ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

པེ་ཅིང་གི་སློབ་ཆེན་པ ༦༠% ཉེ་བ་གུང་ཁྲན་ཏང་ནང་ཞུགས་འདོད་ཡོད་འདུག

2015-05-22
          སྤྱི་ཚོགས་སྟེང་དུ ༩༠ རྗེས་ཀྱི་ན་གཞོན་དག་ནི་སྐྱོན་ཆ་མང་པའི་སྡེ་ཞིག་ཏུ་བསམ་ཡོད། ལོ་ན་བགྲེས་པ་དག་གིས ༩༠ ལོའི་རྗེས་ཀྱི་ན་གཞོན་དེ་དག་གླེང་འོངས་དུས་ཁོ་ཚོར་ཕུགས་བསམ་དང་དད་པས་སྟོང་ཞིང་རེ་འདོད་ཆེ་ལ་རང་རློམ་དྲག་པ་སོགས་གནད་དོན་མང་པོའི་ཐེ་ཚོམ་གྱི་དབང་དུ་ཚུད་འགྲོ།
          ༩ ༥རྗེས་ཀྱི་ལོ་ཆུང་དག་སློབ་རའི་ནང་འཛིན་ལྟ་བུར་གྱུར་ཅིང་རང་གཤིས་དོད་པོར་དང་དོད་ཆེན་པོ་ཡོད་པ་རེད། པེ་ཅིང་དུ་སློབ་གསོའི་མཐུན་རྐྱེན་ལེགས་པོ་འཛོམས་ཡོད་པས་ན། རྒྱལ་སྤྱི་རང་བཞིན་གྱི་གྲོང་ཁྱེར་འདིའི་ཁོད་ཡངས་དང་སྣ་མང་གིས་ཁོ་ཚོའི་རང་གཤིས་འཕེལ་རྒྱས་ལ་གཞོགས་འདེགས་ཀྱི་ཆ་རྐྱེན་ལེགས་པོ་སྐྲུན་འདུག
          ཁོ་ཚོ་ཐུན་མོང་གི་རྙོག་འཛིང་རང་བཞིན་ཀྱི་ངོས་ནས། དྲ་རྒྱའི་སྟེང་གསར་འགྱུར་རེ་གཉིས་ལ་བལྟས་ཏེ་དོན་མཚོན་རི་མོ་ཞིག་བྲིས་བ་ཙམ་གྱིས་ཡོད་ཚད་ལ་ཕྱོགས་སྡོམ་བྱེད་པ་འོས་འཚམས་མིན་ལ།   དོན་ངོ་མར་པེ་ཅིང་གི་སློབ་ཆེན་ཁག་གི ༩༠ རྗེས་ཀྱི་གཞོན་སྐྱེས་དག་ག་འདྲ་ཡིན་ནམ།
          རྟག་དཔྱད་ཅིག་གི་མཇུག་འབྲས་ལས་པེ་ཅིང་གི་སློབ་ཆེན་པ་དག་ནི་དོན་དམ་དུ་འདི་ལྟ་སྟེ། ཁོ་ཚོ་ཉིན་རྒྱུན་དྲ་བར་ཞུགས་པའི་དུས་ཚོད་མང་པོ་ཡོད་ལ། ཉིན་རྒྱུན་གཉིད་པ་དང་དྲ་བར་འཇུག་པ། སྤྱི་བའི་བྱ་འགུལ་ལ་ཞུགས་པ་བཅས་ནི་སློབ་ཕྱིའི་བྱ་འགུལ་གཙོ་བོ་རེད།  ཁོ་ཚོའི་སེམས་ཚེགས་ཆེ་ཤོས་ནི་སློབ་སྦྱོང་དང་ལས་ཞུགས་ཡིན་འདུག  ཁོ་ཚོའི་ཟླ་རེའི་འགྲོ་སོང་ནི་ཕལ་ཆེར་སྒོར༨༠༠~༡༦༠༠གཡས་གཡོན་ཙམ་ཡིན་ལ།   ཁོ་ཚོས་ཕལ་ཆེར་རང་ནུས་དང་འབད་བརྩོན། ལྷག་བསམ་སོགས་ནི་མི་ཞིག་སྤྱི་ཚོགས་སྟེང་གནས་པ་དང་འཕེལ་རྒྱས་ཀྱི་བརྟེན་ས་གཙོ་བོ་ཡིན་པར་འདོད།
          གོང་གི་གནས་ཚུལ་དག་ནི་གུང་གཞོན་ཚོགས་པའི་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་གི་སློབ་ཆེན་པ་ཚོའི་ཁྱད་ཆོས་ལ་གཞིགས་ནས།   སློབ་ཆེན་སོ་སོའི་སློབ་གྲོགས ༨༢༣༡ ཙམ་ལ་རྣམ་པ་མི་འདྲ་བའི་བཅར་འདྲི་བརྟག་དཔྱད་བྱས་པའི་འབྲས་བུ་རེད།
          ཁོ་ཚོའི་ཁྲོད་ཀྱི་བཅུ་ཆའི་བདུན་ཙམ་ལ་གནོན་ཤུགས་ཡོད་པ་དང་། དེའི ༩༦.༦༧%གྱིས་བཟོད་བསྲན་ཐུབ་པར་བརྗོད།
          པེ་ཅིང་གྲོང་ཁྱེར་དུ་མཐོ་རིམ་སློབ་ཆེན ༩༡ ཡོད་པ་དང་། དེའི་ཁྲོད ༢༡༡ ཡིན་པའི་སློབ་ཆེན ༢༦ དང ༩༨༥ ཡི་སློབ་ཆེན ༨ ཡོད་ལ། སློབ་མ་ཁྲི ༨༡.༤༣ ཡོད།
          དེང་གི་སྤྱི་ཚོགས་སུ་འགྲན་རྩོད་ཉིན་རེར་ཛ་དྲག་ཆེ་བས།  སློབ་ཆེན་པ་དག་སློབ་སྦྱོང་དང་དཔལ་འབྱོར།  འབྲེལ་འདྲིས།  བརྩེ་དུང་སོགས་ཕྱོགས་མང་བོའི་གནོན་ཤུགས་ལ་འཕྲད་ཀྱིན་འདུག དེ་ལས་སློབ་ཆེན་པ ༣༢.༥%ཡིས་གནོན་ཤུགས་ཆེ་བར་འདོད་པ་དང་།  ༣༧.༢%ཡིས་གནོན་ཤུགས་འོས་འཚམ་སུ་འདོད་པ།  ༣.༣%ཡིས་གནོན་ཤུགས་ཐེག་ཐབས་མེད་པར་འདོད་ཀྱིན་འདུག  འདིས་ཁོ་ཚོའི་སློབ་སྦྱོང་དང་འཚོ་བར་དཀའ་ངལ་མང་པོ་ཡོད་པ་ཤེས་ཐུབ་ཅིང་།   སློབ་ཆེན་པ ༢༠.༨%ལ་ལས་ཞུགས་ཀྱི་དཀའ་ངལ་ཆེ་བ་དང་།   ༢༦.༦%ལ་སློབ་སྦྱོང་གི་དཀའ་ངལ་ཡོད་འདུག
          སློབ་ཆེན་པ་ཚོའི་སློབ་སྦྱོང་དང་བརྡ་འཕྲིན་རྒྱུད་བསྐུར་གྱི་རྣམ་པར་འགྱུར་ལྡོག་བྱུང་བ་དང་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན།   ཐོག་མའི་གནས་གསུམ་གྱི་བསྐྱར་ཟློས་རྣམ་པ་ལས་འགོངས་ཏེ་སློབ་ཕྱིའི་དུས་ཚོད་མང་ཞིང་རང་དབང་ལྡན།   ཡིན་ཡང་ཁོ་ཚོས་དུས་ཚོད་མང་པོ་ཞིག་དྲ་བར་ཞུགས་པ་དང་རྩེད་འཇོ་ལ་བཀོལ་བས།   དུས་ཚོད་བཀོད་སྒྲིག་ལེགས་པོ་ཐུབ་ཀྱིན་མི་འདུག
          ཉིན་རྒྱུན་དྲ་བར་འཇུག་པ་དང་གཉིད་པ།  སྤྱི་བའི་བྱ་འགུལ་ལ་ཞུགས་པ་བཅས་ནི་ཁོ་ཚོའི་སློབ་ཕྱིའི་བྱ་འགུལ་གཙོ་བོ་གསུམ་ཡིན་ལ། དེ་དག་སོ་སོས་རིམ་བཞིན་སློབ་ཕྱིའི་དུས་ཚོད་ཀྱི ༧༤.༡༤%དང་༣༤.༤༩% །  ༢༨.༥༥%བཅས་བཟུང་འདུག
          ང་ཚོས་དོ་ཁུར་བྱ་འོས་པའི་སྣང་ཚུལ་ཞིག་ལ་སློབ་ཆེན་པ ༢༧.༧༡%ཙམ་གྱིས་མ་གཏོགས་སློབ་ཕྱིའི་དུས་ཚོད་ནང་ལུས་ཕུང་སྦྱོང་བརྡར་བྱེད་ཀྱིན་མི་འདུག  ཡིན་ཡང་སེམས་བདེ་བ་ཞིག་ལ་མི་མང་པོ་ཞིག་གིས་འཚོ་བའི་གནོན་ཤུགས་དང་ལེན་བྱ་ཐུབ་སྟེ།   རྒྱུན་པར་རྩལ་སྦྱོང་དང་དཔེ་ཀློག  གླུ་དབྱངས་ལ་ཉན་པ།  གློག་བརྙན་ལ་བལྟ་བ་སོགས་ཀྱི་བྱ་ཐབས་གང་འཚམ་ལ་བརྟེན་ནས་གནོན་ཤུགས་ཇེ་ཆུང་དུ་གཏོང་བཞིན་འདུག༧༥%ཡི་སློབ་ཆེན་པ་ཁོམ་མ་ཐག་ཏུ་དྲ་བར་འཇུག་པ་དང་། ༡༩.༣%ཡིས་དྲ་བའི་ཆ་འཕྲིན་ལ་བློ་གཏད་རུང་བར་འདོད།
          སློབ་ཆེན་པ་དག་གི་འཚོ་བའི་ཁྲོད་དྲ་བ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་ལ།  ཁོ་ཚོའི་སེམས་སུ་དྲ་བ་མེད་ན་འཇིག་རྟེན་རྙོག་འགྲོ་བའི་སྣང་བ་ཞིག་ཡོད་ཚོད་རེད།
          སློབ་ཆེན་པ་ཞིག་གིས་རང་ཉིད་དྲ་བར་ཞུགས་པའི་དུས་ཚོད་ལ་རྩིས་ཤིག་བརྒྱབ་པར།  གཉིད་ལོག་པ་དང་རྩལ་སྦྱོང་སློབ་ཐུན་སྐབས་སུ་མ་གཏོགས་ཁོ་རང་གི་ལག་པ་ཁ་པར་དང་ཧ་ལམ་འབྲལ་མ་མྱོང་།  ཁོ་པས་ཉིན་རྒྱུན་དུས་ཚོད་བཀོལ་ཡུན་རིང་བའི་མཉེན་ཆས་ནི་འཇིག་རྟེན་གྲགས་ཚོད་ཀྱི་སྐད་འཕྲིན་དང་QQ། ཐའོ་པོད་ཡིན་པས་མི་ཚད།  ད་རུང་ཉིན་གཅིག་གི་དུས་ཚོད་གསུམ་ལ་དྲ་རྒྱའི་རྩེད་འཛོའི་འཇིག་རྟེན་དུ་མགོ་འཁོར་ཡོད་འདུག   "DOTAལྟ་བུའི་རྩེད་འཇོར་གཡེང་བ་དང་།   དངོས་ཚོར་ཆེ་བའི་རྐང་གྲུག་ལ་རྩེད་པ"སོགས་ནི་ཉིན་རེའི་ཁམས་གསོའི་བྱ་བ་ཉག་གཅིག་ཏུ་གྱུར་འདུག    ད་རུང་གཉིད་ཁ་མར་ཆུ་ཚོད ༡ ལྷག་བཀོལ་ནས་ཨ་རིའི་བརྙན་འཕྲིན་ཟློས་གར་ཞིག་ལ་བལྟ་རྒྱུ་སོགས་ཡོད་ལ།   འདིར་རང་སོའི་དགའ་རོགས་ལ་སྐད་འཕྲིན་གྱི་སྒང་དུ་ཁ་བརྡ་གློད་པའི་དུས་ཚོད་རྩིས་ཡོད་པ་མ་རེད།
          འདི་ལྟར་རྩིས་བརྒྱབ་པ་ཡིན་ན།  སྤྱིར་བཏང་དུ་སློབ་ཆེན་པ་ཞིག་གིས་མ་མཐའ་ཡང་ཆུ་ཚོད ༥ ལས་བརྒལ་བར་སེམས་ཤུགས་མཐའ་དག་དྲ་བར་བཅོལ་ཡོད་ཚོད་རེད།   དེ་ཡང་སྐབས་ལ་ལར་ཆུ་ཚོད ༨ ནས ༡༠ ཡི་རིང་ལ་དྲ་བར་ཞུགས་པའི་སྐབས་ཡང་ཡོད་འདུག
          གུང་གཞོན་ཚོགས་པའི་པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་བཅར་འདྲི་ཡི་བརྟག་དཔྱད་གཞི་གྲངས་ལྟར་ན། སློབ་ཆེན་པ ༧༤.༦༧%ཡིས་རང་ཉིད་ཀྱི་ཁོམ་སྐབས་ཀྱི་དུས་ཚོད་ཚང་མ་གཙོ་བོ་དྲ་བར་འཇུག་པའི་སྟེང་བཀོལ་ཡོད་པ་དང་།  ཡང ༧༠.༣%ཡི་སློབ་ཆེན་པའི་ཉིན་རེར་དྲ་བར་ཞུགས་པའི་དུས་ཚོད་ཆ་སྙོམ་གྱིས་ཆུ་ཚོད ༢ བརྒལ་ཡོད་པ་རེད།  དེའི་ནང་དྲ་བར་འཇུག་ཚད་ཆུ་ཚོད ༥ བརྒལ་བའི་སློབ་ཆེན་པས ༣༡.༡%ཟིན་པ་དང་།  ཆུ་ཚོད ༣ ཡས་མས་ཡིན་པའི་སློབ་ཆེན་པས ༡༧.༩%ཟིན།  ཆུ་ཚོད ༤ ཡས་མས་ཡིན་པའི་སློབ་ཆེན་པས ༡༠.༧%ཟིན།
          ཡང་བསླབ་གནས་ཀྱི་ངོས་ནས་བལྟས་ན།   ཆེད་སྦྱོང་དང་དངོས་གཞི་རིམ་པའི་སློབ་ཆེན་པ་དག་གིས་དྲ་བར་བརྟེན་ནས་ཆ་འཕྲིན་བསྡུ་ལེན་དང་རྩེད་འཇོར་གཡེང་རྒྱུ་གཙོ་བོ་ཡིན་པ་དང་།  དེའི་ཡན་གྱི་ཤེས་རམས་པ་དང་འབུམ་རམས་པ་དག་གིས་དྲ་བར་བརྟེན་ནས་གཙོ་བོ་ཆ་འཕྲིན་བསྡུ་ལེན་དང་སློབ་སྦྱོང་བྱེད་ཀྱིན་འདུག
          ལག་རྩལ་གསར་བ་དང་བརྒྱུད་ལམ་གསར་བས་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་འཚོ་བར་ངོས་སོ་སོ་ནས་འགྱུར་ལྡོག་བཏང་འོངས་པ་དང་ལྷན་དུ།   སློབ་ཆེན་པའི་སྡེ་དེར་ཡང་འགྱུར་ལྡོག་ཆེས་ཆེར་གཏོང་བཞིན་འདུག    སྐད་འཕྲིན་དང་པོད་ཕྲན།  གཞི་གྲངས་རྣམ་པའི་རོལ་དབྱངས།   དྲ་ངོས་བརྙན་འཕྲིན།  གློག་རྡུལ་ཚོང་དོན་སོགས་ནི་སློབ་ཆེན་པ་དག་ལ་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་རེ་རེ་རུ་འགྱུར་བཞིན་འདུག  དེའི་སྟབས་ཀྱིས་ཁོ་ཚོར"དྲ་བར་ཤ་འདྲིས་གཏིང་འདྲིས་བྱས་པའི་མི་རབས་གསར་བ"ཞེས་བརྗོད།
          དྲ་བས་སློབ་ཆེན་པའི་འཚོ་བར་སྟབས་བདེ་གྲངས་མེད་ཅིག་བསྐྲུན་ཡོད་པ་བདེན་མོད།  དེ་དང་ལྷན་དུ་ཉེན་ཁ་མང་པོ་ཞིག་ཀྱང་དེ་ལ་ལུས་དང་གྲིབ་མ་བཞིན་འགྲོགས་ཡོད་པར་ལྷོད་ཡངས་གཏན་ནས་བྱ་མི་རུང་།   ༥༨.༥%ཡི་སློབ་ཆེན་པས་རང་སེམས་ཀྱི་སྡུག་ཡུས་འདྲ་མིན་ཁྱེར་ནས་དྲ་བའི་འཇིག་རྟེན་དུ་ཞུགས་པ་དང་།   ༡༩.༣%ཡི་སློབ་ཆེན་པའི་བསམ་པར་དྲ་བའི་ཆ་འཕྲིན་ཚང་མ་ཡིད་ཆེས་རུང་བ་དང་བདེན་པ་བདེན་ཐུབ་ཏུ་འཛིན་བཞིན་འདུག
          ད་སྐབས་པོད་ཕྲན་དང་སྐད་འཕྲིན།  སློབ་ནང་དྲ་བ།  QQགཞིས་ཁྱིམ་སོགས་ཡོང་ཁུངས་སྣ་ཚོགས་ཀྱི་ཆ་འཕྲིན་མིག་གིས་མི་ལོངས་པ་མང་པོ་ཞིག་ཡོད་པ་དང་།  སློབ་གྲོགས་མང་པོ་ཞིག་གིས་གྲོགས་ཚོམས་ནང་དང་པོད་འཕྲིན་ལས་རང་པར་ངོམ་སོ་བྱེད་པ་དང་ཟས་མཆོག་སྣ་ཚོགས་བསྐུར་བཞིན་པ།  ཉེ་འཁོར་གྱི་དོན་དག་དང་གསར་འགྱུར་སོགས་ལ་ཁ་ཉེས་གཏོང་བ་དང་སྡིག་དམོད་བྱེད་པ་མང་དུ་འབྱུང་བཞིན་འདུག   ཁ་ཉེས་ཚོད་མེད་དུ་བཏང་རྗེས་སྣང་བ་རྫོགས་མེད་སྐྱིད་པའི་བར་སྐབས་དེ་དག་ལ།  སུ་ཞིག་གིས་དོན་དག་འདྲ་མིན་དེའི་རིགས་ཀྱི་དོན་དངོས་རང་བཞིན་ལ་བརྟག་དཔྱད་བརྡར་གཅོད་བྱས་ཡོད་ཨང་།
          འཛད་སྤྱོད་ཆུ་ཚད་མཐོ་བས་ལས་ཞུགས་ཀྱི་རེ་བའང་ཇེ་མཐོར་སོང་བ་དང་། གླ་ཕོག་གི་དམིགས་ཚད་མཐོ་དྲག་པས་ཡིད་སྐྱོ་བོ་བྱུང་།
          སློབ་ཆེན་པའི་འཛད་སྤྱོད་ཚོགས་པ་འདིའི་ངོས་ནས་ཚོང་རའི་ཟིན་ཚད་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག་པས།  པེ་ཅིང་གི་སློབ་ཆེན་པའི་འཛད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་རེ་བྱས་ན། པེ་ཅིང་གི་སློབ་ཆེན་པ་རེའི་ཆ་སྙོམ་གྱི་ཟླ་གཅིག་གི་འགྲོ་སྒོ་སྒོར ༡༤༨༡ ཡིན་ལ།  འགྲོ་སོང་སྒོར༨༠༠~༡༦༠༠དབར་གྱི་སློབ་མས ༥༦.༠༥%ཟིན་པ་དང་སྒོ ར༨༠༠མན་ཡིན་པའི་སློབ་མས ༢༡.༦༩%ཟིན།  ༡༦༠༠-༢༤༠༠ ཡི་འགྲོ་སྒོ་ཡོད་པའི་སློབ་མས ༡༤.༤༨%ཟིན།
          ཉིན་རེ་རེའི་ཟ་འཐུང་སོགས་མེད་དུ་མི་རུང་བའི་འགྲོ་སྒོ་ཕུད།  རྩེད་འཇོ་དང་འབྲེལ་འདྲིས།  ཟོང་ཉོ་སོགས་ཀྱི་ཐད་ཀྱི་འགྲོ་སོང་ཇེ་མང་ནས་ཇེ་མང་ཡིན་འདུག   རྩ་བའི་ཆ་ནས་པེ་ཅིང་གི་སློབ་མའི་འཛད་སྤྱོད་ཆུ་ཚད་ཅུང་མཐོན་པོ་ཡོད་པ་རེད།
          དེ་ནས་སློབ་ཆེན་པའི་དཔལ་འབྱོར་ཡོང་ཁུངས་ཀྱི་ཕྱོགས་ནས་བཤད་ན། མང་ཤོས་ཤིག་ནི་རང་སོའི་ཕ་མས་མཁོ་སྤྲོད་བྱས་པ་རེད།  དེ་མིན་སློབ་མ་ཁ་ཤས་ཀྱིས་སློབ་ཞོར་དུ་ལས་ཀར་ཞུགས་ནས་ཡོང་སྒོ་བཙལ་ཡོད་འདུག  ད་དུང་བསླབ་འབྲས་བྱ་དགའ་ཐོབ་པའི་སློབ་མའང་ཡོད་པ་རེད།
          འཛད་སྤྱོད་མཐོ་དྲག་པ་འདིས་སློབ་ཆེན་པའི་ལས་ཞུགས་ཀྱི་ཐོག་མའི་གླ་ཕོག་གི་དམིགས་ཚད་ཇེ་མཐོར་སོང་ཡོད་འདུག  བརྟག་དཔྱད་ཀྱི་འབྲས་བུ་ལྟར་ན།  ཁོ་ཚོས་རང་གི་བྱ་བ་མགོ་མའི་ཟླ་ཕོག་གི་དམིགས་ཚད་ས་ཆ་སྙོམ་སྒོར ༦༦༦༨ ཡིན་འདུག་ལ།  འདི ༢༠༡༣ ལོའི་མཐར་ཕྱིན་སློབ་མ་དག་གི་དམིགས་ཚད་ཟླ་ཕོག་སྒོར ༤༧༤༦ ཡིན་པ་དང་བསྡུར་ན་སྒོར ༢༠༠༠ ཡི་བར་ཁྱད་ཡོད་འདུག   དེ་བས་ལས་ཁུངས་མང་པོ་ཞིག་གི་མི་བསྡུ་་མ་ཐུབ་པ་དང་ལས་ཞུགས་ཀྱི་དཀའ་ཁེག་ཆེ་བའི་རྣམ་པ་བྱུང་བ་རེད།
          ཡིན་ཡང་དགའ་འོས་པ་ཞིག་ལ་རང་གིས་ལས་ཀ་གསར་གཏོད་བྱེད་པའི་ཕྱོགས་ནས་མི་མང་ཤོས་ཀྱིས་བསམ་འདུན་བཟང་བོ་བཅིངས་འདུག་ལ།   ཕམ་ཁར་སེམས་ཁུར་བྱེད་མཁན་ཉུང་ཉུང་རེད།
          རང་གཤིས་དོད་པོ་རེ་བསྙེག་ཡང་ཐུན་མོང་མི་འདོར་ལ།  སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་གྱི་གནད་དོན་ལ་མགོ་བོ་རྨོངས་མི་འདུག
          རང་གཤིས་དོད་པོ་རེ་འཚོལ་སྙེག་བྱེད་པ་ནི་དེང་གི་སློབ་ཆེན་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་སྨྲ་མི་དགོས།  ཡིན་ཡང་འདིས་ཁོ་ཚོས་ཐུན་མོང་དོར་སོང་བ་མཚོན་མི་ནུས།  ཁོ་ཚོས་ན་མཉམ་གྱི་དཔུང་སྡེ་ལ་རྩིས་མཐོང་ཆེན་པོ་བྱེད་པ་འདི་ཡག་པོ་འདུག
          ཁོ་ཚོའི་བསམ་པར་མལ་གྲོགས་སམ་གྲོགས་པོ་སུ་ཡིན་ཡང་སྐབས་ལ་ལར་ཕན་ཚུན་དབར་ཁ་རྩོད་ཚིག་རྩོད་རེ་ཤོར་འགྲོ་ཡང་།  དེ་ནི་རྒྱུན་ལྡན་ཞིག་ཡིན་ཞིང་ད་རུང་མུ་མཐུད་དུ་རྩེད་འཇོར་རོལ་ཞིང་ངལ་གསོ་བྱ་ངེས་སྙམ།  "མལ་གྲོགས་དུག་གིས་བསད་པ"སོགས་ནི་གཅིག་དང་གཉིས་ཡིན་པས་དེ་ཁོ་ནར་བརྟེན་ཏེ་ཡོད་ཚད་ངན་པར་བསམ་ན་མི་རུང་བ་ཤེས་བཞིན་འདུག་ལ།  སློབ་གྲོགས་ཤིག་གི་རྒྱུད་དུ་རང་གཤིས་དང་གཞལ་མིན་གྱི་རྣམ་པ་ཅི་ལྟར་མངོན་ཡང་མང་ཤོས་ཤིག་འཛིན་གྲྭ་ཐུན་མོང་ནང་འགྲིག་པོ་འཆམ་པོ་ཡོང་ཐུབ།
          སློབ་ཆེན་པའི་འབྲེལ་འདྲིས་བྱ་ཡུལ་སྤྱིར་སློབ་གྲོགས་དང་མལ་གྲོགས་ལས་བརྒལ་མེད་ཚོད་རེད།  འབྲེལ་འདྲིས་ཟབ་མོ་ཡོད་པའི་མི་དག་གི་ཁྲོད།  སློབ་གྲོགས་ཀྱིས༨༨.༣%ཟིན་ཡོད་པ་དང་།  མལ་གྲོགས་ཀྱིས༩༣.༥%ཟིན།  དེ་ལས་མལ་གྲོགས་ཕན་ཚུན་གྱི་འབྲེལ་བ་ཤིན་ཏུ་བཟང་བ་ཤེས་ཐུབ།  སློབ་ཆེན་གྱི་དུས་སྐབས་ནི་ཁོ་རང་ཚོའི་མ་འོངས་གྲོགས་པོ་བཟང་བོའི་ཚོགས་པ་གྲུབ་པའི་དུས་ཚོད་གལ་ཆེན་དེ་ཡིན་འདུག་ལ།  དུས་རབས་འདིར་རང་གཤིས་ཚ་པོ་དང་གཤིས་སྤྱོད་ཡན་གར་བ་དེ་བྲིན་ཆེ་ནའང་།  ༩༠རྗེས་ཀྱི་མི་རབས་དེ་གནད་དོན་མང་བའི་མི་རབས་ཤིག་ཏུ་ངོས་འཛིན་བྱེད་པའང་ཁུངས་བཙུན་པོ་མི་འདུག་ཅིང་།  ཁོ་ཚོ་ཐོག་མའི་མཐོ་འབྲིང་གི་སྐབས་དང་མི་འདྲ་བར་ཕན་ཚུན་ལ་རོགས་རམ་བྱ་རྒྱུར་དགའ་ཞིང་ཐུན་མོང་གི་བསམ་པ་ཤུགས་དྲག་ཡོད་པ་འབའ་ཞིག་ཡིན་འདུག   ཁོ་ཚོས་ཕྱུག་པོ་དག་གིས་ཐོབ་ཁྲལ་མང་པོ་འཇལ་ན་འགྲིག་པར་རློམ་བཞིན་པ་འདི་ལས་ཁོ་ཚོས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ཧ་གོ་ཡོད་པ་དང་དེར་རང་གི་ཚད་ཐིག་ཡོད་པ་ཤེས་ཐུབ།
          དེ་མིན།  ད་ཐེངས་ཀྱི་བརྟག་དཔྱད་མཇུག་འབྲས་སུ།  སློབ་ཆེན་པ་མང་ཆེ་ཤོས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཏང་གི་འགོ་ཁྲིད་ཚོགས་པའི་བྱ་བར་ཁས་ལེན་སྟེར་བཞིན་ཡོད་ལ།  ཁོ་ཚོས་རྒྱལ་སྐྱོང་སྲིད་འཛིན་གྱི་བསམ་བློ་དང་ཏང་གི་སྲིད་ཇུས་ལམ་ཕྱོགས་དོ་སྣང་ཡང་བྱེད་བཞིན་ཡོད་འདུག   ༦༠%ཉེ་བའི་སློབ་ཆེན་པ་གུང་ཁྲན་ཏང་ནང་ཞུགས་འདུན་དྲག་པོ་ཡོད་པ་དང་ཏང་ནང་ཞུགས་བསམ་མཁན་དུ་སྣང་། སློབ་ཆེན་པ༨༥%བརྒལ་བ་ཡིས་ཀྲུང་གོ་བ་ཞིག་ཡིན་པ་གཟི་བརྗིད་ཅིག་ཏུ་བསམ་ཡོད་པ་དང་།  རྒྱལ་ཕྱིའི་རིག་གནས་དང་རྒྱལ་སྤྱིའི་གནས་སྟངས་ལ་བརྡར་གཅོད་དང་ཤེས་རྟོགས་གསལ་བོ་ཡོད་པ་རེད།  སློབ་ཆེན་པ་ཕྱེད་ཀ་ཡན་གྱིས་ཀྲུང་གོའི་ཕུགས་འདུན་ལ་གསལ་ཆ་ཆེན་པོ་ཡོད་པ་དང་གསལ་ཆ་ཆེ་ཚོད་རེད།  ༧༥%ཡི་སློབ་ཆེན་པས་ཕུགས་འདུན་དེ་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེས་བྱེད་བཞིན་འདུག
འབྲེལ་ཡོད་རྩོམ་ཡིག