ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

པེ་ཅིང་གི་སློབ་ཆེན་སློབ་མའི་དཔེ་ཀློག་མནའ་འབྲེལ་བཙུགས།

2015-06-05
          ཟླ ༥ བའི་ཚེས ༢༣ ཉིན་གྱི་ཕྱི་དྲོར།  པེ་ཅིང་གི་སློབ་ཆེན ༥༩ ནས་ཐོན་པའི་དཔེ་ཀློག་ཚོགས་པ ༡༣༣ ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་སྙན་ཞུ་ཁང་གསར་བར་འདུ་འཛོམས་བྱས་ཤིང་།  དཔེ་ཀློག་ལ་དགའ་བའི་སློབ་ཆེན་པ ༡༠༠༠ ལྷག་གིས་གཏམ་བཤད་སྤེལ་བ་དང་།  པེ་ཅིང་གི་སློབ་གྲྭ་ཆེན་མོ་བའི་དཔེ་ཀློག་མནའ་འབྲེལ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།  ཚོགས་འདུར།  ཆིན་ཧྭ་སློབ་ཆེན་གྱི་རྒྱལ་གཞུང་ཞིབ་འཇུག་ཁང་དང་།  ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞིང་གྲོང་ཀྲུང་གོའི་དཔེ་ཀློག་ཚོགས་པ།  པེ་ཅིང་དགེ་ཐོན་སློབ་ཆེན་གྱི་ནན་ཧྲན་སྙན་ངག་ཚོགས་པ།  པེ་ཅིང་མཁའ་སྐྱོད་མཁའ་འགྲུལ་སློབ་ཆེན་གྱི་བསྐྱར་དར་ཚོགས་པ།  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཟླ་བཅུ་བའི་རྩོམ་རིག་ཚོགས་པ།  རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཐོག་མའི་རྩོམ་རིག་ཚོགས་པ།  ཕྱི་འབྲེལ་སློབ་གླིང་གི་ཤེས་པ་དང་ཉམས་ལེན་རིག་གཞུང་ལྷན་ཚོགས་སོགས་དཔེ་ཀློག་ཚོགས་པས་འགྲེམ་སྟོན་དང་གཏམ་གླེང་སྤེལ་ལ།  མནའ་འབྲེལ་སྐོར་ངོ་སྤྲོད་དང་ཁྱབ་བསྒྲགས་བྱས་ཤིང་།  རྒྱལ་ཁབ་ཀྱི་གསར་འགྱུར་འགྲེམ་སྤེལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་།  ཀྲུང་གུང་པེ་ཅིང་ཨུ་ཡོན་ལྷན་ཚོགས་ཀྱི་དྲིལ་བསྒྲགས་པུའུ།  པེ་ཅིང་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཚོགས།  པེ་ཅིང་གསར་འགྱུར་འགྲེམ་སྤེལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས།  གུང་གཞོན་ཚོགས་པ་པེ་ཅིང་ཨུ་ཡོན་ལྷན་ཚོགས།  ཀྲུང་གོ་ཞིང་ལས་སློབ་ཆེན་སོགས་ཀྱི་འགོ་ཁྲིད་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།
          པེ་ཅིང་གི་སློབ་གྲྭ་ཆེན་མོ་བའི་དཔེ་ཀློག་མནའ་འབྲེལ་ནི་སྐབས་ལྔ་བའི་པེ་ཅིང་དཔེ་ཀློག་དུས་ཚིགས་སྤེལ་མཁན་གྱི་སྣེ་ཁྲིད་འོག  པེ་ཅིང་གི་སློབ་ཆེན་རྣམས་ཀྱི་དཔེ་ཀློག་ཚོགས་པ་དང་།  དཔེ་ཀློག་ལ་དུངས་བའི་ན་གཞོན་དག་གིས་རང་མོས་ཀྱིས་བཙུགས་པའི་མཉམ་འབྲེལ་ཚོགས་པ་ཞིག་ཡིན་ལ།  མནའ་འབྲེལ་དེས་དཔེ་ཀློག་གང་མང་དང་ལེགས་འབྲས་མཉམ་སྤྱོད་བྱེད་ཅེས་པ་དགོངས་དོན་དུ་བཟུང་ནས།  པེ་ཅིང་གི་སློབ་ཆེན་སློབ་མའི་དཔེ་ཀློག་བྱ་འགུལ་ལ་རྒྱབ་སྐྱོར་གང་ལེགས་དང་།  དཔེ་ཀློག་ལ་དགའ་བ།  དཔེ་ཆ་ལེགས་ཤོས་ཀློག་པ།  དཔལ་ཡོན་དང་འཆམ་མཐུན་གཉིས་ལྡན་གྱི་དཔེ་ཀློག་ཁོར་ཡུག་གང་ལེགས་གང་བཟང་ཤིག་བསྐྲུན་རྒྱུའི་ཕུགས་འདུན་མངོན་འགྱུར་བྱེད་པ།  སློབ་ཆེན་པས་དཔེ་ཀློག་འཚོ་བའི་ཁྲོད་སྣེ་ཁྲིད་དང་སྐུལ་འདེད་ནན་མོ་བྱེད་དགོས་པ་བཅས་སྤེལ་འདུག
          ཀྲུང་གུང་པེ་ཅིང་ཨུ་ཡོན་ལྷན་ཚོགས་ཀྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་མོའུ་ཡིས་པེ་ཅིང་གི་སློབ་ཆེན་སློབ་མའི་དཔེ་ཀློག་མནའ་འབྲེལ་ཚུགས་པར་སྨོན་ཚིག་ཞུས་ལ།  ཁོས་བཤད་རྒྱུར།  སློབ་ཆེན་ནི་སློབ་མ་ཞིག་གི་མི་ཚེའི་གོ་རིམ་ཁྲོད་ཀྱི་ཆེས་གལ་ཆེན་དང་།  ཆེས་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་།  སློབ་མའི་ཕྱོགས་གང་ཐད་ཀྱི་ནུས་ཤུགས་མཐོར་འདེགས་བྱེད་ཐུབ་པ་དང་།  ཀུན་སྤྱོད་ལེགས་པར་བསྒྱུར་ཐུབ་ལ།  དེ་དུས་དཔེ་ཀློག་མང་པོ་བྱས་ན།  ན་གཞོན་གྱི་འཚར་ལོངས་ཐད་ཕན་རྐྱེན་གང་ལེགས་འདོན་ཐུབ་ཟེར།  ཐེངས་འདིའི་པེ་ཅིང་གི་དཔེ་ཀློག་དུས་ཚིགས་ཁྲོད་དུ།  དཔེ་ཀློག་བྱ་འགུལ་དར་སྤེལ་གྱི་ཚོགས་པ་གསོ་སྐྱོང་བྱ་རྒྱུ་ནི་ལས་འགན་ཆེས་གལ་ཆེན་དེ་ཡིན་པར་བསྒྲགས་ལ།  སྐབས་ཐོག་ཏུ་པེ་ཅིང་གི་སློབ་གྲྭ་ཆེན་མོ་བའི་དཔེ་ཀློག་མནའ་འབྲེལ་ཚུགས་པ་དེ་ནི་ཀུན་གྱི་འདོད་བློ་དང་མ་གྲོས་རང་མཐུན་ཡིན་པས།  སློབ་ཆེན་པ་རྣམས་ཀྱིས་མནའ་འབྲེལ་དང་བཅས་པར་བརྒྱུད་སློབ་རའི་དཔེ་ཀློག་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུར་བྱས་རྗེས་མི་དམན་པ་འཇོག་དགོས་པ་བསྟན།
          ཀྲུང་གོ་མི་དམངས་སློབ་ཆེན་ཞིང་གྲོང་ཀྲུང་གོའི་དཔེ་ཀློག་ཚོགས་པའི་སློབ་གྲོགས་ལིའུ་ཁྲང་ཆིན་གྱིས་པེ་ཅིང་གི་སློབ་ཆེན་སློབ་མའི་དཔེ་ཀློག་མནའ་འབྲེལ་བཙུགས་པ་དེས་སློབ་རའི་དཔེ་ཀློག་ཐད་ལ་ཐེབས་པའི་ཤུགས་རྐྱེན་དང་འོས་འགན་གླེང་ལ།  ཁོས་གཏམ་བརྗོད་སྤེལ་བའི་གོ་རིམ་ཁྲོད།  སློབ་ཆེན་གྱི་དཔེ་ཀློག་ཚོགས་པ་དག་གི་དཔེ་གཞི་དངོས་དང་དཔེ་ཀློག་གོ་རིམ་ཁྲོད་ཡོངས་ཁྱབ་ཏུ་གནས་པའི་སྣང་ཚུལ་འགའ་དཔེར་དྲངས་ལ།  མནའ་འབྲེལ་ཚོགས་པར་བརྒྱུད་དཔེ་ཀློག་ལ་དགའ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས།  སློར་རྭའི་དཔེ་ཀློག་ཁོར་ཡུག་ལེགས་སུ་སྤེལ་བ་དང་གཡུར་དུ་ཟ་བའི་ལེགས་འབྲས་མཉམ་སྤྱོད་བྱེད་པ་གཉིས་ལ་འབད་བརྩོན་བྱེད་དགོས་ཟེར།
          སློབ་ཆེན་པ་དག་གིས་ཀྱང་དཔེ་ཀློག་མནའ་འབྲེལ་ཀྱི་འཕེལ་རྒྱས་ཐད་མཛུབ་སྟོན་གནང་མཁན་འགའ་གདན་འདྲེན་ཞུས་ཡོད་ལ།  རྩོམ་རིག་ཚོགས་པ་སྣ་མང་གི་སྣེ་ཁྲིད་མི་སྣ་འགའ་ཚོགས་འདུར་ཞུགས་པ་དང་།  སློབ་གྲོགས་ཚོ་དང་མཉམ་དུ་སོ་སོའི་དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་བྱས།  གཞན་ད་དུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་ལས་རིགས་སོ་སོའི་སྣེ་ཁྲིད་མི་སྣས་དཔེ་ཀློག་མནའ་འབྲེལ་གྱི་འཕེལ་རྒྱས་ཐད་མཛུབ་སྟོན་གནང་རྒྱུར་དང་ལེན་བྱས་འདུག
          མནའ་འབྲེལ་དངོས་སུ་ཚུགས་པ་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུའི་སྟེང་།  གཞན་ད་དུང་དཔེ་ཀློག་ཆེས་ལེགས་པའི་སློབ་ཆེན་འདེམ་བསྐོ་དང་། སློབ་ཆེན་གྱི་དཔེ་ཀློག་བྱ་འགུལ་སྣེ་ཁྲིད་མཁན་གསོ་སྦྱོང་བྱེད་གནས།  པེ་ཅིང་གི་སློབ་ཆེན་རྣམས་ཀྱི་དཔེ་ཀློག་ཚོགས་པའི་གནས་སྟངས་བརྟག་དཔྱད།  པེ་ཅིང་གི་སློབ་ཆེན་རྣམས་ཀྱི་དཔེ་ཀློག་གི་ད་ལྟའི་གནས་བབ་བརྟག་དཔྱད།  གྲོང་ཁྱེར་ན་གཞོན་དཔེ་ཀློག་གྲོས་ཚོགས་བཅས་ཀྱི་ལས་གཞི་བསྒྲགས་ལ།  སྐབས་ལྔ་བའི་པེ་ཅིང་གི་སློབ་ཆེན་སློབ་མའི་དཔེ་ཀློག་དུས་ཆེན་གྱི་མགོ་བཙུགས
པེ་ཅིང་དགེ་ཐོན་སློབ་ཆེན་གྱི་ནན་ཧྲན་སྙན་ངག་ཚོགས་པའི་སློབ་གྲོགས་རྣམས་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཟླ་བཅུ་བའི་དཔེ་ཀློག་ཚོགས་པའི་སློབ་མ་བཅུས་བསྒྲགས་གཏམ་སྤེལ་བཞིན་པ།
སློབ་ཆེན་པས་བདམས་པའི་མནའ་འབྲེལ་གྱི་སྐབས་དང་བོའི་ཀྲུའུ་ཞི་ཚོགས་པའི་ཚབ་བྱེད་མི་སྣས་བསྒྲགས་གཏམ་སྤེལ་ནས་པེ་ཅིང་གི་སློབ་ཆེན་སློབ་མའི་དཔེ་ཀློག་མནའ་འབྲེལ་དངོས་སུ་ཚུགས་པ་བསྒྲགས་བཞིན་པ།
མནའ་འབྲེལ་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་མི།  ཀྲུང་གོ་མི་དམངས་སློབ་ཆེན་ཞིང་གྲོང་ཀྲུང་གོའི་དཔེ་ཀློག་ཚོགས་པའི་ཚོགས་གཙོ་ལིའུ་ཁྲང་ཆིན་གྱིས་གཏམ་བརྗོད་སྤེལ་ནས་མནའ་འབྲེལ་གྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
པེ་ཅིང་ཨུ་ཡོན་ལྷན་ཚོགས་ཀྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་མོའུ་ཡིས་སྨོན་ཚིག་ཞུ་བཞིན་པ།
པེ་ཅིང་གསར་འགྱུར་འགྲེམ་སྤེལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་གཟིགས་སྐོར་བ་གཞོན་པ་ཡོན་ཡོ་ལུན་གྱིས་སྨོན་ཚིག་ཞུ་བཞིན་པ།
ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆིན་ཧྲི་ཁྲིན་གྱིས་སྨོན་ཚིག་ཞུ་བཞིན་པ།
སློབ་ཆེན་པས་སྨྱན་སྦྱོར་བ་དང་།  རྩོམ་པ་པོ།  ཆེད་མཁས་པ་གྲགས་ཅན་གདན་འདྲེན་ཞུས་ཏེ་མནའ་འབྲེལ་གྱི་མཛུབ་སྟོནམཁན་དུ་བསྟེན།
འཕྲུལ་སྣང་རྩོམ་རིག་པ་གྲགས་ཅན་ཅང་ནན་མནའ་འབྲེལ་གྱི་མཛུབ་སྟོན་མཁན་དུ་བསྟེན་པ་དང་གཏམ་བརྗོད་སྤེལ་བཞིན་པ།
ཚོང་དོན་དཔེ་སྐྲུན་ཁང་གི་སྤྱི་གཉེར་བ་ཡུས་ཏེན་ལིས་མནའ་འབྲེལ་གྱི་མཛུབ་སྟོན་མཁན་དུ་བསྟེན་པ་དང་གཏམ་བརྗོད་སྤེལ་བཞིན་པ།
འབྲེལ་ཡོད་རྩོམ་ཡིག