ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དཔྱད་རྩོམ་བྲིས་ནས་གོ་མིང་རེག་རྒྱུ་ལས་དཔེ་ཁྲིད་གལ་ཆེ་བར་འདོད་མཁན་སློབ་ཆེན་དགེ་རྒན་ལྕེབས།

2015-01-04 གཡུ་ལྕམ།
  དེང་གི་ཆར། སྤྱི་ཚོགས་ཚན་རིག་གླིང་དང་མཐོ་རིམ་སློབ་གླིང་སོགས་ཀྱིས་གཙོ་བྱས་པའི་གཞུང་གི་ལས་ཁུངས་ཁག་ཏུ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ལས་གཞི་འམ་རྒྱལ་ཁབ་ཀྱི་ལས་གཞི་ཞེས་པའི་རིག་གཞུང་ཞིབ་འཇུག་གི་ལས་ཀར་བརྩོན་མཁན་ནི་ཀློང་བརྡོལ་བའི་སྣང་ཚུལ་གང་སར་མཐོང་དུ་ཡོད། དེ་ནི་རྒྱུ་མཚན་ཅི་ཞིག་ལ་རག་ལས་ཤེ་ན། ལས་གཞི་གཅིག་བསྒྲུབ་ཚེ་རོགས་སྐྱོར་མ་དངུལ་སྒོར་ཁྲི ༢༠ ནས ༣༥ འཐོབ་ངེས་པས། དེ་ལ་འབད་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་མཆིས། འོན་ཀྱང་། སློབ་གླིང་ཁག་ལ་ཆ་མཚོན་ན། དེའི་ཐད་དགེ་སྐྱོན་གཉིས་མཆིས་པས་དཔྱོད་ཤེས་ཀྱི་སྒོ་ནས་བརྟག་རྒྱུ་གལ་ཆེ།
  རང་རེའི་མདོ་དབུས་ཁམས་གསུམ་གྱི་སློབ་ཆེན་ཁག་ཏུའང་། ལོ་ངོ་འདི་དག་གི་རིང་སློབ་དཔོན་ཆེན་མོ་རྣམས་ཀྱིས་ལས་གཞིར་འབད་ནས་དཔེ་ཁྲིད་ལ་འཐུས་ཤོར་བྱུང་བ་དང་། སློབ་མའི་སྦྱངས་འབྲས་ཇེ་ཞན་དུ་གྱུར་པའི་ངང་ཚུལ་ཉིད། སྒང་པ་བོད་ཀྱི་གཏམ་དཔེར། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་། ཞེས་པའི་ཟླ་རུ་གྱུར། དེའི་ཕྱིར། སྲོལ་ལམ་ཡག་པོ་ཞིག་གཏན་ལ་ཕབ་ནས་ལེགས་ལམ་དུ་བཀྲི་རྒྱུ་ནི་གནད་ཀྱི་དོན་པོར་སེམས།
  ཉེ་ལམ། ནང་ལོགས་ཀྱི་སློབ་ཆེན་ཞིག་ཏུ་དཔེ་ཁྲིད་ལ་མཁས་ཀྱང་རིག་གཞུང་དཔྱད་འབྲས་ནི་ཕུན་སུམ་ཚོགས་པོ་མེད་པའི་ན་གཞོན་དགེ་རྒན་ཞིག་གིས་རང་སྲོག་བཅད་པའི་དོན་རྐྱེན་བྱུང་བ་གཤམ་གསལ།
  སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་ན་གཞོན་དགེ་རྒན་ཀྲོའུ་ཏིང་གིས་ཟླ ༡༢ པའི་ཚེས ༢༣ ཉིན་གྱི་ནམ་སྨད་དུ་རེན་རེན་དྲྭ་ཚིགས་སུ་རང་མྱོང་ངོ་མའི་ཡི་གེ་ཞེས་པ་བཀྲམ་པའི་ནང་། ང་ཚོའི་སློབ་ཆེན་གྱི་དཔེ་ཁྲིད་སྤུས་ཚད་ཉིན་རེ་ལས་ཇེ་སྡུག་ཏུ་འགྱུར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དགེ་རྒན་གྱི་གོ་མིང་དེ་སོ་སོའི་རིག་གཞུང་དཔྱད་འབྲས་ཁོ་ནར་འབྲེལ་དམ་པོ་ཡོད་པའི་དབང་གིས་རེད། ཅེས་དེང་གི་མཐོ་རིམ་སློབ་གྲྭའི་དགེ་རྒན་དཔྱད་ཞིབ་ལམ་ལུགས་ཐད་ཀྱི་སྐྱོན་མཚང་རྩལ་དུ་བཏོན།
  སློབ་ཆེན་དེའི་དགེ་རྒན་ཀྲོའུ་ཏིང་གི་རང་མྱོང་ངོ་མའི་ཡི་གེ་གང་དེ་མ་ཉིད་དུ་དྲྭ་ལམ་ཁག་ཏུ་གླེང་གཞི་ཚ་ཚ་འུར་འུར་ཞིག་ཏུ་གྱུར་སོང་།
  མཚན་མོ་དེར་ན་གཞོན་དགེ་རྒན་དེས་ན་རེ། དཔྱད་རྩོམ་འབྲི་རྒྱུ་ལས་དཔེ་ཁྲིད་ཡག་པོ་བྱ་རྒྱུ་གལ་ཆེ་བར་འདོད་མཁན་ཞིག་དོ་ནུབ་ཤི་སོང་། ཞེས་ཁ་ཆེམས་ཀྱི་དོད་དུ་བྲིས་ཏེ་རང་སྲོག་བཅད། འདི་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། སློབ་གསོའི་སྡེ་ཡི་གྱོད་གུད་ཆེན་པོ་ཞིག་ཡིན་སྲིད།
  གསར་ལམ་དུ་འཁོད་པ་ལྟར་ན། ཀྲོའུ་ཏིང་ནི་སི་ཁྲོན་སློབ་ཆེན་གྱི་ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཕྱོགས་ཀྱི་འབུམ་རམས་པའི་སློབ་གཉེར་མཐར་ཕྱིན་རྗེས། ཕྱིར་སློབ་གྲྭ་དེ་གར་ད་ལྟ་ལ་ཐུག་གི་བར་ལོ་ངོ་བརྒྱད་རིང་དཔེ་ཁྲིད་བྱས་ཤིང་། ལོ་འདིའི་ནང་ཁོ་ནར་སི་ཁྲོན་སློབ་ཆེན་གྱི་དངོས་ཚན་དཔེ་ཁྲིད་བྱ་དགའ་ཐེངས་གཉིས་ལ་ཐོབ་མྱོང་། སློབ་གྲྭ་དེ་གའི་སློབ་དོན་གཞུང་ལས་ཁང་གི་སྒྲོག་སྤེལ་ཞིག་གི་ནང་། ཁོང་ལ་སློབ་གྲྭའི་སློབ་མ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཞུས་པ་དང་། ཁོང་གི་སློབ་ཚན་འདེམ་སྦྱོང་གི་སློབ་མ་མང་དྲགས་ནས་སློབ་ཁྲིད་བྱ་ཡུལ་དུ་མི་ཤོང་བའི་ཚད་དུ་སོན། ཞེས་གདེང་འཇོག་ཡང་བྱས་མྱོང་།
  བློ་རྩེ་གཅིག་གིས་དཔེ་ཁྲིད་ཡག་པོ་བྱ་འདོད་པའི་དགེ་རྒན་ཀྲོའུ་ཏིང་གིས། སེམས་ཤུགས་རྩལ་སྤྲུགས་ཀྱིས་དཔྱད་རྩོམ་བྲིས་ཏེ་གོ་མིང་རེག་ཐབས་བྱེད་མི་འདོད། ད་ལོར་སློབ་གླིང་གིས་ང་རང་དགེ་རྒན་ཆེན་མོ་གཞོན་པར་གདམ་རྒྱུའི་ཐད་འོས་སྦྱོར་ཤུགས་དྲག་བྱས་མོད། ལས་ཀའི་དུས་ཡུན་དང་སྒྲུབ་ཚད་སོགས་ཀྱི་དབང་གིས་སྔར་བཞིན་དགེ་རྒན་ཆེན་མོ་གཞོན་པར་འདེམ་མ་ཐུབ། ད་རེས་རང་གི་བསམ་ཚོད་ལྟར་གདམ་མ་ཐུབ་ཀྱང་ད་ནི་གསལ་པོར་རྟོགས་སོང་ལ་སྒྲིག་སྲོལ་ལ་ཕྱིར་རྟོག་བྱས་ཏེ་རང་མྱོང་ངོ་མའི་ཡི་གེ་བྲིས་པ་ཡིན། ཞེས་བརྗོད་འདུག
  དྲང་གཏམ་དེ་ཉིད་ལམ་སེང་རེན་རེན་དྲྭ་ཚིགས་དང་སྐད་འཕྲིན་དུ་བརྒྱུད་སྐུར་མང་དུ་བྱས་པར་མ་ཟད། ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་དང་ཕིང་ཕའེ་གསར་འགྱུར་དུ་སྤེལ་ཞིང་། དེའི་རྗེས་སུ་མི་མང་པོའི་པོད་ཕྲན་དུའང་བརྒྱུད་སྤེལ་བྱས་བྱུང་།
  ཚེས ༢༧ གྱི་དགུང་མོའི་ཆུ་ཚོད ༨ པའི་བར་པོད་ཕྲན་གྱི་གླེང་གཞི་སྟེ། སློབ་ཆེན་དགེ་རྒན་ཞིག་གི་རང་མྱོང་ངོ་མ་ཞེས་པ་དེར་ཀློག་ཐེངས་བྱེ་བ་བདུན་ས་ཡ་གསུམ་འབུམ་གཅིག་ཁྲི་གཉིས་ལས་བརྒལ་བ་དང་། བགྲོ་གླེང་བྱེད་མཁན་ཁྲི་བཞི་ལྷག་བྱུང་བར་མ་ཟད། སྐབས་ཤིག་རིང་ཉིན་དེའི་གླེང་གཞི་ཆེ་ཤོས་ཨང་དང་པོར་གྱུར་པ་རེད།
  གནས་ཚུལ་དེ་རླུང་ལྟར་དུ་གྲགས་ཏེ་ཁྱབ་པ་དེའི་ཐོག་ནས་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མའི་ཁྱབ་ཁོངས་ལས་བརྒལ་བ་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱི་དམངས་བྱིངས་ཀྱིས་དོ་ཁུར་བྱེད་ཡུལ་དུ་གྱུར་པ་རེད། དོན་དམ་པར་གླེང་གཞི་འདི་ལྟ་བུའི་རིགས་ནི་ད་ལོར་དྲྭ་ངོས་སུ་ཐོག་མར་བྱུང་བ་ཞིག་མིན། དཔེར་ན། ཟླ ༧ པར་སློབ་བུའི་ཚོགས་ཀྱིས་མོས་གུས་ཆེན་པོ་བྱེད་པའི་ཆིང་ཧྭ་སློབ་ཆེན་ཕྱི་ཡིག་སྡེ་ཁག་གི་འཆད་ཁྲིད་དགེ་རྒན་ཧྥང་ཡན་ཧྭ་ལ་ལོ་དགུའི་རིང་གོ་མིང་མ་རེག་པའི་དབང་གིས་ལས་གནས་ནས་སྤྱུགས། དེ་ལ་བརྟེན་ནས་མཐོ་སློབ་དགེ་རྒན་གྱི་དཔེ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་འབྲེལ་བ་ཞེས་པའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱས་པ་ལྟ་བུ་རེད།
  བགྲོ་གླེང་སྣ་ཚོགས་དང་མནོ་བསམ་གཏོང་ཡུལ་ནི་ཀྲུང་གོའི་སློབ་ཆེན་གྱི་ད་ལྟའི་གོང་འོག་ཀུན་གྱི་སྲིད་འཛིན་དོ་དམ་གྱི་སྐོར་རེད། དེར་མ་ཟད་ཐག་གཅོད་ཇུས་གཞི་དེ་ཕལ་ཆེ་བ་དགེ་རྒན་སོ་སོའི་དགའ་སྣང་དང་། འཇོན་ཐང་། གདམ་ག་བཅས་ལ་བརྩི་འཇོག་བྱེད་དགོས་པར་མ་ཟད། སློབ་གྲྭའི་སྲོལ་རྒྱུན་དང་སྟོབས་ཤུགས་གཞིར་བཟུང་ནས་རིགས་དབྱེ་ལྟར་གང་འཚམ་དེ་སྒྲུབ་བྱེད་དགོས་པ་ལ་རག་ལས། མཚོན་བྱེད་དུ་རུང་བའི་དཔྱད་གཏམ་ནི་གཤམ་གསལ་ཏེ།
  རིག་གཞུང་ཞིབ་འཇུག་དང་དཔྱད་རྩོམ་ལ་གཙིགས་ཆེན་དང་དཔེ་ཁྲིད་འཆད་ཉན་ལ་སྣང་ཆུང་བགྱི་བ་ནི་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོའི་ཅུང་ཟད་དར་རྒྱས་ཆེ་བའི་ཡུལ་ལུང་དུ་གཅིག་མཚུངས་ཡིན་མོད། ཚད་རིམ་མི་འདྲ་བ་ཙམ་དུ་ཟད།
  ཀྲུང་གོའི་གནད་དོན་ནི་ཏག་ཏག་འདི་ལ་རག་ལས་ཏེ། ལོ་རབས ༩༠ པའི་མཇུག་ནས་བཟུང་མཐོ་རིམ་སློབ་གསོ་སྤེལ་བའི་ཚ་ཚ་འུར་འུར་གྱི་ཁྲོད་དུ། སློབ་ཆེན་གྱི་བྱེད་ལས་དང་གནས་བབ་གཅིག་མཚུངས་སུ་གྱུར། དེ་ལྟར་སློབ་ཆེན་ཀུན་གྱིས་སྣ་འཛོམས་རང་བཞིན་ཅན་གྱི་སློབ་ཆེན་གྱི་དཔེ་ལུགས་ལྟར་གཉེར་ཏེ་ཐོན་སྐྱེད་ནུས་ཤུགས་ཀྱི་དམིགས་ཚད་ལ་དོ་གལ་ཆེན་པོ་བྱས་ཁར་སྲིད་གཞུང་གི་བློ་གྲོས་ཀྱི་གན་མཛོད་དུ་འགྱུར་བར་བརྩོན་པ་དང་། རྒྱལ་ཁབ་ཀྱིས་སྟངས་འཛིན་བྱེད་པའི་ཞིབ་འཇུག་གྲོན་དངུལ་འབོར་ཆེན་གྱི་ཁྲོད་ནས་རང་ལ་ཁེ་སྤོགས་ཐོབ་པར་དོན་གཉེར་བྱེད་ཅིང་གཞན་གྱི་རྗེས་སུ་ལུས་པར་རེ་དོགས་ཀྱང་ཆེ་བ་རེད། གནས་ཚུལ་དེ་ལྟ་བུའི་དབང་གིས་དཔེ་ཁྲིད་ཐད་རྩེ་གཅིག་ཏུ་གཞོལ་བའི་སློབ་ཆེན་ནམ་ཡང་ན་སློབ་གསོའི་སྡེ་ཚན་ལ་འཚོ་གནས་ཀྱི་ཡུལ་ཁམས་མེད་པར་གྱུར། དཔེ་ཁྲིད་ཀྱི་བགྱི་བ་ལྷུར་ལེན་པའི་དགེ་རྒན་ཚོས་ཀྱང་འཚོ་བ་གུ་ཡངས་ཤིག་སྐྱེལ་དཀའ་བ་རེད། འདི་ནི་ཡིད་སྐྱོ་དགོས་པའི་གནས་ཤིག་ཅིར་མ་ཡིན།
  སློབ་གྲྭས་དཔྱད་ཞིབ་ལམ་སྲོལ་ཇེ་ལེགས་སུ་བཏང་ནས་རིག་གཞུང་ཞིབ་འཇུག་གི་ཤེས་ལྡན་དག་ལ་སློབ་ཁྲིད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས་པ་དང་། དཔེ་ཁྲིད་བྱེད་མཁས་པར་མ་ཟད་བསླབ་ཚན་གྱི་འགན་ཅུང་ལྕི་བའི་དགེ་རྒན་རྣམས་ལ་རིག་གཞུང་ཞིབ་འཇུག་གི་དཔྱད་ཞིབ་ཚད་གཞི་ཇེ་དམའ་རུ་གཏོང་དགོས། གསལ་པོར་བཤད་ན། ཤེས་ལྡན་རིག་མི་འདྲ་བར་གཞིགས་ཏེ་སྲོལ་གཉིས་ལམ་ལུགས་ཀྱི་དཔྱད་ཞིབ་ལག་བསྟར་བྱེད་འོས་ཞེས་བརྗོད་པ་སོགས་ལྟ་བུ་རེད།
  ཚ་ཚ་འུར་འུར་གྱི་གླེང་ཕྱོགས་ལ་བརྟེན་ནས་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད་པ་རེད།
  སི་ཁྲོན་སློབ་ཆེན་གྱིས་ཚེས ༢༤ ཆུ་ཚོད ༢༣ དང་སྐར་མ ༥༥ སྟེང་གཞུང་ཕྱོགས་ཀྱི་པོད་ཕྲན་དུ། རང་མྱོང་ངོ་མའི་ཡི་གེ་དེ་དང་བརྒྱུད་ལམ་སྣ་ཚོགས་ཀྱི་བསམ་ཚུལ་ལ་དོ་སྣང་བྱུང་ཞེས་བརྗོད་པ་དང་། ཀྲོའུ་ཏིང་ལ་ད་ལོར་དགེ་རྒན་ཆེན་མོ་གཞོན་པར་གདམ་རྒྱུའི་རེ་ཞུའི་ཆ་རྐྱེན་ལོངས་མེད་ཚུལ་སྐོར་ཡང་བསྒྲགས་ཏེ་ལན་བརྒྱབ་པ་རེད།
  སྤྱིར་དེ་སྔོན་ཀྲོའུ་ཏིང་གིས་རང་ཉིད་ཀྱིས་སྤྱི་འདེམ་སློབ་ཚན་གྱི་དཔེ་ཁྲིད་བྱ་རྒྱུ་མིན་ཚུལ་བསྒྲགས་ནའང་ཚེས ༢༥ ཉིན་སློབ་བུའི་ཚོགས་ཀྱི་དགའ་བསུ་ལ་བརྟེན་ནས་སེམས་གཡོས་ཏེ་མུ་མཐུད་དཔེ་ཁྲིད་བྱ་རྒྱུར་མ་ཟད། དཔེ་ཁྲིད་སྔར་བས་ཡག་པོ་བྱ་རྒྱུ་ཡིན་ཞེས་སླར་ཡང་བརྗོད་མྱོང་།
  ཚེས ༢༦ གི་ཆུ་ཚོད ༡༧ དང་སྐར་མ ༡༥ ཐོག་སི་ཁྲོན་སློབ་ཆེན་གྱིས་གཞུང་ཕྱོགས་ཀྱི་དྲྭ་ཚིགས་སུ་བསྐྱར་དུ་སྤྱི་བསྒྲགས་སྤེལ་ནས་དཔེ་ཁྲིད་ཁྱད་འཕགས་ཀྱི་བྱ་དགའ་ཞེས་པ་བཙུགས་པ་དང་། དངོས་ཚན་གྱི་དཔེ་ཁྲིད་ལས་གནས་ཀྱི་དགེ་རྒན་ལ་བྱ་དགའ་སྤྲོད་རྒྱུར་མ་ཟད་བྱ་དགའི་དངུལ་མཐོ་ཤོས་ས་ཡ་གཅིག་ཡིན། འོས་མིའི་ཐད་དགེ་རྒན་རང་ཉིད་ཀྱིས་འོས་སྦྱོར་དང་། སློབ་མའམ་དགེ་རྒན་གྱིས་མིང་རྟགས་མཉམ་འགོད་ངང་འོས་སྦྱོར། སློབ་གླིང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་འོས་སྦྱོར་སོགས་བྱེད་ཆོག་པ་དང་། རྒྱུ་ཆ་ཡར་སྤྲོད་ཀྱི་དུས་ཚད་ནི ༢༠༡༤ ལོའི་ཟླ ༡༢ ཚེས ༣༡ ཉིན་བར་རེད། ཅེས་འཁོད་འདུག
  སྒང་པ་བོད་ཀྱི་གཏམ་དཔེར། བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ། ཞེས་པ་ལྟར། མདོར་དྲིལ་ན། དགེ་རྒན་ཀྲོའུ་ཏིང་གི་རང་སྲོག་བཅད་པའི་དོན་རྐྱེན་ལས་ད་ལྟའི་མཐོ་སློབ་ཀྱི་སྲོལ་གཉིས་ལམ་ལུགས་ཐད་འགྱུར་བ་ཅི་ཞིག་བྱུང་ངམ་ཞེ་ན། གཅིག་བྱས་ན་ཀྲོའུ་ཏིང་རང་ཉིད་ཀྱིས། ང་སྒེར་གྱིས་བཤད་པ་དག་ལ་དྲྭ་ཐོག་ཏུ་མི་འདི་འདྲ་མང་པོའི་རྒྱབ་སྐྱོར་ཐོབ་པ་འདིས་ཀྱང་འགྱུར་བ་གཏོང་ཐུབ་པའི་ངེས་པ་མེད་ལ་འགྱུར་བ་ལམ་སེང་འབྱུང་བའི་ངེས་པ་ཡང་མེད། ང་ཚོས་སྒྲུབ་ནུས་པ་ནི་ལེགས་བཅོས་ཐད་མ་མཐར་ཡང་སྐུལ་མ་གཏོང་ཐུབ་པ་དེ་རེད།
  ང་ཚོ་སྐྱེ་བོ་སོ་སོས་རྐང་རྗེ་ཐར་ཐོར་རེ་ཕབ་ནས་སོང་ཚེ། དུས་ཚོད་ཀྱི་འགྲོས་དང་བསྟུན་ཏེ་ལམ་བུ་ཞིག་རིམ་གྱིས་བཏོད་ཐུབ་ངེས་རེད། ཅེས་བརྗོད་པ་ལྟར་དུ་འགྱུར་ཡང་སྲིད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག