ཉེ་སྔོན། སློབ་གསོ་པུའུ་ཡིས་ཉེ་བའི་ལོ་གཉིས(༢༠༡༢དང༢༠༡༣)རིང་རྒྱལ་ཡོངས་སུ་ལས་ཞུགས་ཚད་དམའ་བའི་དངོས་གཞིའི་ཆེད་ལས་ཀྱི་མིང་ཐོ་ཕྱིར་བསྒྲགས་ཤིང་། ཁྱོན་བསྡོམས་ཆེད་ལས ༡༥ མིང་གྲས་སུ་ཚུད་འདུག དེ་དག་ལས་ཁ་ཤས་ནི་སྔོན་ཆད་ཅུང་ལེགས་པར་སྣང་པའི་སྐྱེ་དངོས་ཚན་རིག་དང་། ཉོ་ཚོང་དཔལ་འབྱོར། རྒྱང་སྒྲོག་བརྙན་འཕྲིན་འཁྲབ་ཁྲིད། སྒྲ་གཏོང་དང་མདོ་འཛིན་སྒྱུ་རྩལ། འགུལ་རིས་སོགས་ཀྱི་ཆེད་ལས་ལྟ་བུ་རེད།
མིང་ཐོ་འདི་ནི་སློབ་གསོ་པུའུ་མཐོ་རིམ་སློབ་གསོ་སིས་བསྒྲགས་པ་ཡིན་ལ། དེ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་ལས་ཞུགས་ཚད་ཅུང་དམའ་བའི་ཆེད་ལས་ཀྱི་མིང་ཐོ་ཡང་བསྒྲགས་ཡོད་འདུག
དེ་དག་གཤིབ་བསྡུར་བྱས་པར་གཞིགས་ན། ཞིང་ཆེན་སོ་སོའི་ལས་ཞུགས་ཚད་ཅུང་དམའ་བའི་ཆེད་ལས་མིང་ཐོར་ཡང་ཁྱད་པར་ཆེན་པོ་ཡོད་དེ། པེ་ཅིང་དུ་གླུ་དབྱངས་དང་། སྤྱི་ཚོགས་རིག་པ། ཁྲིམས་རིག སྤྱི་བའི་བྱ་བཞག་དོ་དམ། བཀོལ་སྤྱོད་དངོས་ལུགས་རིག་པ། གསར་འགྱུར་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། འཁྲབ་སྟོན། བཟོ་ཚོང་དོ་དམ། དཔལ་འབྱོར་རིག་པ་བཅས་ལ་ལས་ཞུགས་ཁེག་པའི་མིང་ཐོར་བདམས་ཡོད་མོད། ཧྲང་ཧེ་རུ་པེ་ཅིང་དང་ཁྱོན་ནས་མི་འདྲ་སྟེ། དེ་གར་སྨན་རྫས་སྡེབ་སྦྱོར་དང་། དབྱངས་རྩོམ་པ་དང་དབྱངས་རྩོམ་ལག་རྩལ་གཞུང་ལུགས། ལོ་རྒྱུས་རིག་པ། རིག་དངོས་དང་རྟེན་མཛོད་རིག་པ། རྫས་འགྱུར་སྐྱེ་དངོས་རིག་པ། ཚད་ལེན་ལས་གཞི། སློབ་གསོ་རིག་པ་བཅས་བདམས་འདུག
དེ་ཡང་ཀུན་གྱི་དོ་སྣང་ཆེ་བའི་ཆེད་ལས་དང་དོ་སྣང་མེད་པའི་ཆེས་ལས་ཞེས་པ་ནི་ལྟོས་བཅས་ཀྱིས་བཏགས་པ་ཞིག་སྟེ། ཀུན་གྱིས་དོ་སྣང་ཆེ་བའི་ཆེད་ལས་ཆེད་ལས་ནི་འཇོན་མི་དཀོན་པ་དེས་སྤྱི་ཚོགས་འཇོན་མིའི་ཚོང་རར་ཚུར་སྣང་བྱས་པ་རེད། ཚོང་རའི་དཔལ་འབྱོར་འཁོར་རྒྱུགས་ཀྱི་དབང་གིས་གལ་ཏེ་སྤྱི་ཚོགས་སྟེང་གི་ལས་རིགས་གང་ཞིག་ལ་འཇོན་མི་དཀོན་པ་བྱུང་ན། ལས་བསྡུ་སྡེ་ཚན་གྱིས་ཐོན་སྐྱེད་ཚོང་གཉེར་རྒྱུན་ལྡན་ལ་ཁག་ཐེག་བྱ་ཆེད་གླ་ཕོགས་མཐོན་པོ་སྤྲད་ནས་འཇོན་མི་བསྡུ་བས་ན། ཆེད་ལས་གང་གི་ཁྱབ་ཁོངས་ཀྱི་མི་སྣ་སྐད་ཅིག་མར་བྲིན་པར་གྱུར་པ་མ་ཟད། སྣང་ཚུལ་དེས་སློབ་མ་རྣམས་ཀྱིས་ཆེད་ལས་དེ་བདམས་པའི་སེམས་ཤུགས་སྐྱེད་ངེས་པས། ཀུན་གྱིས་དོ་སྣང་ཆེ་བའི་ཆེད་ལས་སུ་གྱུར་པ་དང་། དུས་ཚོད་ངེས་ཅན་འདས་པ་ན། ཆེད་ལས་དེའི་འཇོན་མི་དཀོན་པའི་སྣང་ཚུལ་རིམ་གྱི་ཐག་བཅད་དེ་ཚད་ངེས་ཅན་སྟེང་འཇོན་མི་ལྷག་མ་ཐོན་པས། ཆེད་ལས་དེའང་རིམ་གྱིས་ཕན་མེད་དུ་གྱུར་སྲིད་པ་དང་། མི་རྣམས་ཀྱིས་ཆེད་ལས་དེ་བདམས་འདོད་མེད་པར་སྤྱི་ཚོགས་ལ་དགོ་མཁོ་ཆེ་བའི་ཆེད་ལས་བདམས་པས་ནས། ཀུན་གྱིས་དོ་སྣང་བྱེད་པའི་ཆེད་ལས་གསར་པ་ཐོན་པ་ལྟ་བུའོ། །
ཉེ་བའི་ལོ་གཉིས་རིང་རྒྱལ་ཡོངས་སུ་ལས་ཞུགས་ཚད་ཅུང་དམའ་བའི་དངོས་གཞིའི་ཆེད་ལས་ཀྱི་མིང་ཐོ།
བཟའ་ཆས་འཕྲོད་བསྟེན་དང་ཟས་བཅུད་རིག་པ། སྐྱེ་དངོས་ཚན་རིག ཡུལ་སྐོར་དོ་དམ། སྤྱི་ཚོགས་ལུས་རྩལ་སློབ་སྟོན་དང་དོ་དམ། ཚོང་རའི་གཉེར་ཚོང་། འགུལ་རིས། ཤེས་བྱའི་བདག་དབང་། རླུང་བརྙན་འཕྲིན་གྱི་རྩོམ་སྒྲིག་འཁྲབ་ཁྲིད། འཁྲབ་སྟོན། སྒྱུ་རྩལ་ཇུས་འགོད་རིག་པ། སྒྲ་གཏོང་དང་མདོ་འཛིན་སྒྱུ་རྩལ། རོལ་མོའི་འཁྲབ་སྟོན། གློག་རྡུལ་ཚོང་དོན། ཉོ་ཚོང་དཔལ་འབྱོར། སྤྱི་བའི་བྱ་གཞག་དོ་དམ།
སློབ་གྲོགས་རྣམས་ལ་གསལ་འདེབས་བྱ་རྒྱུར།
གཅིག ད་ཆར་ཀུན་གྱིས་དོ་སྣང་བྱེད་པའི་ཆེད་ལས་དེ་ནམ་ཡང་དེ་ལྟར་ཡིན་མི་སྲིད་ལ། ད་ཆར་དོ་སྣང་མེད་པ་དེའང་ནམ་ཡང་དེ་ལྟར་འགྱུར་མི་སྲིད་པར། དེ་དག་ནི་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་གྱི་འཕེལ་རྒྱས་ལྟར་འགྱུར་ལྡོག་འབྱུང་པ་རེད། གལ་ཏེ་ང་ཚོས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་མ་རྟོགས་པར་ཆེད་ལས་གང་ཞིག་བདམས་པ་ཡིན་ན། ལོ་ངོ་བཞི་ལྔའི་སློབ་ཆེན་མཐར་ཕྱིན་རྗེས། ཆེད་ལས་དེ་ཉིད་ཀྱང་ཚོང་རའི་དཔལ་འབྱོར་ཆ་རྐྱེན་འོག་གི་འཇོན་མིའི་ཁྲོམ་རའི་དགོས་མཁོ་དང་མི་འཚམ་པ་ཞིག་ཏུ་འགྱུར་ཡང་སྲིད།
གཉིས། སློབ་གཉེར་བྱེད་པར་གྲོང་ཁྱེར་ལ་བལྟ་དགོས། གྲོང་ཁྱེར་གྱི་འཕེལ་རྒྱས་དང་མཐོ་རིམ་སློབ་གྲྭའི་ཁ་གྲངས་དང་། སྙན་གྲགས་ཆེ་ཆུང་ནི་གཅིག་ལ་གཅིག་བརྟེན་དུ་ཆགས་ཡོད་པ་དང་། གྲོང་ཁྱེར་གྱི་ས་ཁོངས་དང་། ས་ཁོངས་དགེ་མཚན། རྐང་འཛིན་ཐོན་ལས་ནི་སློབ་ཆེན་རང་གཤིས་དང་། རིག་ཚན་གྲུབ་ཚུལ་ལ་འབྲེལ་བ་དམ་པོ་ཆགས་ཡོད་པ་རེད། ལྷག་པར་དུ་ཁྱེད་རང་སློབ་ཆེན་ཐོན་དུས། གྲོང་ཁྱེར་དེ་གར་ལས་ཀར་ཞུགས་འདོད་ཡོད་ཚེ། ངེས་པར་དུ་གྲོང་ཁྱེར་དེ་གའི་དཔལ་འབྱོར་སྲོལ་རྒྱུན་དང་རྐང་འཛིན་ཐོན་ལས་གང་དག་ཡོད་པ་གསལ་བོར་རྟོགས་དགོས་སོ། །(རྩོམ་འགན་པ། རྟ་མགྲིན)