ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

རང་རྒྱལ་གྱིས་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་སྒྱུར་བཅོས་ཇེ་ཟབ་ཏུ་གཏང་རྒྱུ་རེད།

2014-12-26
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ 12 ཚེས 22 ཉིན་གློག་འཕྲིན་འབྱོར་གསལ། ཚེས 22 ཉིན་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཏུའུ་ཀྲན་ཡོན་གྱིས་སླད་ཕྱིན་རང་རྒྱལ་གྱིས་བྱེད་ཐབས་མང་པོར་བརྟེན་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་དེའི་ནང་ཚན་རིག་དང་མཐུན་པའི་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་ལྟ་བ་ཆགས་པར་བྱེད་པ་དང་། སོ་སོའི་ཁྱད་ཆོས་ལྡན་པ་དང་སྔར་བས་བབ་བསྟུན་གྱི་ཞིབ་འཇུག་སློབ་མའི་གསོ་སྐྱོང་བྱེད་སྟངས་མགྱོགས་མྱུར་ཆགས་པ། སློབ་དཔོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། གསོ་སྐྱོང་ཚན་པ་ནང་ཁུལ་གྱི་སྤུས་ཚད་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།
  ཏུའུ་ཀྲན་ཡོན་གྱིས་དེང་སྐབས་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་སྒྱུར་བཅོས་ཟབ་ཏུ་གཏོང་བར་ལྷག་དོན་དུ་གཤམ་གྱི་ཕྱོགས་འགའི་ཐད་ཤུགས་སྣོན་རྒྱག་དགོས་པ་སྟེ།
  གཅིག་ནི་ཚན་རིག་དང་མཐུན་པའི་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་ལྟ་བ་ཆགས་པ་བྱེད་དགོས་པ་ལས་དཔྱད་རྩོམ་ཁ་ཤས་ཀྱི་སྤུས་ཚད་དམ་གྲངས་འབོར་དང་རྒྱུགས་འབྲས་ཙམ་དེ་ཞིབ་འཇུག་སློབ་མའི་སྤུས་ཚད་ཀྱི་གཙོ་བོར་བརྩི་མི་རུང་། དེ་ལྟར་བྱས་ཚེ་ཞིབ་འཇུག་སློབ་མའི་སྤུས་ཚད་དེ་ཕྱོགས་ལྷུང་ཅན་དུ་འགྱུར་ངེས་རེད། གཉིས་ནི་སོ་སོའི་ཁྱད་ཆོས་ལྡན་པ་དང་སྔར་བས་བབ་བསྟུན་གྱི་ཞིབ་འཇུག་སློབ་མའི་གསོ་སྐྱོང་བྱེད་སྟངས་མགྱོགས་མྱུར་ཆགས་པ་བྱེད་དགོས་ཤིང་། རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་ལ་སྒྱུར་བཅོས་གཏོང་བ་དང་། གསོ་སྐྱོང་བྱེད་སྟངས་ཀྱི་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་རྒྱུར་མཐུད་འབྲེལ་ནུས་ལྡན་བྱས་ནས་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་དང་གསོ་སྐྱོང་བྱེད་སྟངས་དེ་མཐུད་འབྲེལ་ནུས་ལྡན་བྱེད་དགོས། གསུམ་ནི་སློབ་དཔོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ཚན་ཞིབ་དེ་གདེང་འཇོག་བྱ་གཞིར་བརྩི་བའི་སློབ་དཔོན་ལམ་སྲོལ་རྐྱང་པ་དེ་བསྒྱུར་ནས་རིག་གཞུང་དང་སྤེལ་རེས་ཀྱི་འཚམས་འདྲི་སློབ་སྦྱོང་ལ་རྒྱབ་སྐྱོར་བྱེད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གཞུང་སྤེལ་རེས་དེ་སྟོབས་ཆེན་དང་། ཏན་ཏིག ལེགས་པོ་བཅས་ཡོང་བ་བྱེད་དགོས། བཞི་ནི་གསོ་སྐྱོང་ཚན་པ་ནང་ཁུལ་གྱི་སྤུས་ཚད་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གསོ་སྐྱོང་ཚན་པའི་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དུས་བཀག་ཐོག་ཤེས་ལྡན་པའི་གསོ་སྐྱོང་དེ་གཙོ་བོ་བྱེད་པའི་རང་ངོས་དཔྱད་དཔོག་གི་གདེང་འཇོག་བྱེད་པ།སྤུས་ཚད་མཉམ་འབྲེལ་སྙན་ཞུའི་ལམ་ལུགས་དང་སྤུས་ཚད་རྩད་གཅོད་ཕྱིར་ལྡོག་ལམ་སྲོལ་འཛུགས་སྐྱོང་བཅས་བྱེད་དགོས།
  ལྔ་ནི་ཕྱི་རོལ་ནས་སྤུས་ཚད་ལ་གདེང་འཇོག་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གི་འགན་ནུས་སྔར་བས་བསྒྱུར་ནས་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོའི་སྤུས་ཚད་དང་མཐུད་འབྲེལ་ནུས་ལྡན་བྱེད་པའི་ལས་རྗེས་དངུལ་སྤྲོད་ལམ་ལུགས་བཟོ་བ། སློབ་གནས་དབང་སྤྲོད་ཀྱི་དཔྱད་དཔོག་ལམ་ལུགས་དང་ཕྱིར་འཐེན་ལམ་སྲོལ་དང་ཕྱོགས་གསུམ་པ་གསོ་སྐྱོང་གི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
  དྲུག་ནི་ཞིབ་འཇུག་སློབ་མའི་སློབ་གསོ་དེ་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཆུ་ཚད་མཐོ་བའི་དགེ་རྒན་གྱི་ཡོང་ཁུངས་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་། ཆུ་ཚད་མཐོ་བའི་སློབ་གྲྭ་ཆེ་མོར་མཉམ་འབྲེལ་སློབ་གནས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ། རིག་གནས་སྣ་མང་སྤེལ་རེས་ཀྱི་གསོ་སྐྱོང་གཙོ་གནད་སྐྲུན་པ་བཅས་བྱེད་དགོས།
  བདུན་ནི་ཁྲིམས་ལུགས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་གྱི་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་དང་། ས་གནས། གསོ་སྐྱོང་ཚན་པ་བཅས་ཀྱི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱེད་པ། རྒྱལ་ཁབ་དང་ས་གནས་ཀྱི་དོ་དམ་སྡེ་ཚན་གྱི་དོན་དག་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྡོམ་འགན་ནུས་ཆེ་རུ་གཏོང་བ། སློབ་ཚོགས་ཀྱི་རྩོད་གཞི་སོགས་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཤད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག