ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན“མོ་དར་ཕོ་རྒུད”དུ་གྱུར། རྨང་གཞིའི་སློབ་གསོ་མོ་གཤིས་ཅན་དུ་ཕྱོཊ་ཚབས་ཆེ།

2015-02-03 ཟླ་བ།
  ཤིན་ཧྭ་དྲ་བས་ཟླ ༢ པའི་ཚེས ༢ ཉིན་ཅི་ནན་ནས་བཏང་བའི་གློག་འཕྲིན། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཕོ་མོའི་བསྡུར་ཚད་མི་མཉམ་པ་ཚབས་ཆེ་བ་དེ་ཀྲུང་གོ་ཤར་རྒྱུད་ཀྱི་ཞིང་ཆེན་ཏེ་ཧྲན་ཏུང་ཞིང་ཆེན་གྱི་ད་ལོའི་ཚོགས་ཆེན་གཉིས་སྐབས་ཀྱི་གླེང་གཞི་ཚ་གྲས་གཅིག་ཆགས་ཡོད་པ་དང་། འཐུས་མི་ཁ་ཅིག་གིས་སློབ་གསོའི་དཔུང་སྡེ“མོ་དར་ཕོ་རྒུད”དུ་འགྲོ་བཞིན་པ་འདིས་བསྐྱངས་པའི་སློབ་ཕྲུག་བུ་རྣམས་ཀྱང་སྐྱེས་པ་ཕོ་ཞིག་དང་མི་འདྲ་ལ། མིག་རྒྱང་རིང་པོར་བསམ་བློ་བཏང་བ་ཡིན་ན་མི་རིགས་ཀྱི་མ་འོངས་པར་ཡང་ཤུགས་རྐྱེན་ཐེབས་ངེས་པའི་སྐོར་ལ་སེམས་ཁྲལ་གནང་གི་འདུག
   ཧྲན་ཏུང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཏི་ཀྲོའུ་སློབ་འབྲིང་ལྔ་པའི་སློབ་སྤྱི་དབྱང་ཡི་ཧྭ་ཡིས་བརྗོད་དོན་ལ། ཁོ་ཚོའི་སློབ་གྲྭ་དེར་དགེ་རྒན ༣༧༠ ཡོད་ཅིང་དགེ་རྒན་བུ་དྲུག་ཅུ་བདུན་ཅུ་ཙམ་ལས་མེད་པ་རེད། མང་པོ་མེད་པའི་དགེ་རྒན་བུ་དེ་དག་ཀྱང་ཕལ་ཆེ་བ་ལོ་ན ༤༠ ཡན་ཡིན། ན་ལོ་ཏི་ཀྲོའུ་སློབ་འབྲིང་ལྔ་བས་དགེ་རྒན་གསར་པ ༨ བསྡུས་པ་རུ་སྐྱེས་པ་གཅིག་ཀྱང་ཡོད་མི་འདུག
   སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཕོ་མོའི་བསྡུར་ཚད་དོ་མཉམ་པ་དེ་སློབ་གྲྭ་རེ་གཉིས་ལ་དམིགས་བསལ་གྱིས་ཡོད་པ་མིན། ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་གྲོང་གསེབ་སློབ་ཆུང་ཞིག་ལ་ཁྱོན་དགེ་བཟོ་བ ༢༤ ཡོད་པ་ལས། སློབ་སྤྱི་མ་གཏོགས་སྐྱེས་པ་གཅིག་ཀྱང་མེད་པ་རེད། ཡང་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ལ། དགེ་རྒན ༡༡༨ ཡོད་པའི་ནང་དུ་དགེ་རྒན་བུ ༡༥ ལས་མེད། ཕྲུ་གུ་ལ་ལས་སློབ་གྲྭ་ཆུང་འབྲིང་ཧྲིལ་པོར་དགེ་རྒན་བུ་རྩ་བ་ནས་མཐོང་མ་མྱོང་མཁན་ཡང་འདུག
   “དེའི་ཤུགས་རྐྱེན་ཐད་ཀ་བ་གཅིག་ནི་སློབ་ཁྲིད་ཁ་ཅིག་བཀོད་སྒྲིད་བྱེད་ཐབས་མེད་པ་དེ་རེད” དབྱང་ཡི་ཧྭ་ཡིས་དེ་སྐད་ཟེར། ཏི་ཀྲོའུ་སློབ་འབྲིང་ལྔ་པས་རྐང་གྲུག་སློབ་ཚན་ཕྱེ་རྩིས་བྱས་ནའང་། ད་སྔ་འགན་འདི་ཕྲག་པར་འཁུར་ཐུབ་མཁན་གྱི་དགེ་རྒན་མེད་པ་རེད། “ལུས་རྩལ་དགེ་རྒན་ཚད་ལྡན་ལྔ་དྲུག་ཅིག་ཡོད་ན་ཏན་ཏན་འདང་གི་འདུག་མོད། ལྔ་དྲུག་པོ་དེ་ང་ཚོས་རྙེད་ཀྱི་མི་འདུག”མོས་དེ་ལྟར་ཟེར།
   “ང་ལ་ལུས་རྩལ་སློབ་ཁྲིད་བྱེད་དུ་བཅུག་པ་དེ། དངོས་གནས་བོང་བུ་དར་ཐོག་ལ་དེད་པ་རེད” ལོ ༢༥ ཡིན་པའི་ལིའུ་ཤིན་གྱིས་གསར་འགོད་པར་དེ་སྐད་འཁང་ར་བྱས་བྱུང་། ཁོ་མོ་ཙོ་ཀྲང་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་གི་ལུས་རྩལ་དགེ་རྒན་ཡིན། མོའི་སློབ་ཆེན་དུས་ཀྱི་ཆེད་ལས་ནི་རྒྱའི་སྐད་ཡིག་ཡིན་ཞིང་། སློབ་གྲྭ་འདིར་དགེ་རྒན་བྱེད་དུས་ཀྱང་སློབ་གྲྭས་མོ་རང་ལ་རྒྱའི་སྐད་ཡིག་སློབ་ཁྲིད་བྱ་རུ་འཇུག་གི་རེད་སྙམ་ནའང་། ཡིད་ལའང་མ་དྲན་པ་ཞིག་ལ་མོར་ལུས་རྩལ་སློབ་ཁྲིད་བྱ་རུ་བཅུག མོས་ན་རེ། སློབ་གྲྭ་རུ་དགེ་རྒན ༡༠༠ ལྷག་ཡོད་པ། ཕོ་བདུན་བརྒྱད་ལས་མེད་ལ། ལོ་ན་ཆུང་ཤོས་ཀྱང་ལོ ༥༠ སོན་གྲབས་ཡོད། སློབ་སྤྱི་ཕར་བདམས་ཚུར་བདམས་བྱས་མཐར་ལིའུ་ཤིན་བདམས་པ་རེད།
   ལིའུ་ཤིན་གྱིས་སྦ་གསང་མེད་པར་མོ་རང་གི་ལུས་རྩལ་སློབ་ཁྲིད་ཚད་ལྡན་མིན་ཞེས་བརྗོད་བྱུང་། “རྐང་གྲུག་དང་གཟེབ་གྲུག་འདི་ཚོ་ང་རང་འཇོན་པོ་མེད། སློབ་ཁྲིད་སྐབས་ཀྱང་ཕྲུ་གུ་ཚོར་སྒྲིག་སྲོལ་སྐོར་ནས་བཤད་རྒྱུ་མ་གཏོགས། དུས་ཚོད་མང་ཆེ་བར་ཁོ་ཚོ་སོ་སོ་རྩེ་རུ་འཇུག་གི་ཡོད། ངས་དངོས་འབྲེལ་ཁོ་ཚོར་ཅི་ཡང་ཁྲིད་ཐུབ་ཀྱི་མེད”
   རྒྱང་རིང་པོར་བལྟས་པ་ཡིན་ན། དགེ་རྒན་ཕོ་མི་འདང་བ་འདིས། ཀྲུང་གོའི་རྨང་གཞིའི་སློབ་གསོ་མོ་གཤིས་ཅན་དུ་ཕྱོགས་སུ་བཅུག་ཡོད་དེ། “སློབ་ཕྲུག་བུ་མང་པོ་ཞིག ལུས་ཁམས་དང་ཉམས་གང་གི་ཆ་ནས་ཀྱང་སྐྱེས་པ་ཕོ་ཡི་བཟོ་ལྟ་མི་འདུག”དབྱང་ཡི་ཧྭ་ཡིས་དེ་སྐད་ཟེར། སྤྱིར་ན་སློབ་ཕྲུག་ཕོ་དེ་ཚོ་མོ་གཤིས་ཅན་དུ་འགྱུར་བཞིན་པ་དེ་སློབ་གྲྭ་གཅིག་པུས་བསྐྱེད་པ་མ་ཡིན་ནའང་། སློབ་གྲྭར་དགེ་རྒན་ཕོ་མི་འདང་བ་དང་འབྲེལ་བ་ཡོད་པ་ཏན་ཏན་ཡིན། དབྱང་ཡི་ཧྭ་ཡི་འདོད་ཚུལ་ལ། ཕོ་མོའི་ཐོབ་ཐང་གོ་ཤེས་དེ་ནི་མི་སྤྱི་ཚོགས་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་ཀྱི་འགག་རྩ་གཅིག་ཡིན་པ་དང་། ཁྱིམ་ཚང་སློབ་གསོ་ཡིས་སྐོང་མི་ཐུབ་པ་ཞིག་ཀྱང་ཡིན། ཡིན་ནའང་། སློབ་གྲྭའི་སློབ་གསོའི་ནང་དུ་བྱིས་གཉིར་ཁང་དང་། སློབ་གྲྭ་ཆུང་འབྲིང་གི་དུས་ནི་མི་ཞིག་གི་གཤིས་ཀ་འགྲུབ་པའི་དུས་སྐབས་གཙོ་བོ་ཡིན་པར་བརྟེན། གལ་སྲིད་དུས་སྐབས་འདི་ཚོར་འབྲེལ་བ་བྱེད་ས་ཚང་མ་བུད་མེད་དགེ་རྒན་ཡིན་ན། དེས་ཕྲུ་གུ་ཚོས་རང་གི་ལུས་རྟེན་ངོས་འཛིན་ནོར་བའམ་ཆ་མི་ཚང་བ་བཟོ་གི་རེད།
   སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་ཕོ“དཀོན”པ་འདི་ག་འདྲ་བྱས་ནས་བྱུང་བ་རེད་དམ་ཞེ་ན། རྒྱུ་མཚན་ཆ་གཅིག་ནི་དགེ་རྒན་བསྡུ་བའི་སྲིད་ཇུས་ཀྱི་ཆ་རྐྱེན་དམ་དྲགས་པས་ཡིན་པ་རེད། དཔེར་ན། ཏི་ཀྲོའུ་གྲོང་ཁྱེར་གྱི་ཏི་ཁྲིན་ཆུས་ཀྱིས། ཁྲིན་ཆུས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་དུས་ངེས་པར་དུ ༩༨༥ དང་། ༢༢༡ སློབ་ཆེན་གྱི་དངོས་གཞི་མཐར་ཕྱིན་སློབ་མ་ཡིན་དགོས་པ་དང་། གལ་ཏེ་སློབ་ཆེན་རིགས་འདི་གཉིས་མ་ཡིན་ཚེ་ངེས་པར་དུ་ཞིབ་འཇུག་སློབ་མའི་སློབ་གནས་ལྡན་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད། “སྟེགས་བུ་འདི་མཐོ་དྲགས་པས་དགེ་རྒན་ཕོ་མང་པོ་ཞིག་བཀག་པ་རེད”ཅེས་དབྱང་ཡི་ཧྭས་ཟེར།
   དགེ་རྒན་ཕོ་མི་འདང་བ་དེ། དགེ་རྒན་གྱི་ཡོང་འབབ་ཆུ་ཚད་དང་ཡང་འབྲེལ་བ་དམ་པོ་ཡོད། ཀྲུང་གོའི་སྲོལ་རྒྱུན་གྱི་ཁྱིམ་ཚང་གི་འདུ་ཤེས་ནང་དུ། ཕོ་ནི་ཁྱིམ་ཚང་དཔལ་འབྱོར་གྱི་གདུང་མ་ཡིན། ད་ཆའི་དགེ་རྒན་གྱི་ལས་གནས་འདི་ཀྲུང་གོ་རུ་ཡོང་འབབ་གཏན་ཆགས་ཡིན་ཞིང་ངོ་སོ་ཡོད་ལ། སྤྱི་ཚོགས་ཀྱི་གོ་གནས་ཀྱང་མི་དམའ་མོད། སྐྱེས་པ་མང་པོ་ཞིག་གིས་དེ་ལས་ཀྱང་མཐོ་བའི་རེ་བ་བཅངས་ཡོད།
   གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཧྲན་ཏུ་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ཟླ་ཕོགས་སྤྱིར་བཏང་སྟོང་གསུམ་བཞི་ཙམ་ཡིན་ཞིང་། ས་ཆ་ལ་ལར་སྟོང་གཉིས་ཙམ་ལས་མེད། ཟླ་ཕོགས་འདི་འདྲ་དམའ་བ་དེ་བུད་མེད་དགེ་རྒན་གྱིས་དང་ལེན་བྱེད་ཐུབ་ཀྱི་ཡོད་རུང་། སྐྱེས་པ་ཚོའི་ཡིད་འགུག་ཐུབ་མེད།
   དབྱང་ཡི་ཧྭ་ཡིས་འབོད་སྐུལ་བྱས་དོན། “དགེ་རྒན་ཕོ་སྐྱོབ་རྒྱུ”དེ་ད་ཆའི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་རེད། མོས་དགེ་རྒན་བསྡུ་ལེན་གྱི་སྲིད་ཇུས་དངོས་ཐོག་བདེན་འཚོལ་བྱེད་འོས་པ་ལས་གང་བྱུང་གིས་མཐོ་སྙེགས་བྱ་རྒྱུ་མེད་ལ། ཆ་རྐྱེན་ལོངས་པའི་སྐྱེས་པ་དགེ་རྒན་ལ་སློབ་བསྡུའི་ཚད་གཞི་གང་འཚམ་ལྷོད་ཡངས་གཏང་འོས་པའི་བསམ་ཚུལ་བརྗོད་བྱུང་།
   “རྩ་བ་ནས་ཐག་གཅོད་ཐབས་དེ་དགེ་རྒན་གྱི་ཟླ་ཕོགས་མཐོ་རུ་གཏོང་རྒྱུ་དེ་རེད” ཝེ་ཧྥང་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་ཅུད་ཀྲང་ཞི་ཡོའུ་ལི་ནས་དེ་སྐད་ཟེར། (རྩོམ་འགན་པ། རྟ་མགྲིན)
  
འབྲེལ་ཡོད་རྩོམ་ཡིག