ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཧ་ཝར་ཌི་སློབ་ཆེན་གྱི་འབུམ་རམས་པ་ཞིག་རབ་ཏུ་བྱུང་བའི་གཏམ་རྒྱུད།

2014-12-29 དཔལ་མགོན་སྐྱབས།

  འབུམ་རམས་པའི་ལོ་གསུམ་མཇུག་རྫོགས་པའི་རྗེས་སུ། ངས་མཐར་ཕྱིན་དཔྱད་རྩོམ་འབྲི་རྒྱུར་གྲ་སྒྲིག་བྱས། སྐབས་དེར་དཔེ་ཆ་དང་དཔྱད་རྩོམ་མང་པོ་ཞིག་ལྟ་ཀློག་བྱས་ནའང་། དྲི་བ་གཅིག་དུས་ནམ་ཡང་ངའི་སེམས་ནང་དུ་ཡང་ཡང་འཁོར་བཞིན་འདུག་པས། དྲི་བ་དེར་ལན་གཅིག་རྙེད་ན་འདོད་པའི་འདུན་པ་དྲག་པོ་སྐྱེས། དེ་ནི་མིའི་རིགས་ཀྱི་སེམས་ནང་གི་བརྩེ་བ་དང་རེ་བ་ཇི་ལྟར་གསོ་སྐྱོང་བྱེད་དགོས་པ་དེ་ཡིན། ངས་མཛུབ་སྟོན་དགེ་རྒན་ལ་དྲི་བ་དེ་དྲིས་པ་ཡིན། མཛུབ་སྟོན་དགེ་རྒན་ནི་ཨ་རིར་མིང་གྲགས་ཆེ་བའི་ཤེས་ཡོན་པ་ཞིག་ཡིན། ཁོ་རང་ངོ་མི་ཤེས་བ་གཅིག་ཀྱང་མེད། འོན་ཀྱང་འདི་ནས་ཁོའི་མིང་འདོན་མི་འདོད། དེའི་རྒྱུ་མཚན་ནི་གཤམ་དུ་བརྗོད་དོན་པ་དག་ནི་ཁོང་གི་ལྟ་བ་དང་རྒྱབ་འགར་ཡིན་པ་རེད། མཛུབ་སྟོན་དགེ་རྒན་ལ་དྲི་བ་དེ་དྲིས་རྗེས་ཁོ་རང་ཁོང་ཁྲོ་ཆེན་པོ་སྐྱེས་བཞིན། “དེ་ནི་ཆེས་གླེན་རྟགས་ཆེ་བའི་དྲི་བ་ཞིག་རེད། ཁྱོད་ཀྱི་ཀླད་པའི་ནང་དུ་ཅི་ཞིག་འཁོར་ཡོད་པ་རེད། ང་ཚོས་ཁྱེད་རང་ལོ་གསུམ་རིང་དུ་གསོ་སྐྱོང་བྱེད་དོན་ནི། ཁྱོད་རང་མིང་གྲགས་ཆེ་བའི་ཚན་རྩལ་ཞིབ་འཇུག་མི་སྣ་ཞིག་ཏུ་འགྱུར་ཐུབ་པར་རེ་བཞག་བྱས་པ་ཡིན། མ་བསམ་ས་ནས་ལོ་གསུམ་རིང་དུ་སློབ་གསོ་བྱས་པ་ཡིས་མཇུག་མཐར་ཁྱེད་རང་དེ་འདྲ་ཞིག་ཏུ་བསྒྱུར་འདུག བརྩེ་སེམས་དང་རེ་བ་ནི་ཁྱོད་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་རེད་དམ། དེ་ནི་ཆོས་ལུགས་དད་ལྡན་པ་ཚོས་དོན་དག་ཞིག་ཡིན་པ་ལས། ང་ཚོ་ཤེས་ཡོན་པ་ཚོས་དོ་སྣང་བྱ་དགོས་པའི་གནད་དོན་ཞིག་མ་རེད”ཅེས་བཤད།
  སློབ་མཐར་བདེ་བླག་ངང་ཕྱིན་ཐུབ་པའི་ཆེད་དུ། ཁོ་མོ་ལ་ཁ་ལན་མ་སློག ཕྱི་དངོས་ནས་ཁོ་མོའི་མཛུབ་སྟོན་དང་བསྟུན་ནས་མཐར་ཕྱིན་དཔྱད་རྩོམ་བྲིས་པ་ཡིན། འོན་ཀྱང་སེམས་ནང་དུ་ཁོ་མོའི་ལྟ་བ་ལ་རྩ་བ་ནས་འཐད་པ་མེད་ལ། དྲི་བ་དེར་བསམ་བློ་གཏོང་རྒྱུ་མཚམས་མ་བཞག དེའི་རྗེས་སུ་ང་རང་ས་ཆ་མི་གཅིག་པ་དང་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་རྒྱལ་ཁབ་མང་པོར་ཡུལ་སྐོར་དུ་ཕྱིན།
  དྲི་བ་དེར་བསམ་བློ་གཏོང་བཞིན་ཐེངས་དང་པོར་རྒྱ་གར་གྱི་ལ་དྭགས་སུ་སོང་བ་ཡིན། གནས་དེ་ནི་ཧི་མ་ལ་ཡའི་ས་ཁུལ་དུ་གཏོགས་པ་དང་། ཡུལ་དེར་གཞན་གྱིས་ཤུགས་རྐྱེན་ཅི་ཡང་མ་ཐེབས་པའི་བོད་བརྒྱུད་རིག་གནས་སོར་འཇོག་བྱས་འདུག དྲི་བཟང་བོད་སྤོས་དང་ངོ་མཚར་བའི་ཐང་ག ད་དུང་ལྐོག་གྱུར་གྱི་ཆོས་ལུགས་ཆོ་ག་སོགས་ཀྱིས་ངའི་ཡིད་དབང་བཀུག དགོན་པའི་འདུ་ཁང་དཀྱིལ་དབུས་སུ་བསྡད་ནས་ལྷ་ཡི་ཞལ་རེས་ལ་མཇལ་ཞིང་བོད་སྤོས་ཀྱི་དྲི་བཟང་མྱོང་བའི་སྐབས་སུ། ང་རང་སྔོན་ཆད་གནས་འདིར་ཡོང་མྱོང་བའི་ཚོར་བ་དྲག་པོ་ཞིག་སྟེར། དགེ་འདུན་པ་ཚོས་ཀློག་བཞིན་པའི་ཆོས་གཞུང་དེ་དག་དང་ངོ་མཚར་ཆེ་བའི་ཆོས་ལུགས་ཆོ་ག་དེ་དག་མཐོང་དུས་ཀྱང་། སྔོན་ཆད་དེའི་ཁྲོད་དུ་ཞུགས་མྱོང་བ་དང་དེ་དག་སློབ་སྦྱོང་བྱེད་མྱོང་བའི་ཚོར་བ་སྟེར། ད་ལྟ་ཕྱིར་འདང་རྒྱབ་ན། ང་རང་ལ་ཆོས་སྐལ་ཐོབ་པའི་ལས་དབང་དེ་ནི་དུས་སྐབས་དེར་ལ་དྭགས་ནས་འགོ་བརྩམས་ཡོད་པ་འདྲ། གནས་དེ་ནས་ངས་སེམས་ནང་དུ་བཅངས་བའི་དྲི་བ་དེ་ལ་ལན་ཞིག་རྙེད་ངེས་རེད་བསམ་བྱུང་།
  ལ་དྭགས་ནས་ཕྱིར་ཨ་རི་ལ་ལོག་རྗེས། སྐལ་བ་ཡག་པས་མཁན་པོ་སྐལ་བཟང་རྒྱལ་མཚན་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ལ་མཇལ་ཐུབ་པ་བྱུང་། དུས་དེ་ནས་བཟུང་ཆོས་ལུགས་ལ་སློབ་སྦྱོང་བྱེད་མཚམས་བཞག་མ་མྱོང་། སློབ་གསོ་སྡེ་ཁག་ནས་ལོ་བཅོ་ལྔའི་རིང་དུ་ལས་ཀ་བསྒྲུབས། ཉིན་ལྟར་ལས་འགོ་མ་བརྩམ་སྔོན་ལ། ཉིན་གཅིག་གི་ལས་ཀ་ཡིས་ངེས་པར་དུ་འགྲོ་བ་ཡོངས་ལ་ཕན་ཐོགས་པར་བྱེད་དགོས་ཞེས་རང་ཉིད་ལ་དྲན་སྐུལ་བྱས་པ་ཡིན། བསམ་བློ་དེ་འདྲ་ཞིག་བཅངས་ནས་འབད་བརྩོན་གྱིས་ལས་དོན་སྒྲུབ་པའི་ཞོར་དུ་ཆོས་ལུགས་ལ་སློབ་སྦྱོང་རྒྱུན་འཁྱོངས་བྱས་པ་ཡིན།
  རང་ཉིད་ཀྱི་མེས་རྒྱལ་ལ་སྲི་ཞུ་སྒྲུབ་པ་ནི་གཟི་བརྗིད་ཀྱི་ལས་ཀ་ཞིག་དང་ཆོས་ལུགས་དད་ལྡན་པ་ཞིག་གིས་སྒྲུབ་དགོས་པའི་བྱ་གཞག་ཅིག་ཡིན་མོད་ཀྱང་། དུས་ཚོད་རིམ་གྱིས་ཡུན་རིང་འགོར་རྗེས། རིམ་བཞིན་རང་ཉིད་ཀྱིས་སྒྲུབ་པའི་ལས་དོན་དེར་རིན་ཐང་ག་འདྲ་འདུག་པར་བསམ་བློ་གཏོང་དགོས་བྱུང་། ཆོས་ལུགས་ཀྱི་ལས་ཀ་དང་བསྡུར་ན་སྲིད་གཞུང་གི་ལས་ཀ་ནི་ཆེས་ཐོག་མར་སྤྱི་དམངས་ལ་རོགས་བྱེད་པའི་ཆེད་ཡིན་ནའང་། བར་སྐབས་ཞིག་ཏུ་སླེབས་དུས་བསམ་ཚུལ་དེ་ཇེ་ཞན་ཏུ་གྱུར། མཇུག་མཐར་སྤྱི་དམངས་ལ་ཕན་ཐོགས་ཡོད་མེད་ཀྱང་བཤད་ཁག་པོ་རེད།
  ལས་བྱེད་དཔོན་པོ་ཚོས་རྒྱུན་དུ་སྲིད་ཇུས་ཁག་ཅིག་ལག་བསྟར་བྱས་རྗེས་ཁ་ཕྱོགས་བོར་ནས། རིམ་བཞིན་དལ་བུར་རང་ཉིད་ཀྱིས་ཆེས་ཐོག་མར་མང་ཚོགས་ལ་ཁེ་ཕན་སྒྲུབ་པའི་བསམ་ཚུལ་དེའང་བརྗེད་འགྲོ་བ་རེད། འོན་ཀྱང་ནང་ཆོས་ནི་དེ་དང་མ་འདྲ་བར། ཕྱོགས་གང་ནས་འགོ་བརྩམས་ཀྱང་། དུས་ནམ་ཡིན་ཡང་དམིགས་ཡུལ་གཅིག་རྐྱང་ལས་མེད་ལ། དེ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་པ་དང་། མཇུག་འབྲས་ཀྱང་གཅིག་ལས་མེད་པ་ནི་འགྲོ་བ་སེམས་ཅན་ལ་ཁེ་ཕན་རེག་ཐུབ་པ་དེ་རེད། དེའི་སྟབས་ཀྱིས་ངས་སྤོབས་སེམས་ཆེན་པོས་ངང་རང་ཉིད་ཀྱི་ལས་ཀ་དོར་ནས་རབ་ཏུ་བྱུང་བ་ཡིན།
  རང་ཉིད་ཀྱི་གདམ་ཀ་དེ་ལ་རྩ་བ་ནས་འགྱོད་སེམས་སྐྱེས་མ་མྱོང་། དེ་ལས་ལྡོག་ཏེ་ནང་ཆོས་ལ་སྒྲུབ་སྦྱོང་བྱས་པ་ཡིས་རང་ཉིད་ཀྱི་འགྲོད་ལམ་སྔར་ལས་ཇེ་བརྟན་དུ་གྱུར། ངས་བསམ་ན་ནང་ཆོས་ལ་ཐུན་མིན་གྱི་ཁྱད་ཆོས་ཆེན་པོ་གསུམ་ལྡན་པར་འདོད་དེ། དམིགས་ཡུལ་ཁྱད་པར་ཅན་ཞིག་དང་ཐབས་ལམ་ཁྱད་པར་བ་ཞིག སྤུན་གྲོགས་ཁྱད་པར་བ་ཞིག་བཅས་གསུམ་ཡོད་པ་རེད།
  ནང་ཆོས་ཀྱི་ཁྱད་པར་ཆེན་པོ་གསུམ་པོ་ཤེས་རྗེས། ངས་རང་ཉིད་ཀྱི་མི་ཚེ་འདི་བྱ་དངོས་གཞན་གྱི་ཆེད་དུ་འཕྲོ་བརླག་མི་གཏོང་བར། ལུས་ངག་ཡིད་གསུམ་གྱིས་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱ་རྒྱུ་ནི་བགྲོད་ལམ་ཡང་དག་པ་ཞིག་ཡིན་པ་འདོད་བྱུང་། དེའི་ཐད་ལ་ང་རང་་ལ་དོགས་སེམས་གཅིག་ཀྱང་མེད།དེ་བས་ང་རང་ཉིན་ལྟར་དགའ་སྤྲོ་ཆེན་པོའི་ངང་ཡང་དག་པའི་བགྲོད་ལམ་དུ་སྐྱོད་བཞིན་ཡོད།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག