་མི་འབོར་ཁྲོད་ཀྱི་གཙོ་བོར་ཆགས་འདུག
   ཀྲའོ་ལེ་ལྟར་ན། དེང་དུས་ག་ས་གང་ལ་ན་ཟུག་མེད་པར་སྲིད་བཤིག་པ་ཞེས་པའི་བརྡ་ཁྱབ་སྦྱར་ཡོད་པས། ན་གཞོན་ཚོས་སྲིད་བཤིག་པར་སྣང་ཆུང་བྱས་ཏེ། བདེ་འཇགས་དང་། གོང་ཁེ་བ། སྐར་མ་གསུམ་ཙམ་གྱི་རྫོགས་འགྲོ། བྱ་བར་དལ་འགོར་མི་བྱེད་སོགས་ཀྱི་ངལ་འཁྱལ་ཙམ་ལ་བརྟེན་ནས། བུ་མོ་མང་པོ་ཞིག་ལ་སྲིད་བཤིག་ཏུ་བཅུག་པ་རེད།
   དོན་དངོས་སུ་སྲིད་བཤིག་པར་ན་ཟུག་མེད་པ་ཙམ་གྱིས་བདེ་འཇགས་ལ་ཁག་ཐེག་བྱ་མི་ཐུབ་ལ། བརྡ་ཁྱབ་མང་པོ་ཞིག་གིས་ན་གཞོན་རྣམས་ལོག་ལམ་ཁྲིད་འདུག པེ་ཅིང་དྲག་ཆས་ཉེན་རྟོག་པའི་སྤྱིའི་རུ་ཁག་གི་སྨན་ཁང་གཉིས་པའི་མོ་ནད་ཚན་ཁག་གི་སྨན་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། སྦྲིད་སྨན་གྱིས་སྦྲིད་པའི་སྐབས་སུ། ནད་པར་ན་ཟུག་མེད་པ་ཙམ་ལས། སྲིད་བཤིག་པའི་རྗེས་སུ་བདག་གཉེར་ལེགས་པོ་མ་བྱས་ན། སྔར་བཞིན་དུ་རྨ་ཁ་རྣག་པ་དང་ཁམས་དཀར་འདྲེན་སྦུག་འགག་པ་སོགས་ཀྱི་གནད་དོན་འབྱུང་སྲིད་ཟེར།

ན་གཞོན་རྣམས་ཀྱི་འདོད་པའི་ལྟ་བ་བསྐྱེད་ཡངས་མོད། འདོད་པའི་བདེ་འཇགས་ཀྱི་ཤེས་བྱས་མི་འདང་བ།
   སྲིད་བཤིག་པ་ལོ་གཞོན་ཅན་ལ་ཕྱོགས་པའི་འཕེལ་ཕྱོགས་དེ་དེང་དུས་ན་གཞོན་གྱིས་འདོད་པ་སྤྱོད་པ་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་དང་འདོད་པའི་ལྟ་བ་བསྐྱེད་ཡངས་སུ་གྱུར་བ་དང་འབྲེལ་བ་དམ་ཟབ་ཡོད་དེ། ཀྲུང་གོའི་ན་གཞོན་ཀྱི་སྐྱེས་འཕེལ་བདེ་ཐང་བརྟག་དཔྱད་ཀྱི་སྙན་ཞུ་ལྟར་ན། རང་རྒྱལ་གྱི་གཉེན་མ་སྒྲིག་པའི་ན་གཞོན་ཁྲོད། བརྒྱ་ཆའི ༦༠ ཡན་གྱིས་གཉེན་མ་སྒྲིག་སྔོན་ལ་འདོད་པ་སྤྱོད་པར་གུ་ཡངས་ཀྱི་རྣམ་འགྱུར་འཛིན་ཞིང་། བརྒྱ་ཆའི ༢༢.༤ ཙམ་གྱིས་སྔ་མ་ནས་འདོད་པ་སྤྱད་ཡོད་པ་རེད་འདུག ཀོང་ཏུང་ཞིང་ཆེན་གྱི་བརྟག་དཔྱད་ཅིག་ལས། བརྒྱ་ཆ ༤༨ ཀྱི་སློབ་ཆེན་པ་དགའ་གྲོགས་ཕན་ཚུན་བར་ལ་གཉེན་མ་སྒྲིག་པར་འདོད་པ་སྤྱོད་པར་མོས་མཐུན་ཡོད་འདུག
   འོན་ཀྱང་། འདོད་པ་སྤྱོད་པ་རྒྱ་ཁྱབ་ཏུ་སོང་བ་དང་འདོད་པའི་ལྟ་བ་བསྐྱེད་ཡངས་སུ་གྱུར་བ་ཙམ་གྱིས་ན་གཞོན་རྣམས་ཀྱིས་འདོད་པའི་བདེ་འཇགས་ཤེས་བྱ་འདང་ངེས་ཤིག་ཁོང་དུ་ཆུད་ཡོད་པས་མ་ཁྱབ་སྟེ། ཀྲུང་གོའི་ན་གཞོན་སྐྱེས་འཕེལ་བདེ་ཐང་བརྟག་དཔྱད་སྙན་ཞུ་ལྟར་ན། ཡང་དག་པའི་སྐྱེས་འཕེལ་གྱི་ཤེས་བྱ་ཡོད་མཁན་གྱི་གཉེན་མ་སྒྲིག་པའི་ན་གཞོན་བརྒྱ་ཆའི ༤.༤ ཙམ་ལས་མེད་ལ། འདོད་པ་སྤྱད་མྱོང་བའི་གཉེན་མ་སྒྲིག་པའི་ལོ་ཆུང་གི་ཁྲོད་དུ། ཕྱེད་ཀ་ཡན་གྱིས་ཐོག་མར་འདོད་པ་སྤྱོད་དུས་སྦྲུམ་འགོག་གི་བྱེད་ཐབས་ཅི་ཡང་སྤྱད་མེད། འདོད་པ་སྤྱད་མྱོང་བའི་བུ་མོའི་ཁྲོད་བརྒྱ་ཆའི ༢༡.༣ ལ་མངལ་ཆགས་མྱོང་ཞིང་། བརྒྱ་ཆའི ༤.༩ ལ་ཐེངས་དུ་མར་མངལ་ཆགས་མྱོང་འདུག
   ཡང་གོང་གི་བརྟག་དཔྱད་དེ་ལྟར་ན། གཉེན་མ་སྒྲིག་པའི་ན་གཞོན་ཁྲོད་ཨེ་ཙེའི་ནད་སྔོན་འགོག་བྱེད་ཐབས་ཀྱི་ཤེས་བྱ་ཡོད་མཁན་བརྒྱ་ཆའི ༡༤.༤ལས་མེད་ལ། བརྒྱ་ཆའི ༩༥ ཡན་གྱི་ན་གཞོན་ཚོས་ཨེ་ཙེའི་ནད་ཅེས་པ་ཐོས་མྱོང་ཡང་ནད་དེའམ་དེའི་འགོ་བའི་བརྒྱུད་ལམ་སོགས་ལ་ཆ་རྒྱུས་མེད་འདུག དེ་ལས་གཞན། ན་གཞོན་མོ་རྣམས་ཀྱིས་སྐྱེས་འཕེལ་ཤེས་བྱའི་ཆུ་ཚད་ན་གཞོན་ཕོ་ལས་དམའ་རུ་འདུག་གོ །

སྲིད་བཤིག་པ་ལོ་གཞོན་ཅན་ལ་ཕྱོགས་པའི་གཞི་རྩ་དེ་ན་གཞོན་རྣམས་ལ་འདོད་པའི་སློབ་གསོ་མ་སྤྲད་པར་ཐུག
   པེ་ཅིང་ནགས་ལས་སློབ་ཆེན་གྱི་འདོད་པ་དང་ཕོ་མོ་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཧྥེང་ཀང་གིས་གཉེན་མ་སྒྲིག་པའི་ན་གཞོན་ཀྱིས་སྲིད་བཤིག་པ་ཇེ་མང་དུ་འགྲོ་དེ་ང་ཚོའི་མིག་སྔའི་འདོད་པའི་སློབ་གསོ་ཁྲོད་གནས་པའི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་རེད་ཅེས་རྣག་ཐོག་ཁབ་གཙག་གྱི་ཚུལ་དུ་གསུངས།
   དྲ་རྒྱ་དང་རོལ་རྩེད་ལས་རིགས་འཕེལ་རྒྱས་སུ་ཕྱིན་པ་བསྟུན། དེང་དུས་ཀྱི་ལོ་ཆུང་གཞོན་ནུ་རྣམས་ཀྱིས་འདོད་པའི་ཆ་འཕྲིན་བསྡུ་ལེན་བྱེད་པའི་ཐབས་ལམ་ཇེ་མང་ནས་ཇེ་མང་དུ་འགྱུར་གྱིན་ཡོད། བཱང་ཡུའུ་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་དང་ཁོའི་ཉེ་འཁོར་གྱི་སློབ་གྲོགས་རྣམས་ཀྱི་འདོད་པའི་ཤེས་བྱ་མང་ཆེ་བ་ནི་དྲ་རྒྱ་ལས་ཡོང་བ་ཡིན་ཞིང་། དེ་ཀྱང་ཐད་ཀར་བཤད་ན། ཆགས་སྲེད་ཀྱི་བརྙན་ཐུང་ལས་བྱུང་བ་རེད། སློབ་གྲོགས་ཕོ་རྣམས་ཀྱི་ཁྲོད་དུ་ཆགས་སྲེད་ཀྱི་དྲ་ཚིགས་དང་བརྙན་ཐུང་ཕབ་ལེན་བྱེད་སྤྱད་ཀྱི་གཉེན་ཆས་སོགས་མང་དུ་ཡོད་ལ། ད་ལྟ་ཆགས་སྲེད་ཀྱི་བརྙན་ཐུང་སོགས་ལ་བལྟ་བ་ནི་ངོ་ཚ་བ་ཞིག་ལ་མི་བརྩི་བར་ཚང་མས་མཉམ་དུ་བལྟ་བའི་སྲོལ་ཆགས་འདུག་ཟེར།
   ཆགས་སྲེད་ཆ་འཕྲིན་ལོ་ཆུང་གཞོན་ནུ་ཚོའི་ཁྲོད་དུ་ཁྱབ་བརྡལ་སོང་བའི་གནས་ཚུལ་དང་བསྡུར་ན། རང་རྒྱལ་གྱི་འདོད་པའི་སློབ་གསོ་ཡུན་རིང་ཞིག་ལ་འགལ་བའི་གནས་སུ་ལྷུང་སྟེ། དངོས་ཡོད་རང་བཞིན་གྱི་འཕེལ་རྒྱས་ཤིག་བྱུང་མེད།
   པེ་ཅིང་སློབ་ཆེན་གྱི་མི་འབོར་ཞིབ་འཇུག་སའོ་ཡི་དགེ་རྒན་ཆེན་མོ་ཧུའུ་ཡུའུ་ཧྲིན་གྱིས་མངོན་སུམ་འཛེམ་མེད་ཀྱིས་ཀྲུང་གོའི་ན་གཞོན་རྣམས་ཀྱི་སྣ་མང་གི་འདོད་པའམ་སྐྱེས་འཕེལ་དགོས་མཁོ་དང་། མིག་སྔར་ན་གཞོན་ཚོར་དམིགས་བཅས་ཀྱིས་འདོན་སྤྲོད་བྱས་པའི་བརྡ་འཕྲིན། སློབ་གསོ། འཕྲོད་བསྟེན་བདེ་སྲུང་གི་ཞབས་ཞུ་བཅས་ཀྱི་བར་ལ་མངོན་གསལ་གྱི་ཆད་རིམ་བྱུང་འདུག་ཅེས་བསྟན།
   རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་སའོ་ཡི་དགེ་རྒན་ཆེན་མོ་བུའུ་ཧྲང་ཁྲོན་གྱིས་བསྟན་དོན། དེང་རབས་ཀྱི་ན་གཞོན་རྣམས་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་པའི་བརྒྱུད་ལམ་ཅུང་མང་ཞིང་། ཤུགས་རྐྱེན་ངན་པ་འགའ་ཤས་སྔར་ནས་གནས་པས། ཁྱིམ་བདག་དང་སློབ་གྲྭས་གནས་ཚུལ་འདིར་གདོང་གཏོད་འོས་པ་ལས། རྣ་བ་བཀབ་ནས་དྲིལ་བུ་རྐུ་བའི་རྣམ་ཐར་སྐྱོང་མི་ཉན། ཁྱིམ་བདག་མང་ཤས་ཀྱིས་རང་ཉིད་ཀྱི་བྱིས་པས་ཆ་འཕྲིན་ག་ཙམ་ཞིག་རྒྱུས་ལོན་བྱས་ཡོད་པ་ཤེས་ཀྱི་མེད། དངོས་གནས་བཤད་ན། དེ་ནི་ཁྱིམ་བདག་ཀྱིས་རང་གི་བྱིས་པར་འབྲེལ་འདྲིས་བྱས་པ་མ་འདང་བ་རེད།
   ཧྥང་ཀང་གིས་བསྟན་དོན། རྒྱལ་སྤྱིའི་ཐོག་སྤྱིར་བཏང་དུ་འདོད་པའི་སློབ་གསོ་རྣམ་པ་གསུམ་ཡོད་དེ། དང་པོ་ནི། ལུས་སྲུང་སློབ་གསོ་སྟེ། དེའི་དམིགས་འབེན་ནི་ལོ་ཆུང་ན་གཞོན་རྣམས་ཀྱིས་གཉེན་མ་སྒྲིག་སྔོན་ལ་འདོད་པ་མི་སྤྱོད་པ་བྱ་རྒྱུ་དེ་རེད། གཉིས་པ་ནི། བདེ་འཇགས་སློབ་གསོ་སྟེ། དེའི་དམིགས་འབེན་ནི་ན་གཞོན་རྣམས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་དེ་རེད། གསུམ་པ་ནི། སྡེབ་སྒྲིག་སློབ་གསོ་སྟེ། དེ་ནི་འདོད་པའི་སློབ་གསོ་དེ་ལོ་ཆུང་གཞོན་ནུ་རྣམས་ཀྱི་མི་ཚེའི་སློབ་གསོའི་ཆ་ཤས་ཤིག་ཏུ་བརྩི་རྒྱུ་དེའོ། ། མིག་སྔར། རང་རྒྱལ་གྱིས་ལག་བསྟར་བྱེད་བཞིན་འདོད་པའི་སློབ་གསོ་ནི་ལུས་སྲུང་སློབ་གསོ་ལ་གཞོལ་ཆེ་སྟེ། ལོ་ཆུང་གཞོན་ནུར་ཚོད་འཛིན་བྱེད་པའི་ཐབས་རྐྱང་བ་སྤྱད་དེ། ཐ་ན་དགའ་རོགས་སྒྲིག་པར་ཡང་ཚོད་འཛིན་བྱས་ཡོད། ལག་ལེན་གྱིས་ར་སྤྲད་པ་ལྟར་ན། འདི་ལྟ་བུའི་འདོད་པའི་སློབ་གསོ་ནི་ཧ་ཅང་ཚད་བཀག་ཡོད་དེ། རྒྱུ་མཚན་ནི་དེང་གི་ན་གཞོན་རྣམས་ཀྱིས་ཁྱོད་ཀྱི་ཁར་མི་ཉན་པའི་ཕྱིར་རོ། །
   ཧྥང་ཀང་གིས་གྲོས་གཞི་བཏོན་པ་ལྟར་ན། སྡེབ་སྒྲིག་རྣམ་པ་ཅན་གྱི་འདོད་པའི་སློབ་གསོའི་རྨང་གཞིའི་ཐོག་དབང་སྤྲོད་རང་བཞིན་གྱི་འདོད་པའི་སློབ་གསོ་ཞིག་དར་སྤེལ་བྱ་འོས་ཏེ། སློབ་གསོའི་རྣམ་པ་འདི་འདྲ་ཞིག་བརྒྱུད་དེ། ལོ་ཆུང་གཞོན་ནུ་རྣམས་ལ་བདེ་འཇགས་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། རང་ཉིད་དང་མི་གཞན་ལ་འགན་འཁུར་བའི་འདུ་ཤེས་གསོ་སྐྱོང་བྱས་ཏེ། མཐར་ཁོ་རང་ཚོས་འདོད་པའི་གནད་དོན་དེ་རིགས་ཤེས་དང་རང་སྟོབས་སྒོས་ཐག་གཅད་ཐུབ་པའི་ནུས་པ་དང་ལྡན་པར་བྱ་དགོས་སོ། །
   ཧུའུ་ཡུའུ་ཧྲིན་ལྟར་ན། སྤྱི་ཚོགས་ཕོ་མོའི་ཚོར་སྐྱེན་རང་བཞིན་ལྡན་ཞིང་། ན་ཚོད་དང་འཚམས་པའི་སྤུས་ལེགས་ཀྱི་ཆ་འཕྲིན་དང་སློབ་གསོ། ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ནི། གཏོས་ཆེ་ཞིང་མ་ལག་ཅན་གྱི་ལས་གཞི་ཞིག་ཡིན་ལ། ལོ་ཆུང་གཞོན་ནུ་རྣམས་ཀྱི་བདེ་ཐང་དང་འཕེལ་རྒྱས་ཀྱི་གནད་དོན་ནི་རྒྱུན་རིང་ཞིང་ཚེགས་ཆེ་ལ། རྙོག་འཛིང་ཆེ་བས། སྡེབ་སྒྲིག་རང་བཞིན་གྱི་སྲིད་ཇུས་ནི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག་ལ། ང་ཚོས་མགྱོགས་མྱུར་སྒོས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་ལུགས་གཏན་འབེབས་བྱེད་དགོས་པ་མ་ཟད། ཁྱིམ་ཚང་དང་། སྡོད་ཁུལ། སྨན་བཅོས་བདེ་སྲུང་མ་ལག་སོགས་མ་ཟད། ཐ་ན་སྤྱི་ཚོགས་ཧྲིལ་བོས་ཀྱང་ངེས་པ་དོན་གྱིས་ལོ་ཆུང་གཞོན་ནུ་རྣམས་ལ་ཆ་འཕྲིན་དང་ཞབས་ཞུ་ཐོབ་པར་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་ཞིག་འདོན་སྤྲོད་བྱ་དགོས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག