ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཨ་རིའི་ཧ་ཝར་ཌི་སློབ་ཆེན་གྱིས་ཡང་སྙིང་ཚད་གཞི་གང་ལ་བརྟེན་ནས་སློབ་མ་བསྡུ་བ་ཡིན་ནམ།

2015-01-06 གཡུ་ལྕམ།
  ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་བསྡུ་བའི་སྒྲིག་ཡིག་ཏུ། ཧ་ཝར་ཌིའི་སློབ་མ་བསྡུ་བའི་ཐད་སྤྱི་འགྲོས་མེད་པར་མཐོ་འབྲིང་གི་སྦྱང་བྱ་ཧ་ཅང་གལ་ཆེ། སློབ་བསྡུ་ཨུ་ཡོན་ལྷན་ཁང་གིས་རྒྱུགས་སྤྲོད་སློབ་མའི་ཐད་ཀྱི་སྤྱི་ཁུལ་གྱི་ཞབས་ཞུ་དང་། མགོ་ཁྲིད་ཀྱི་འཇོན་ཐང་། སློབ་ཕྱིའི་བྱེད་སྒོ། ལས་ཀའི་ཉམས་མྱོང་སོགས་ལྟ་བུའི་ཚད་གཞི་ལ་གཞིགས་སྲིད་པ་ལས་བཀག་རྒྱ་གང་ཡང་བཟོ་མི་སྲིད། དེ་ལྟར་རྒྱུགས་སྤྲོད་སློབ་མའི་སྤྱོད་བཟང་ཁྱད་འཕགས་དང་། དཀའ་ངལ་ལས་རྒྱལ་བའི་ནུས་པ། དེ་བཞིན་རང་གཤིས་དང་མི་གཤིས་བཅས་ཀྱི་ཐད་སློབ་འབྲིང་དགེ་རྒན་དང་། སློབ་གྲྭའི་རོགས་ཁྲིད་པ། སློབ་གཙོ། སློབ་གྲྭའི་གྲོགས་པོ་བཅས་ཀྱིས་མཁོ་འདོན་བྱས་པའི་དཔང་ཡིག་ལ་ངེད་ཅག་གིས་ཡིད་རྟོན་བྱེད་ཅིང་། དཔྱད་ཡིག་དེ་དག་གིས་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་ལ་ཤན་ཐེབས་ངེས། ཞེས་པའི་ཚིག་ཅིག་འཁོད་འདུག
  སྨྱུག་འཛིན་པས་གོ་བ་ལེན་ཚུལ་ལྟར་ན། ཧ་ཝར་ཌི་སློབ་ཆེན་གྱི་ཚད་གཞི་ནི་བབ་མཐུན་ཡིན། གལ་སྲིད་ཚད་གཞི་མཐའ་དག་གསལ་པོར་བཀོད་ཚེ། མགོ་བདེ་དྲན་འཕྲུལ་གྱི་སྐྱེ་བོ་ཐ་ཤལ་དག་གིས་དོན་དུ་གཉེར་སླ་བ་དང་ཤེས་ལྡན་ཕུལ་བྱུང་རྨེག་མེད་དུ་འཇོམ་ངེས་རེད།
 
  མཐོ་འབྲིང་རིང་གི་དུས་རྒྱུན་སྦྱངས་འབྲས་ནི་ཧ་ཅང་གལ་ཆེ།
  ཧ་ཝར་ཌི་སློབ་ཆེན་གྱི་སློབ་བསྡུ་སྡེ་ཚན་གྱི་དབུ་འཛིན་ཝེ་ལེན་ཧྥེ་ཙི་ཞི་མེང་སིས་ལོ་གཅིག་གི་རིང་ཨ་རིའི་སློབ་ཆེན་ལ་བརྟག་དཔྱད་ཅིག་བྱས་མྱོང་བ་དང་། ཁོའི་ཆོད་སྡོམ་ནི་ཨ་རིའི་སློབ་ཆེན་དག་གིས་སློབ་ཆེན་གྱི་སློབ་ཚུད་རྒྱུགས་གཞིའི་སྐར་གྲངས་ལ་བརྟེན་དྲགས་ན་སློབ་འབྲིང་གི་སློབ་གསོ་ཡ་མ་བརླར་བསྒྱུར་བ་རང་ཡིན་ཞིང་། སློབ་མ་རྣམས་ལ་རྒྱུགས་སྤྲོད་འགྲན་སྡུར་བྱེད་དུ་འཇུག་པར་མ་ཟད་ཁྱིམ་བདག་དང་སློབ་མས་ཨ་སྒོར་དུང་ཕྱིར་བཅུ་ཕྲག་མང་པོ་རྒྱུགས་སྤྲོད་གྲ་སྒྲིག་གི་གསབ་ཁྲིད་ཐད་བཀོལ་བཞིན་འདུག་ཅེས་པ་དེ་རེད།
  ཁོས་སློབ་ཆེན་གྱི་སློབ་ཚུད་རྒྱུགས་སྤྲོད་ཀྱི་སྐར་གྲངས་དང་བསྡུར་ན། མཐོ་འབྲིང་རིང་གི་དུས་རྒྱུན་སྦྱངས་འབྲས་དང་སྦྱང་བྱ་རྐྱང་པའི་གཅིག་གྱུར་སྦྱངས་འབྲས་ཀྱི་ཐོག་ནས་སློབ་ཆེན་དུ་སློབ་མ་གང་ཞིག་སྔར་བས་ལེགས་པོ་འཁྱོངས་མིན་ཐད་སྔོན་དཔག་བྱེད་ཐུབ། དེའི་རྒྱུ་མཚན་གང་ཡིན་ཟེར་ན། སློབ་ཆེན་གྱི་སློབ་ཚུད་རྒྱུགས་སྤྲོད་ལ་གྲ་སྒྲིག་གང་ལེགས་བྱས་ནས་ཐོབ་པའི་སྦྱངས་འབྲས་ཡག་པོ་དེར་ཟོལ་བཅོས་ཀྱི་ཆ་ཡོད། ཅེས་བརྗོད་བྱུང་།
  ཧ་ཝར་ཌི་སློབ་ཆེན་གྱིས་སློབ་མ་བདམ་ལེན་གྱི་སྐར་མཚམས་གཏན་ལ་ཁེལ་མེད་པར་མ་ཟད། སློབ་ཆེན་གྱི་སློབ་ཚུད་རྒྱུགས་སྤྲོད་ལ་སྐར་མ་བརྒྱ་ལོན་པའི་རྩེ་གྲས་དག་རྣམ་པ་ཀུན་ཏུ་བསྡུ་བཞིན་མེད་མོད། འོན་ཀྱང་དེའི་ཐོག་ནས་སློབ་སྦྱོང་གི་སྦྱངས་འབྲས་གལ་ཆེན་མིན་པ་མི་མཚོན། ཧ་ཝར་ཌི་སློབ་ཆེན་གྱིས་བསྒྲགས་པའི་དན་གྲངས་ལྟར་ན་སློབ་གྲྭ་དེས་བདམ་ལེན་བྱས་པའི་སློབ་མའི་ཁྲོད ༩༥%ནི་མཐོ་འབྲིང་སྐབས་སུ་སྦྱངས་འབྲས་ལེགས་གྲས་རེད།
  ཨ་རིའི་སློབ་ཆེན་དུ་ཞུགས་པའི་ཐད་ལོ་གཅིག་གི་ནང་ཐེངས་མང་པོར་རྒྱུགས་སྤྲད་དེ་སྦྱངས་འབྲས་ལེགས་ཤོས་ལེན་ཆོག་མོད། འོན་ཀྱང་ཧ་ཝར་ཌི་སློབ་ཆེན་གྱིས་བརྗོད་གསལ་ལྟར་ན། ཐེངས་གཉིས་ཡན་ལ་རྒྱུགས་སྤྲོད་པའི་འབྲས་བུ་ཇེ་དམའ་རུ་འགྲོ་སྲིད། སྐར་གྲངས་མཐོན་པོར་བརྩོན་མཁན་གྱི་རིགས་ནི་ཧ་ཝར་ཌི་སློབ་ཆེན་ལ་མཁོ་བའི་སློབ་མ་མིན་ནོ།། ཞེས་བསྟན་པ་རེད།
 
  སློབ་ཁྲིད་བྱས་མྱོང་བའི་དགེ་རྒན་གྱི་འོས་སྦྱོར་ནི་གོ་ཆོད།
  རེ་འདུན་ཞུ་མཁན་ལ་སློབ་ཁྲིད་བྱས་མྱོང་བའི་དགེ་རྒན་དང་སྒོས་སུ་ཉེ་བའི་ལོ་གཉིས་ཀྱི་རིང་གི་སློབ་ཁྲིད་དགེ་རྒན་གྱིས་རིན་ཐང་ཆེ་བའི་འོས་སྦྱོར་བསམ་འཆར་མཁོ་སྤྲོད་བྱེད་ཐུབ་པའི་ཐད། ཧ་ཝར་ཌི་སློབ་ཆེན་གྱི་སློབ་བསྡུ་ཨུ་ཡོན་ལྷན་ཁང་རློམ་པ་རེད།
  ཨ་རིའི་ཡུལ་དུ་སྤྱིར་ན་འོས་སྦྱོར་ཡི་གེ་ནི་སློབ་མ་རང་ཉིད་ལ་སྟོན་མི་སྲིད། སྨྱུག་འཛིན་པའི་བུ་མོ་ལ་སློབ་གྲྭས་འོས་སྦྱོར་བྱས་ཏེ་བསླབས་འབྲས་གཟེངས་དངུལ་གདམ་རྒྱུའི་ཁྲོད་ཞུགས་ཆེད་རྒྱུ་ཆ་འབྲི་དགོས་པའི་དབང་གིས་སྤྱི་སྲོལ་ལས་འདས་ཏེ། མཐོ་འབྲིང་དགེ་རྒན་གཉིས་ཀྱིས་བྲིས་པའི་འོས་སྦྱོར་ཡི་གེ་དེ་ཡིག་ཚགས་སུ་མཐོང་ཐུབ་པར་གྱུར།
  བུ་མོ་ལ་འོས་སྦྱོར་ཡི་གེ་འབྲི་མཁན་ནི་མཐོ་འབྲིང་གི་ལོ་རྒྱུས་དགེ་རྒན་དང་རྫས་འགྱུར་དགེ་རྒན་རེད། ལོ་རྒྱུས་དགེ་རྒན་ཧེ་སི་ཏེན་ལ་སྙན་གྲགས་ཧ་ཅང་ཆེ་བ་དང ༢༠༠༣ ལོར་ཨ་རིའི་སྤྱི་ཚོགས་རིག་ཚན་གྱི་དགེ་རྒན་ཕུལ་བྱུང་གཉིས་ཀྱི་གྲས་སུ་བདམས་མྱོང་། ཁོ་མོས་ངའི་བུ་མོར་ལོ་གཅིག་ལ་སློབ་ཁྲིད་བྱས་མྱོང་བ་དང་གདེང་འཇོག་གི་ཚིག་ནི། སྦྱངས་འབྲས་ཡོངས Aཡིན་པའི་ཐོག་ནས་ཁོ་མོའི་ལྷན་སྐྱེས་ཀྱི་ཤེས་རབ་མཚོན་མི་ཐུབ་མོད། སློབ་བུ་འདི་ནི་ཧ་ཅང་འཇོན་ཐང་ཆེ་ལ་མནོ་བསམ་ཟབ་མོ་གཏོང་མཁན་ཞིག་ཡིན་པར་མ་ཟད། རིག་སྟོབས་ཆེན་པོ་དང་། དབྱེ་ཞིབ་དང་རྩོམ་འབྲིའི་ནུས་པ་ཁྱད་དུ་འཕགས་པ། རྩོད་ངག་ལ་བྱང་ཆ་ཆེ། ཞེས་འཁོད་མཐར་སྡོམ་ཚིག་ནི། ངས་ལོ་ངོ་སུམ་ཅུ་ལྷག་གི་རིང་དཔེ་ཁྲིད་བྱས་མྱོང་། གལ་ཏེ་ཨང་རིམ་བཀར་བ་ཡིན་ན་ཁོ་མོ་ནི་ངས་བསྐྱངས་པའི་སློབ་མའི་གྲས་སུ་ཁྱད་འཕགས་སློབ་མ་མདུན་མའི་ཨང་རིམ་ལྔའི་ཁོངས་སུ་ཚུད། ཅེས་བཀོད་འདུག
  ངའི་བུ་མོའི་མཐོ་འབྲིང་སྐབས་ཀྱི་སྦྱངས་འབྲས་དེ་ལོ་རིམ་གྱི་ཨང་ལྔ་པར་ཟིན་ན་ཡང་། ལོ་དེར་ཧ་ཝར་ཌི་སློབ་ཆེན་གྱིས་ཁོ་མོ་གཅིག་པུ་ལས་བདམ་ལེན་བྱས་མེད། ངས་བསམས་ན་ལོ་རྒྱུས་དགེ་རྒན་གྱི་གདེང་འཇོག་གིས་གོ་ཆེན་པོ་ཆོད་ཡོད་ངེས། རྫས་འགྱུར་དགེ་རྒན་གྱི་འོས་སྦྱོར་ཡི་གེ་ཡང་ཡག་པོ་བྲིས་འདུག་མོད། འོན་ཀྱང་། གནད་ལ་ཁེལ་ཞིང་བློ་ལ་འབབ་པ་ཞིག་མིན་པར་སྣང་།
  ཨ་རིའི་རྒྱལ་ཁབ་ཏུ་འོས་སྦྱོར་ཡི་གེར་ཧ་ཅང་རློམ་པ་དང་འོས་སྦྱོར་བྱེད་མཁན་གྱི་ཐོབ་ཐང་ཡང་གལ་ཆེ་བར་འཛིན་པ་རེད། ངའི་བུ་མོ་སློབ་ཆེན་ནས་མཐར་ཕྱིན་རྗེས་མུ་མཐུད་སློབ་གཉེར་བྱ་རྒྱུའི་རེ་བ་བརྒྱབ་པ་དང་། ཧ་ཝར་ཌི་སློབ་ཆེན་གྱི་དངོས་བརྟག་ཁང་གི་འགན་འཛིན་གྱིས་འོས་སྦྱོར་ཡི་གེ་ཞིག་བྲིས་མོད་གོ་མ་ཆོད། ཕ་རོལ་པོའི་གནས་ལུགས་ནི། ཁོང་གིས་འོས་སྦྱོར་ཡི་གེ་འབྲི་དུས་ཁྱེད་རང་དངོས་བརྟག་ཁང་དུ་ལས་ཀ་བསྒྲུབས་ནས་ཟླ་བ་གཉིས་ཙམ་ལས་འགོར་མེད། དེའི་ཕྱིར་ཁོང་ནི་ཁྱོད་ལ་རྒྱུས་མངའ་ཆེན་པོ་མེད། བྲིས་པ་ཅི་འདྲ་ལེགས་ཀྱང་གོ་ཆོད་མི་སྲིད་ཅེས་པ་དེ་རེད།
 
  སློབ་ཆེན་སྐབས་ཀྱི་སེམས་ངལ་ལ་གོམས་དགོས།
  ཧ་ཝར་ཌི་སློབ་ཆེན་དུ། སློབ་མ་སོ་སོའི་རེ་ཞུའི་རྒྱུ་ཆ་ལ་ཉུང་མཐར་ཡང་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་དགེ་རྒན་གཉིས་ཀྱིས་ཞིབ་ཏུ་ཀློག་ངེས་པ་དང་། དེ་རྗེས་སློབ་བསྡུའི་གྲོས་ཚོགས་སུ་བགྲོ་གླེང་བྱས་ཏེ་བདམ་ལེན་བྱེད་མིན་ཐག་གཅོད་ཅིང་། བདམ་ལེན་ལས་ཀ་དེ་ཟླ་འགའི་རིང་བསྒྲུབ་དགོས།
  ཧ་ཝར་ཌི་སློབ་ཆེན་གྱི་སློབ་བསྡུའི་ལས་དོན་ནང་ཞུགས་མྱོང་བའི་དགེ་རྒན་ཞིག་གིས་སློབ་བསྡུའི་རྒྱུ་ཆའི་ཆ་ཤས་སོ་སོའི་བྱེད་ལས་ཀྱི་སྐོར་ལ་གསལ་བཤད་འདི་ལྟ་བུ་ཞིག་བྱས་མྱོང་སྟེ། སློབ་ཆེན་གྲབས་ཚན་གྱི་འདེམ་སྦྱོང་བསླབ་ཚན་གྱི་སྦྱངས་འབྲས་དང་། མཐོ་འབྲིང་གི་སྦྱངས་འབྲས། སློབ་ཆེན་གྱི་སློབ་ཞུགས་རྒྱུགས་སྤྲོད་སྦྱངས་འབྲས་བཅས་ཚུད་པའི་གཅིག་གྱུར་རྒྱུགས་འབྲས་ལ་བརྟེན་ནས་སློབ་མའི་བསླབ་འབྲས་ལ་རྒྱུས་ལོན་བྱེད་པ་དང་། སློབ་མའི་ལོ་རྒྱུས་མདོར་བསྡུས། སློབ་གྲྭའི་དཔྱད་གཏམ། དགེ་རྒན་གྱི་འོས་སྦྱོར་ཡི་གེ སློབ་ཕྱིའི་བྱེད་སྒོའི་ཐད་ཀྱི་གྲུབ་འབྲས་བཅས་ལ་བརྟེན་ནས་སློབ་མའི་རིག་གཞུང་གི་འཇོན་ཐང་དང་། ཚོགས་པ་མཉམ་ལས་ཀྱི་འཇོན་ཐང་། མགོ་ཁྲིད་ཀྱི་ནུས་པ་སོགས་ལ་དཔྱད་འཇོག་བྱེད་པ། སློབ་མའི་རང་རྣམ་དང་རྩོམ་ཡིག་ལ་བརྟེན་ནས་སློབ་མ་རང་ཉིད་ཀྱི་དགའ་སྣང་དང་། ཕུགས་བསམ། འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ལ་རྒྱུས་ལོན་བྱེད་པ། དེ་རྗེས་ངོ་རྒྱུགས་ལ་བརྟེན་ནས་སློབ་མའི་བསམ་གཞིགས་དང་མངོན་མཚོན་སོགས་སྣ་འཛོམས་བྱང་ཚད་ལ་དཔྱད་ཞིབ་བྱེད་པ་བཅས་རེད།
  དགེ་རྒན་དེས་ན་རེ། འོས་ཤིང་འཚམ་པའི་སློབ་མ་གདམ་ཆེད་ངེད་ཅག་གིས་ཧ་ཝར་ཌི་སློབ་ཆེན་ལ་རེ་འདུན་ཞུ་བའི་སློབ་མ་སོ་སོར་དཔྱད་འཇོག་ཧ་ཅང་གཟབ་ནན་བྱེད་ཀྱིན་ཡོད། སློབ་གྲྭ་འདིས་བག་ལ་ཞ་བའི་ནུས་པ་ཅན་དང་རྗེས་སོར་གསེས་འདོར་བྱེད་མི་སྲིད་པའི་སློབ་མ་གང་ཐུབ་ཅི་ནུས་ཀྱིས་བདམ་ལེན་བྱེད་ཀྱིན་ཡོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཨ་རིའི་སློབ་ཆེན་གྲགས་ཅན་གྱི་སློབ་སྦྱོང་གི་འཚོ་བ་དེ་མཐོ་འབྲིང་དང་བསྡུར་ན་བྲེལ་འཚུབ་ཆེ། སློབ་ཆེན་གྱི་གོམ་འགྲོས་ལ་མ་ལོབས་པའམ་རྒྱུགས་མ་འཕྲོད་ཚེ། སློབ་གྲྭའི་ཕྱོགས་ཀྱིས་སློབ་མར་ལོ་གཅིག་རིང་སློབ་མཚམས་འཇོག་པའམ་ཐ་ན་སློབ་གྲྭ་ནས་ཕྱིར་འབུད་དུའང་འཇུག་སྲིད། ཅེས་སྨྲས།
 
  ཨ་རིའི་མཐོ་རྒྱུགས་ནི་ཧ་ཝར་ཌི་སློབ་ཆེན་ལ་བརྟེན་ནས་བྱུང་།
  རིག་གཞུང་འཇོན་ནུས་དཔྱད་འཇོག་གི་རྒྱུགས་ལེན(SAT)ནི་ཨ་རིའི་མཐོ་འབྲིང་སློབ་མ་རྣམས་སློབ་ཆེན་དུ་བསྐྱོད་པའི་འཇུག་ངོགས་རེད། སྤྱིར་དེང་གི་ཆར་ཧ་ཝར་ཌི་སློབ་ཆེན་གྱིས་སློབ་མ་བསྡུ་བའི་ཐད་སློབ་ཆེན་གྱི་སློབ་ཞུགས་རྒྱུགས་འབྲས་གཙོ་བོར་མི་འཛིན་པ་རྩལ་དུ་འདོན་ནའང་། དེ་ཉིད་དང་ཧ་ཝར་ཌི་སློབ་ཆེན་གྱི་བྱུང་འཕེལ་སྐོར་ལ་གསལ་ཆ་ཡོད་མཁན་ཧ་ཅང་ཉུང་།
  ༡༩༣༨ ལོར་ཧ་ཝར་ཌི་སློབ་ཆེན་གྱིས་ཨ་རིའི་སློབ་ཆེན་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཁོངས་སློབ་གྲྭར་རིག་གཞུང་འཇོན་ནུས་དཔྱད་འཇོག་གི་རྒྱུགས་སྤྲོད་ལ་བརྟེན་རྒྱུའི་འབོད་སྐུལ་བྱས་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཨ་རིའི་སློབ་ཆེན་རྒྱ་བསྐྱེད་པ་དང་། རྒྱུགས་སྤྲོད་དེ་ལ་སློབ་མའི་དགག་སྒྲུབ་ཀྱི་བསམ་གཞིགས་ཀྱི་རིགས་ལམ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་སོགས་ཚད་ལེན་གྱི་ཕན་འབྲས་ཁྱད་དུ་འཕགས་པའི་དབང་གིས་སློབ་ཆེན་ཕལ་ཆེ་བས་མཐར་ཁས་བླངས་པ་རེད།
  ༡༩༤༨ ལོར་ཁེ་ནན་ཐེ་ཡིས་དབུ་འཛིན་གནང་བའི་ཨ་རིའི་སློབ་གསོའི་རྒྱུགས་སྤྲོད་ཞབས་ཞུའི་ལྟེ་གནས(ETS)བཙུགས་པ་དང་། སློབ་ཆེན་གྱི་ལས་འཛིན་ལྷན་ཚོགས་ཀྱི་མཉམ་ལས་བྱེད་མཁན་ཕྱོགས་ནས་དེ་ལ་སློབ་ཆེན་གྱི་སློབ་ཞུགས་རྒྱུགས་སྤྲོད་ཞབས་འདེགས་ཞུས་པ་རེད། དེ་ནས་བཟུང་། རིག་གཞུང་འཇོན་ནུས་དཔྱད་འཇོག་གི་རྒྱུགས་སྤྲོད་བྱས་པ་དེ་ཨ་རིའི་མཐོ་རྒྱུགས་དང་དེ་བཞིན་རྒྱལ་ཁབ་གཞན་གྱི་སློབ་མས་ཨ་རིའི་སློབ་གྲྭ་གྲགས་ཅན་དུ་རེ་ཞུ་འབུལ་བའི་དཔྱད་གཞི་གལ་ཆེན་དུ་གྱུར་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག