ལུག་ལོ་སར་བ་དང་མཉམ་དུ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་ལུང་ལེན་རིགས་སོ་སོའི་རང་སྐྱོང་རྫོང་གི་ཀྲོང་དང་མོའོ། མྱྭ་སོགས་མི་རིགས་གྲངས་ཉུང་གི་སྤུན་ཟླ་ཚོས་དུས་ཆེན་གྱི་གཟབ་འཆོར་སྤྲས་ཏེ་གནམ་ལོ་གསར་པའི་འདུ་འཛོམས་ལ་རོལ་གྱིན་མཆིས་མོད། སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་དམངས་སྲོལ་འདི་རིགས་མི་ཚོའི་རྣམ་ཀུན་གྱི་འཚོ་བ་ལས་ཕྱིར་རིམ་གྱིས་མི་མངོན་པར་གྱུར་ཏེ་དུས་སྟོན་སྐབས་སུ་མ་གཏོགས་མྱོང་རོལ་མི་ཐུབ་པར་གྱུར་བ་ནང་བཞིན། གབ་པར་གནས་པའི་མི་རིགས་གྲངས་ཉུང་དེ་དག་གི་སྐད་ཡིག་ཀྱང་མདངས་ཡལ་བཞིན་ཡོད་པ་དང་། མི་རིགས་སྐད་ཡིག་ཉེན་ཅན་སྐྱོབ་གསོ་བྱ་རྒྱུའང་ཀུན་གྱི་གླེང་གཞི་ཞིག་ཏུ་གྱུར་ཡོད།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་མི་རིགས་གྲངས་ཉུང་གི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའུ་ཤིན་པེན་གྱི་ཉེ་ཆར་བརྗོད་དོན། ཀོང་ཞི་ཡིས་དེང་རབས་ལག་རྩལ་གྱི་ཐབས་ཤེས་བཏང་ནས་མི་ངོ་མས་ཐ་སྙད་དང་ཚིག་ཀློག་པ། སྒྲུང་ཤོད་པ། དཀྱུས་མའི་ཁ་བརྡ་སོགས་བྱེད་ཐབས་བརྒྱུད། ཡུལ་དངོས་ནས་སྒྲ་དངོས་དང་ཡི་གེ་ཕབ་བསྒྱུར་གྱི་དན་གྲངས་མཛོད་བཟོས་ཚར་ཡོད། ད་ལྟ་དན་གྲངས་མཛོད་འཛུགས་སྐྲུན་ལམ་ལྷོངས་བྱུང་ཡོད་པ་དང་ད་ལོར་ཀོང་ཞི་ཡིས་མའོ་ནན་སྐད་ཀྱི་དན་གྲངས་མཛོད་བསྐྲུན་འཆར་ཡིན་ལ། ཡུལ་སྐད་གཞན་པའི་དན་གྲངས་མཛོད་ཀྱང་འགྲུབ་པའི་རེ་བ་ཆེ་ཟེར།
སྒྲ་ལྡན་དན་གྲངས་ནི་སྐད་ཡིག་འགྱུར་རྡོ་ཡིན།
ཀོང་ཞི་ཞིང་ཆེན་དུ་ཀྲོང་དང་རྒྱ། ཡའོ། མོའོ་སོགས་གཞིས་ཆགས་མི་རིགས ༡༢ དང་མི་རིགས་གཞན ༤༤ འཚོ་སྡོད་བྱེད་ཀྱི་ཡོད་ཅིང་མི་རིགས་གྲངས་ཉུང་གི་མི་འབོར་ཧ་ལམ ༡༩༠༠ ཙམ་མཆིས་ལ་སྤྱིའི་མི་གྲངས་ཀྱི ༣༧.༩%ཟིན། དེའི་ནང་ཀྲོང་དང་མོའོ། ཡའོ་སོགས་མི་རིགས་གྲངས་ཉུང ༡༢ ཀྱི་སྐད་ཡིག་སྤྱོད། འོན་ཀྱང་དུས་ཀྱི་འགྱུར་བ་དང་འགྲོགས་ནས་ཀོང་ཞིའི་མི་རིགས་གྲངས་ཉུང་གི་སྐད་ཡིག་སྤྱོད་པའི་གནས་སྟངས་སྡུག་ནས་སྡུག་ཏུ་འགྲོ་གི་ཡོད་ཅིང་། ཚད་མི་འདྲ་བའི་ཉེན་ཅན་གྱི་གྲས་སུ་ཚུད་ཡོད།
༢༠༡༢ ལོའི་སྨད་དུ། མི་རིགས་གྲངས་ཉུང་གི་སྐད་ཡིག་ཐོན་ཁུངས་སྒྲ་ལྡན་དན་གྲངས་མཛོད་ཀྱི་སྔོན་འགྲོའི་བརྟག་ཞིབ་ཀྱི་ལས་ཀ་མགོ་ཚུགས་པ་དང་། ༢༠༡༤ ལོ་ནས་གེ་ལོའི་ཡུལ་སྐད་བསྡུ་རུབ་མགོ་ཚུགས། ད་ཆའི་བར་ཐ་སྙད་བརྡ་སྤྲོད་དང་བཅས་པ ༤༠༠༠ ལྷག་བསྡུས་ཚར། དེར་རྒྱུན་སྤྱོད་ཐ་སྙད་དང་ཚིག་དུམ། ཚིག་སོགས་སྐད་བརྡའི་གྲུབ་ཆ་འདུས་ཡོད་ལ། ད་དུང་མི་རིགས་རང་གི་ངག་རྒྱུན་དང་སྒྲུང་། གཉེན་སྒྲིག དུར་ལས་སོགས་རྣམ་པ་སྒྲ་གཟུགས་གཉིས་ཆར་ཕབ་ཡོད།
“དན་གྲངས་མཛོད་དེ་ད་ལྟ་ད་དུང་ཚོད་ལྟའི་དུས་རིམ་ལ་ལུས་ཡོད”ཅེས་ཀོང་ཞི་མི་རིགས་སྐད་ཡིག་ཞིབ་འཇུག་ཁང་གི་འགན་འཛིན་པ་ཧོང་རོའུ་མིན་གྱིས་ཟེར། “འདི་ཚོ་རྒྱའི་ཡུལ་སྐད་བསྡུ་རུབ་བྱེད་པ་དང་མི་འདྲ། རྒྱའི་ཡུལ་སྐད་དེ་རྒྱ་སྐད་ཀྱི་ཡན་ལག་མི་འདྲ་བར་གཏོགས་མོད། མི་རིགས་སྐད་ཡིག་མ་གཞི་ནས་སྐད་རིགས་མི་འདྲ་བ་ཡིན་སྟབས། མི་རིགས་སྐད་ཡིག་མི་འདྲ་བར་བསྡུ་རུབ་བྱེད་པར་སྐད་ཡིག་ལག་དེབ་ཆ་ཚང་བསྐྱར་དུའང་འབྲི་དགོས་ཀྱི་འདུག དེའི་ཕྱིར་མི་རིགས་སྐད་ཡིག་བསྡུ་རུབ་བྱ་བ་དེ་རྒྱའི་ཡུལ་སྐད་ལས་རྙོག་དྲ་ཚ་པོ་རེད” རྒྱུས་ལོན་པ་ལྟར་ན། ༢༠༡༠ ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཀྱིས《མི་རིགས་གྲངས་ཉུང་གི་སྐད་ཡིག་དོ་དམ་ལས་དོན་ལེགས་པོར་བསྒྲུབ་དགོས་པའི་བསམ་འཆར》བཀྲམས་ཏེ། མི་རིགས་གྲངས་ཉུང་གི་སྐད་ཡིག་མྱུར་སྐྱོབ་ལ་ཤུགས་གང་ཡོད་རྒྱག་དགོས་ཚུལ་བཏོན་པས། ཞིང་ཆེན་དང་ཁུལ་སོ་སོ་ནས་ཀྱང་མི་རིགས་སྐད་ཡིག་སྲུང་སྐྱོབ་དང་བསྡུ་རུབ་ལས་དོན་སྔ་རྟིང་སྤེལ་མོད་ཀྱང་། རྒྱལ་ཡོངས་གཅིག་གྱུར་གྱི་ལས་དོན་ཚད་གཞི་དང་ལག་རྩལ་ཚད་ཐིག་ཅིག་ད་སྔ་ད་དུང་ཆགས་མེད་ལ། ཞིང་ཆེན་ཚང་མ་ད་དུང་སྦར་ཉུལ་བྱེད་པའི་ཚུལ་ན་ལུས་བསྡད་ཡོད།
མི་རིགས་གྲངས་ཉུང་གི་སྐད་ཡིག་རྒྱུན་འཛིན་གནས་སྟངས་སྐྱོ་པོ་རེད།
མི་རིགས་གྲངས་ཉུང་གི་མི་འབོར་མང་ཤོས་ཡིན་པའི་ཞིང་ཆེན་ཞིག་ལ་མཚོན་ན། ཀོང་ཞི་ཡི་མི་རིགས་གྲངས་ཉུང ༨༠% ཡས་མས་ཀྱིས་མི་རིགས་རང་གི་སྐད་ཡིག་སྤྱོད་ཐུབ་ཀྱི་ཡོད་མོད། “གནས་ཚུལ་དེ་གྲངས་ཀ་མཚོན་པ་ལྟ་བུར་ཡག་པོ་དེ་འདྲ་མ་རེད”ཧོང་རུའུ་མིན་གྱི་ངོ་སྤྲོད་བྱས་དོན། དུས་རབས་ཀྱི་འགྱུར་བའི་དབང་གིས་མི་རིགས་སྐད་ཡིག་དངོས་གནས་བྱས་ན་དེ་འདྲའི་ཁྱབ་རྒྱ་ཆེན་པོ་མེད་དེ། མང་ཆེ་བས་ཁྱིམ་ཙམ་དུ་མི་རིགས་སྐད་སྤྱོད་ལ་སྤྱོད་མཁན་ཡང་དར་བགྲེས་གཙོ་བོར་གྱུར་བ་རེད། “མོའོ་ནན་སྐད་དང་། གེ་ལོ་སྐད། ཅིང་སྐད་སོགས་སྐད་ཡིག་ཉེན་ཅན་ཆགས་ཚར་བསྡད་ཡོད་པ་རེད། དེའི་ནང་གེ་ལོ་སྐད་ཏོ་ལོ་ཡུལ་སྐད་ཤེས་མཁན་མི ༡༠ ཙམ་ལས་མི་འདུག ན་ཚོད་ཀྱང་ཆ་སྙོམས ༦༠ ཡིན་སྟབས། མི་རིགས་གྲངས་ཉུང་གི་སྐད་ཡིག་མྱུར་སྐྱོབ་དེ་ཁ་ཚ་དགོས་གཏུག་རེད”
ཀོང་ཞི་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མིན་ཡན་ཡའོ་ཡིས་འདི་སྙམ་དུ། ཀོང་ཞི་ཡི་མི་རིགས་གྲངས་ཉུང་གི་སྐད་ཡིག་འཕེལ་བའི་གནས་ཚུལ་རྙོག་འཛིང་ཆེ་སྟེ། དཔེར་ན་ཀྲོང་སྐད་དང་ཏོང་སྐད། མོའོ་སྐད་ལྟ་བུར་ཡི་གེ་ཡོད་ལ་མི་གྲངས་ཀྱང་ཅུང་མང་། སྤྱོད་མཁན་ཡང་མང་ཤོས་ཡིན། འོན་ཀྱང་། ཀྲོང་སྐད་དང་ཏོང་སྐད། མོའོ་སྐད་སོགས་ཡུལ་དེའི་གཞུང་སྐད་མིན་སྟབས། རླུང་བརྙན་འཕྲིན་གྱི་བརྒྱུད་ལམ་ཤིན་ཏུ་ཉུང་བས་དེའི་རྒྱུད་འཛིན་ཉམས་སྐྱོ་པོ་རེད། “མི་རིགས་གྲངས་ཉུང་ཕལ་མོ་ཆེ་རི་ཁུལ་ཐག་རིང་དུ་སྡོད་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་བསྟུན་ནས་མི་རིགས་གྲངས་ཉུང་ས་ཁུལ་ལ་གཙོ་རྒྱུགས་སྐད་ཡིག་དང་ཕྱི་ཡོང་རིག་གནས་ཀྱི་ཕོག་རྡེབ་ངེས་པར་ཐེབས་ངེས་ལ། མི་རིགས་སྐད་ཡིག་བརྒྱུད་སྤེལ་ལའང་ཤན་ཤུགས་ཐེབས་རྒྱུ་འགོག་ཐབས་མེད་པ་རང་རེད”
དེ་ལས་གཞན། མི་རིགས་གྲངས་ཉུང་གི་མང་ཚོགས་དག་མི་རིགས་རང་གི་སྐད་ཡིག་ལ་ཡིད་ཆེས་མེད་པས་ལོ་ཆུང་མང་དག་ཅིག་གི་རང་སྐད་སྦྱོང་བའི་སྤྲོ་བའང་ཡལ་འགྲོ་གི་ཡོད་པ་རེད། ཀོང་ཞི་མི་རིགས་དོན་གཅོད་ཀྱིས་མི་རིགས་གྲངས་ཉུང་འདུས་སྡོད་ས་ཁུལ་བརྟག་དཔྱད་བྱས་པ་ཞིག་ལས། གལ་ཏེ་རྒྱ་ཡིག་སློབ་གྲྭ་དང་རང་སྐད་གཙོ་བཟུང་བའི་སྐད་གཉིས་སློབ་གྲྭ་གཉིས་ལས་གདམ་ཀ་བྱེད་དགོས་ཚེ། ཁྱིམ་ཚང ༩༥% ཉེ་བ་ལྷག་གིས་རང་གི་ཕྲུ་གུ་རྒྱའི་སློབ་གྲྭར་འཇོག་འདོད་ཆེ་བ་མངོན་པ་རེད།
སྐད་གཉིས་སློབ་གསོ་དཔུང་བ་མཉམ་གཤིབ་དགོས།
“སྐད་ཡིག་རྩ་སྟོངས་དེ་རིགས་རྒྱུད་རྩ་སྟོངས་ནང་བཞིན་འཇིགས་སུ་རུང་བ་ཞིག་རེད”མི་རིགས་སྐད་ཡིག་ཡལ་བ་ན་དེའི་རྒྱབ་ཀྱི་མི་རིགས་ཀྱི་རིག་གནས་མཚར་སྡུག་ལྡན་པ་དག་ཀྱང་ཤུལ་མེད་དུ་འགྲོ་ངེས་པ་ཡིན། ཀོང་ཞིའི་མི་རིགས་གྲངས་ཉུང་སྐད་ཡིག་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ཧྭང་ཀུས་ཆིག་ན་རེ། ད་ལྟ་མངོན་མིན་ཤུལ་བཞག་གི་རྣམ་གྲངས་ཕལ་ཆེར་མི་རིགས་རང་གི་སྐད་ཡིག་ཐོག་ནས་རྒྱུད་འཛིན་བྱེད་ཀྱི་ཡོད་དེ། རྩོམ་རིག་དང་ལྷ་སྒྲུང་། སྒྲུང་དང་གླུ སྲོལ་རྒྱུན་དུས་སྟོན། ཆོ་ག་དང་ཡུལ་སྲོལ་སོགས་མི་རིགས་རིག་གནས་བརྒྱུད་སྒྲོག་བྱ་རྒྱུ་དེ་མི་རིགས་རང་གི་སྐད་ཡིག་དང་འབྲལ་ཐབས་མེད་ཟེར་རོ། ། ཁོས་འདི་སྙམ་སྟེ། སྲིད་གཞུང་གིས་སྐད་གཉིས་སློབ་གསོ་གཙིགས་ཆེན་བྱེད་འོས་ལ། ལས་ཁུངས་དང་སྡེ་ཁག ཚོང་ཁང་གི་སྒོ་བྱང་སོགས་སུ་སྐད་གཉིས་ཚོད་ལྟ་བྱས་ཏེ་མི་རིགས་སྐད་ཡིག་བརྒྱུད་སྒྲོག་ལ་ཤུགས་རྒྱག་དགོས་ཟེར།
ཁོས་ད་དུང་། སྐད་གཉིས་སློབ་གསོར་སྤེལ་རྒྱུ་དེ་མི་རིགས་གྲངས་ཉུང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཐབས་དམ་པ་ཞིག་ཡིན་པར་འདོད་ཅིང་ཁོས་དཔེ་བཞག་དོན། ཁ་ན་ཏ་སྲིད་གཞུང་གིས་མི་དམར་པོ་དང་ཨིན་ཉོའུ་ཐི་པ་སོགས་ཡུལ་དེའི་མི་རིགས་གྲངས་ཉུང་གི་ཚོ་བའི་སློབ་ཕྲུག་ཁྲི ༨ ལྷག་ལ་ཁྱོན་ཁ་སྒོར་དུང་ཕྱུར ༡༥ བཏང་སྟེ་སྐད་གཉིས་སློབ་གྲྭ ༢༥༥ བཙུགས། ཡིན་ཡང་ཀོང་ཞི་ཡི་རྨང་གཞི་སློབ་གསོ་ཡོད་པའི་སྐད་གཉིས་སློབ་གྲྭ་ཕལ་ཆེ་བར་སྐད་གཉིས་དགེ་རྒན་ཚབས་ཆེར་མི་འདང་བའི་གནས་ཚུལ་ལྷགས་ཡོད།
རྨང་གཞིས་སློབ་གསོའི་སྐད་གཉིས་དགེ་རྒན་གྱི་གླ་ཕོགས་སྤྱི་ཁྱབ་ཀྱིས་དམའ་དྲགས་པ་དང་། བྱ་བ་སྒྲུབ་ཡུལ་ཀྱང་མི་རིགས་གྲངས་ཉུང་གི་ཡུལ་ལུང་ཀྱོག་པོ་དེ་འདྲ་ཡིན་སྟབས། ལས་ཀ་དེ་སྒྲུབ་འདོད་མཁན་མེད། རྒྱུས་ལོན་པ་ལྟར་ན། ༢༠༡༤ ལོར་ཀོང་ཞི་དགེ་འོས་སློབ་ཆེན་གྱིས་ཀྲོང་རྒྱའི་སྐ་གཉིས་ཆེད་ལས་ཀྱི་སློབ་ཕྲུག ༡༠༠ ལ་སློབ་ཡོན་མི་དགོས་པ་དང་། ལས་ཀ་བགོ་བ། ཟས་གོས་གནས་མལ་ཐག་གིས་གཅོད་པ་སོགས་གཟིགས་སྐྱོང་ཆ་རྐྱེན་བཏོན་ཏེ་སློབ་ཆུང་གི་ཀྲོང་རྒྱའི་སྐད་གཉིས་དགེ་རྒན་ཆེད་དམིགས་གསོ་སྐྱོང་བྱེད་རྩིས་བྱས་ཀྱང་། མཐའ་མར་མིང་ཐོ་འགོད་མཁན་སློབ་མ ༦༠ ལས་མ་བྱུང་ངོ་། །
“ད་ལྟ་ང་ཚོར་མི་རིགས་གྲངས་ཉུང་གི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་ཐབས་ཀྱི་སྲིད་ཇུས་དང་ཐབས་བྱུས་གསལ་ལ་གོ་ཆོད་པ་དེ་འདྲ་མེད” མིན་ཡན་ཡོའོ་ཡིས་བརྗོད་གསལ་ལ། མི་རིགས་སྐད་ཡིག་སྲུང་རྒྱུ་དེ་མ་ལག་ཡོད་པ་ཞིག་དང་རྙོག་འཛིང་ཆེ་བ་ཞིག་རེད། དེ་རིག་གནས་ཀྱི་གནད་དོན་ཙམ་མ་ཡིན་པར་མི་རིགས་གྲངས་ཉུང་གི་ཁེ་དབང་དངོས་འབྲེལ་ཁག་ཐེག་ཐུབ་མིན་གྱི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་རེད།
མི་རིགས་གྲངས་ཉུང་ས་ཁུལ་གྱི་སྐད་གཉིས་ལ་ཤུགས་རྒྱག་ཆེད། ཀོང་ཞི་ཡིས ༡༩༩༠ ལོ་ནས་བཟུང་ཀྲོང་སྐད་སློབ་གྲྭར་ཞུགས་པའི་ཚོད་ལྟ་བྱ་ཡུལ་བཙུགས་ཏེ་ད་ཆའི་བར་སློབ་ཆུང ༡༡༢ དང་། སློབ་འབྲིང ༢༧ ། མཐོ་འབྲིང ༣ བཅས་ནས་ཀྲོང་རྒྱ་སྐད་གཉིས་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་ལ། སློབ་མ་ཁྲི ༨ ལ་ཉེ་ཙམ་ཡོད། “སྐད་གཅིག་གིས་མང་དུ་ཕྱིན་ན། འཇིག་རྟེན་ལ་ངོས་འཛིན་ཐབས་གཅིག་ཇེ་མང་དུ་སོང་བ་རེད། ང་ཚོས་མི་རིགས་སྐད་ཡིག་སྲུང་འཛིན་གྱི་གནས་སྟངས་ཡག་ཏུ་གཏང་ཅི་ཐུབ་ཀྱི་རེ་བ་བཅངས་ཡོད”ཅེས་ཧྭང་རོའུ་མིན་གྱིས་སྨྲ།(རྩོམ་འགན་པ། རྟ་མགྲིན)