ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བྱིས་པའི་སློབ་གསོ་ཇི་འདྲ་སྔ་ན་དེ་འདྲ་བཟང་བ་མིན།

2015-06-16 རྡེ་ཝེད་ཁོ་ཨོནDavid Kohn
དབང་མོས་བསྒྱུར། 
   ལོ་ངོ་ཉི་ཤུའི་སྔོན་དུ་སློབ་སྔོན་འཛིན་གྲྭ་དང་བྱིས་གཉོར་ཁང་། ཐ་ན་ལོ་རིམ་དང་པོ་དང་གཉིས་པ་སོགས་སུ་འགྲིམ་པའི་བྱིས་པ་ཚོའི་དུས་ཚོད་མང་ཤོས་ནི་རྩེད་མོ་ལ་གཡེང་ཡོད་ཅིང་། རྩེད་རྡོ་སྒྲིག་པ་དང་རི་མོ་བྲིས་ནས་འཆར་ཡན་གྱི་འཇིག་རྟེན་ལ་གཡེང་ནས། འཆར་སྒོ་དེ་དག་རང་གི་ཀླད་པར་འཆར་བའམ་སློབ་གྲོགས་ཚོ་དང་མཉམ་དུ་མངོན་དུ་འགྱུར་བར་འབད་བཞིན་ཡོད། འོན་ཀྱང་ད་ལྟ་དེ་དག་རིམ་བཞིན་དགེ་རྒན་གྱི་སློབ་ཁྲིད་ཀྱིས་ཚབ་བྱས་ཡོད། སློབ་ཁྲིད་འདི་དག་ནི་སྤྱིར་བཏང་ལོ་རིམ་མཐོ་བའི་སློབ་མ་ཚོ་ཁོ་ནར་འཚམ་པོ་ཡོད་པ་ཞིག་ཡིན་མོད། སློབ་གྲྭ་མང་པོ་ཞིག་ཏུ་ལོ་བཞི་དང་ལྔ་ནས་བཟུང་སློབ་གསོ་དངོས་ཀྱི་མགོ་རྩོམ་བཞིན་ཡོད་ཅིང་། མི་ཚོས་སློབ་གསོ་སྔ་ཙམ་ནས་མགོ་མ་བཙུགས་ན་བྱིས་པ་ཚོའི་འབྲི་ཀློག་དང་ཨང་རྩིས་སོགས་ཀྱི་ཐད་ནས་གཞན་གྱི་རྗེས་སུ་ལུས་ཏེ་ནམ་ཡང་བྱིས་པ་གཞན་གྱི་རྗེས་མི་ཆོད་པའི་བློ་དོགས་སྐྱེ་བཞིན་ཡོད།
   མི་མང་པོ་ཞིག་གིས་ནངས་སྔ་ལངས་ཚང་ལ་གྲོགས་ཤིག་ཡོད་ཅེས་པའི་དཔེ་ལྟར་བྱིས་པའི་སློབ་གསོ་ཇི་འདྲ་སྔ་ན་དེ་འདྲ་མང་པོ་སློབ་ཐུབ་པར་ངོས་འཛིན་བཞིན་པ་ནི་མངོན་གསལ་རེད།
   འོན་ཀྱང་ཚན་རིག་པ་དང་སློབ་གསོའི་ཞིབ་འཇུག་པ་སྔར་ལས་མང་པོ་ཞིག་གིས་ཐབས་འདི་སྤྱད་ན་ཡིག་ཚད་ཡར་འཕར་ཐུབ་པའི་རྒྱུ་མཚན་དང་ཁུངས་ལུང་སྟོན་རྒྱུ་མེད་པར་ངོས་འཛིན་བཞིན་ཡོད་པ་མ་ཟད། དེ་ལས་ལྡོག་སྟེ་གེག་རྐྱེན་བཟོས་ནས། བྱིས་པའི་སེམས་ཚོར་དང་ངོས་ཟིན་ཐད་ཀྱི་འཕེལ་རྒྱས་ལ་གནོད་ཕོག་པ་དང་། མི་དགོས་པའི་གནོན་ཤུགས་བཟོ་སྲིད་ལ། ཐ་ན་བྱིས་པའི་ཤེས་འདོད་ཀྱི་བློ་མེད་པར་ཡང་བཟོ་སྲིད་པར་ངོས་འཛིན་བཞིན་ཡོད།
   ཨ་རིའི་ལེ་སི་ལི་སློབ་ཆེན (Lesley University) གྱི་སློབ་གསོ་རིག་པའི་དགེ་རྒན་ཆེན་མོ་ནན་སེ་ཁལ་སོན་ཕེ་རྗི(Nancy Carlsson-Paige)ཡིས་འདི་ནི་བྱིས་པའི་སློབ་གསོའི་བརྒྱུད་རིམ་ལ་གོ་བ་ལོག་པར་བླངས་པ་ཡིན་པར་འདོད་ཅིང་། ཁོང་ཉིད་འཆར་ཅན་སྒོས་སློབ་གྲྭ་སོ་སོར་ལྟ་སྐོར་དུ་བསྐྱོད་སྐབས་ལོ་ཆུང་བའི་བྱིས་པ་ཚོས་སློབ་ཁྲིད་ཀྱི་ནང་དོན་ལ་གོ་བ་ལོན་བཞིན་མེད་པའི་གནས་ཚུལ་མཐོང་ཞིང་། ཁོང་གིས་དགེ་རྒན་གྱིས་བྱིས་པར་མདུན་ཅོག་ལ་བསྙེས་ནས་ཀ་ཕྲེང་བྲིར་འཇུག་སྐབས་བྱིས་པས་རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་བཞིན་པར་ངེས་ཤེས་ཅི་ཡང་མེད་པའི་སྣང་ཚུལ་སྐྱོ་བོ་སློབ་ཁང་མང་པོ་ནས་མཐོང་ཐུབ་ཅེས་བཤད་སོང་། 
   རྩོད་གཞི་འདི་ཉིད་གནད་འགག་ཅིག་ཡིན་ཞིང་། དགེ་རྒན་གྱིས་སྔ་ཙམ་ནས་སྣེ་འཁྲིད་པར་རྒོལ་བའི་ཕྱོགས་ཁག་གིས། སློབ་གསོའི་ཐབས་ལམ་འདི་ཡིས་གསར་བཏོད་དང་གསར་རྙེད་ཀྱི་བློ་དང་ལྡན་པའི་མི་སྣ་ཞིག་གསོ་སྐྱོང་མི་ཐུབ་པར། ཤེས་བྱ་ལེན་མཁན་ཙམ་དང་། གཞན་ཟེར་གྱི་རྗེས་སུ་འབྲང་མཁན་ཙམ་གསོ་སྐྱོང་བྱ་བ་ཡིན་པས་དུས་རབས་ཉེར་གཅིག་པར་ང་ཚོར་དགོས་པའི་མི་ནི་གང་རེད་ཅེས་ཚ་འདྲི་བསྐྱོན་ཡོད།
   འདས་པའི་ལོ་བཅུ་ཕྲག་རིང་ལ་བྱིས་པའི་དུས་སྔ་མོའི་སློབ་གསོའི་ཐབས་ལམ་མང་པོ་ཞིག་ཨ་རི་ལ་མཆེད་ཡོད་ཅིང་། བྱིས་པ་རྗེས་སུ་མི་ལུས་པའི་གྲོས་གཞི(No Child Left Behind)དང་། ཡར་འཕར་བར་བརྩོན་པའི་འཆར་གཞི(Rece to the Top)སོགས་ཚང་མས་སློབ་མ་ཚོས་ཡིག་ཚད་མང་པོ་གཏོང་བ་དང་། དགེ་རྒན་གྱིས་སྣེ་ཁྲིད་པའི་སློབ་གསོ་མང་བོ་དང་དུ་ལེན་པར་བསྐུལ་ཡོད།
   རྒྱུ་རྐྱེན་གཞན་ཞིག་ཡོད་པ་ནི་མངའ་སྡེ་ཁག་གི་རྩ་བའི་ཚད་གཞི(Common Core State Standards)ཞེས་པ་འདི་རེད། སློབ་གསོའི་ཐབས་ཇུས་གསལ་བོ་འདིའི་དམིག་ཡུལ་ནི་བྱིས་གཉོར་ཁང་ནས་འཛིན་རིམ་བཅུ་གཉིས་པ་བར་འགྲིམ་རྗེས་ཚད་ཐིག་ངེས་ཅན་ཞིག་ལ་བསླེབ་པ་དེ་རེད། མིག་སྔར་མངའ་སྡེ་ཞེ་གསུམ་དང་ཁོ་ལོམ་བྷི་ཡ་དམིགས་བསལ་ཁུལ་གྱིས་ཨང་རྩིས་དང་སྐད་ཆའི་ཐད་ཀྱི་ཚད་ཐིག་བསྟར་བཞིན་ཡོད།
   དགེ་རྒན་གྱིས་སློབ་ཁྲིད་བྱ་བའི་ཐབས་ལམ་བསྟར་བའི་དགོས་པ་ནི་གནད་དོན་རིགས་གཉིས་སེལ་བའི་ཆེད་དུ་ཡིན་ཏེ། ཕྱོགས་མང་པོ་ནས་བལྟས་ན་ཨ་རིའི་སློབ་གསོ་རྒྱལ་ཁབ་མང་པོ་ལས་ཞན་པར་གྱུར་ཡོད་པ་དང་། དུས་མཚུངས་སུ་ཨ་རི་རང་ཁོངས་སུའང་སློབ་མ་མང་པོའི་ཆུ་ཚད་རྒྱལ་ཁབ་ཀྱི་ཚད་ཐིག་ལས་དམའ་བ་ཡོད། སློབ་མ་འདི་དག་ནི་འབྱོར་བ་ཞན་པའི་ཁྱིམ་ཚང་དང་། རིགས་རྒྱུད་དམིགས་བསལ་བའི་ཁྱིམ་ཚང་བཅས་ཀྱི་ཕྲུ་གུ་རེད། དེའི་ཕྱིར་དགེ་རྒན་གྱིས་སློབ་ཁྲིད་བྱ་བའི་ཐབས་ལམ་བསྟར་བར་འདོད་མཁན་ཚོས་སྔ་ཙམ་ནས་སློབ་གསོ་དངོས་ལག་བསྟར་བྱས་ན་བར་ཁྱད་འདི་གཉིས་སེལ་ཐུབ་པར་འདོད་བཞིན་ཡོད།
   ཐབས་ལམ་འདི་དག་གི་ཀུན་སློང་ནི་ཡག་པོ་ཡིན་མོད། ལམ་ལོག་པར་ཕྱིན་ཡོད་པ་མངོན་གསལ་རེད། ཧྥིན་ལན་རྡི་དང་ཨེ་སཱ་ནེ་ཡ་སོགས་རྒྱལ་ཁབ་མང་པོའི་འོས་འགན་སློབ་གསོ་ནི་ལོ་བདུན་ནས་མགོ་འཛུག་བཞིན་ཡོད། རྒྱལ་སྤྱིའི་སློབ་མར་ཚད་ལེན་རྣམ་གྲངས(Program for International Student Assessment)ཀྱིས་རྒྱལ་ཁབ་ཁག་གི་སློབ་གསོའི་ཆུ་ཚད་ལ་བསྡུར་བ་བྱས་པ་ལས་མངོན་པ་ལྟར་ན་རྒྱལ་ཁབ་འདི་གཉིས་ཀྱི་རྩིས་རིག་དང་ཚན་རིག དཔེ་ཀློག་གི་ནུས་པ་སོགས་གང་ཡང་ཨ་རི་ལས་མཐོ། 
   རྒྱལ་ཁབ་འདི་དག་ནི་ཨ་རི་ལས་ཆུང་བས། འདྲ་མཉམ་མིན་པ་དང་རིགས་འདྲ་མིན་མང་བའི་ཚད་ནི་དམའ་ཙམ་ཡིན་ཞིང་། གནས་བབས་དེ་འདྲའི་དབང་གིས་སློབ་གསོ་སྤེལ་བའི་དཀའ་ཁག་ཀྱང་ཉུང་ཙམ་ཡིན་ངེས་རེད། ལོ་བདུན་ནས་བཟུང་སློབ་གྲྭར་འགྲོ་བའི་སྲིད་ཇུས་ཨ་རི་ལ་འཚམ་པོ་ཡོད་མི་སྲིད། དེ་ལྟར་བྱས་ན་དབུལ་ཕྱུག་གང་རུང་གི་བྱིས་པ་ཚང་མས་ཉིན་རེར་ཆུ་ཚོད་དུ་མར་བརྙན་འཕྲིན་ལ་བལྟས་ནས་མ་འོངས་པའི་སློབ་གསོ་ལ་ཕན་པའི་བྱེད་སྒོ་ལ་ཞུགས་རྒྱུ་འདོར་ངེས་རེད། ཨ་རིའི་སློབ་གསོའི་འགར་ཁུར་རྙོག་འཛིང་ཆེ་བ་བདེན་མོད། སློབ་ཁྲིད་ཀྱི་རྩ་འཛུག་ལ་གསོན་ཤུགས་མེད་པ་དེ་བྱིས་པ་མང་པོར་མི་ཕན་པའི་དོན་དངོས་འདི་ཉིད་སྦ་ཐབས་མེད་དོ།།
   ཚོད་ལྟ་རེ་འགའ་ལས་མངོན་པ་ལྟར་ན་དཔེ་ཀློག་སོགས་ལ་དུས་སྔ་མོ་ནས་མཛུབ་ཁྲིད་བྱས་པས་བྱིས་པ་ལ་ཕན་ངེས་ཅན་ཐོགས་སྲིད་མོད། འདི་ནི་གནས་སྐབས་ཙམ་ཡིན་དེ། འཇར་མན་གྱི་ཨ་ལ་ནུ་སི་སློབ་ཆེན(Alanus University)གྱི་སློབ་གསོའི་ཞིབ་འཇུག་པ་སེ་པ་སི་ཐེ་ཨན་ས་གྷེ་(Sebastian P. Suggate)༢༠༠༩ལོར་ཞིབ་འཇུག་ཅིག་བགྱིས་ནས། རྒྱལ་ཁབ་༥༠ལྷག་གི་སློབ་མ་ལོ་བཅོ་ལྔ་ཅན་འབུམ་བཞི་ལ་བརྟག་དཔྱད་བྱས་པར། སློབ་གྲྭར་སྔ་ཙམ་ཕྱིན་པར་བཟང་ཆ་བྱུང་མེད་པ་ཤེས་ཡོད། ས་གྷེ་ཐིས་༢༠༡༢ལོར་ཞིབ་འཇུག་གཞན་ཞིག་བགྱིས་ནས་ལོ་ཁ་ཤས་རིང་ལ་སློབ་མ་གྱ་གསུམ་ལ་བརྟག་དཔྱད་བྱས་པར། ལོ་ལྔའི་སྟེང་ནས་སློབ་གསོ་མྱངས་པའི་བྱིས་པའི་དཔེ་ཀློག་གི་ནུས་པ་འགྱང་ཙམ་གྱིས་སློབ་གསོ་མྱངས་པའི་བྱིས་པ་ལ་འགྲན་མི་ཐུབ་པ་ཤེས་ཡོད། 
   གཞན་ཡང་ཞིབ་འཇུག་མང་པོ་རུ་སློབ་གསོ་སྔ་ཙམ་མྱངས་པས་བསླབ་འབྲས་སྐྱོ་རུ་འགྱུར་སྲིད་པ་ར་སྤྲད་ཡོད། ཧྥོལ་རེ་རྡ་བྱང་མའི་སློབ་ཆེན(University of North Florida)གྱི་སེམས་ཁམས་རིག་པའི་སློབ་དཔོན་རེ་བྷ་ཁ་མར་ཁོན་(Rebecca A. Marcon)གྱིས་སློབ་སྔོན་སློབ་གསོ་མྱངས་པའི་བྱིས་པ་༣༤༣ལ་ཞིབ་འཇུག་བགྱིས་པར། དེའི་ཁྲོད་ཀྱི་འཛིན་གྲྭ་ལ་ལས་བསླབ་འབྲས་གནད་དུ་བཟུང་བ་དང་། ལ་ལས་བྱིས་པའི་རང་རྟོག་གི་སློབ་སྦྱོང་ལ་སྐུལ་མ་བྱས་ལ། ཡང་ལ་ལས་དེ་གཉིས་ཟུང་ཏུ་སྦྲེལ་ཡོད་པ་རེད། དེ་ལྟར་ལོ་ཁ་ཤས་རྗེས་སུ་ཁོ་མོས་ལོ་རིམ་གསུམ་པ་དང་བཞི་བར་བསླེབས་ཡོད་པའི་སློབ་མ་འདི་དག་གི་བསླབ་འབྲས་ལ་བལྟས་དུས། སློབ་མ་དེ་དག་གིས་ལོ་རིམ་བཞི་བའི་བསླབ་གཞི་མཇུག་སྒྲིལ་རྗེས་བསླབ་འབྲས་གནད་དུ་བཟུང་ཞིང་དགེ་རྒན་གྱི་སློབ་ཁྲིད་གཙོ་བོར་བཟུང་བའི་སློབ་མ་ཚོའི་བསླབ་འབྲས་ནི་རྩེད་འཇོའི་གོ་རིམ་ཁྲོད་རང་རྟོག་གིས་སློབ་སྦྱོང་བྱས་པའི་སློབ་མ་ལས་ཞན་པར་གྱུར་ཡོད་པ་རེད། དེས་ཕྱིར་མར་ཁོན་ལགས་ཀྱིས་སློབ་སྔོན་སློབ་གསོའི་སྐབས་སུ་བྱིས་པར་གཟབ་ནན་གྱི་སློབ་སྦྱོང་གི་བརྒྱུད་རིམ་མྱོང་དུ་སྐུལ་བ་ནི་སློབ་མ་མང་ཤོས་ཀྱི་འཚར་ལོང་གི་གོ་རིམ་དང་བསྡུར་ན་སྔ་དྲགས་ཡོད་པ་དང་། འདི་ལྟ་བུའི་སྔ་དྲགས་པའི་སློབ་སྔོན་སློབ་གསོའི་བརྒྱུད་རིམ་གྱིས་བྱིས་པའི་གོང་འཕེལ་ལ་བར་ཆད་བཟོ་སྲིད་ཅེས་བྲིས་ཡོད། 
   དེ་ལྟར་ནའང་སློབ་གསོ་བ་མང་པོ་ཞིག་གིས་བྱིས་པའི་སློབ་སྦྱོང་དུས་སྐབས་ཀྱི་རྩེད་འཇོའི་དུས་ཚོད་བསྟུང་འདོད་བཞིན་ཡོད་ཅིང་། ཁམ་བྷིར་རྗི་སློབ་ཆེན་(Cambridge University)གྱི་སེམས་ཁམས་རིག་པ་བ་རྡེ་ཝེད་ཝེ་ཐི་བྷི་རིད་(David Whitebread)ཀྱིས་མི་ཕལ་མོ་ཆེས་རྩེད་འཇོ་ནི་ནར་མ་སོན་པའི་ལས་ཀ་ཞིག་ཡིན་པས། འདིས་དོན་གང་ཞིག་འགྲུབ་པའི་གྲོགས་མི་བྱེད་པར་འདོད་བཞིན་ཡོད་མོད། འདི་ནི་བྱིས་པ་ནར་སོན་པའི་སྐབས་སུ་མེད་ཐབས་བྲལ་བ་ཞིག་ཡིན། བྱིས་པ་ཚོས་རྒྱུན་སྐྱོང་བ་དང་། སེམས་གཏད་པ། སེམས་ཁམས་ལ་བདག་ཐུབ་པ་བཅས་སློབ་སྦྱོང་བྱ་དགོས། འདི་དག་ནི་རྩེད་འཇོ་བརྒྱུད་ནས་རྒྱུད་ལ་འཇགས་ཐུབ་ཅེས་བཤད་ཡོད། ཝེ་ཐི་བྷི་རེད་ཀྱིས་དཔྱད་གཞི་འདི་ལ་ཞིབ་འཇུག་བགྱིས་ནས་ལོ་བཅུ་ཕྲག་ཕྱིན་ཡོད།
   འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་ལ་ཚན་རིག་པས་བྱིས་པའི་སློབ་སྦྱོང་གི་གོ་རིམ་ལ་རྒྱུས་མང་པོ་ལོན་ཡོད། ཁ་ལི་ཧྥོར་ནེ་ཡ་སློབ་ཆེན་གྱི་སཱན་རྡེ་ཀོའི་ཡན་ལག་སློབ་གྲྭའི(University of California, San Diego)དབང་རྩའི་ཆེད་མཁས་པ་ལྗེ་གྷི་རྡ(Jay Giedd)ལགས་ཀྱི་ཆེད་ལས་ནི་མིའི་རིགས་སྐྱེས་པ་ནས་གཞོན་ནུའི་བར་གྱི་ཀླད་པ་འཚར་བའི་གོ་རིམ་ལ་ཞིབ་འཇུག་བྱ་རྒྱ་དེ་རེད། ཁོང་གིས་ལོ་བདུན་བརྒྱད་ལ་མ་བསླེབས་པའི་བྱིས་པར་སློབ་ཁྲིད་ཀྱི་རྣམ་པའི་སྒོ་ནས་འགྲེལ་བཤད་བྱེད་པ་ལས་རང་རྟོགས་ཀྱི་སྒོ་ནས་རྩད་ཞིབ་བགྱིར་བཅུག་ན་འཚམ་པོ་ཡོད་པར་འདོད་བཞིན་ཡོད་ཅིང་། ཁོང་གིས་རྣམ་པ་ཆིག་རྐྱང་ཡིན་པའི་སློབ་ཁྲིད་ཀྱིས་རྩད་ཞིབ་ཀྱི་ལམ་ཁ་འགོག་གི་རེད་ཅེས་གསུངས་ཡོད།
   ལྷག་པར་དུ་ཀློག་མགྱོགས་པར་སློབ་མི་རུང་སྟེ། ཀློག་ལ་རིང་ན་ལོ་ངོ་སྟོང་ཕྲག་དྲུག་ཙམ་གྱི་ལོ་རྒྱུས་ལས་མེད་ཅིང་། ཀླད་པ་ལ་ཤོག་བུ་ལ་སོགས་པར་བཀོད་པའི་བརྡ་རྟགས་རྣམས་གོ་དོན་སྣ་ཚོགས་པར་གོ་ཐུབ་པའི་ནུས་པ་སྐྱེས་ཐོབ་ཏུ་མེད། ཀློག་ནི་གོམ་པ་སྤོ་བ་སོགས་ཀྱི་ནུས་པ་ལྟར་རང་ཤུགས་ཀྱིས་ཤེས་ཐུབ་པ་ཞིག་མིན་པར་། འདི་ཉིད་ག་ལེར་སྐྱོང་ཆོག་མོད་བཙན་གྱིས་ལོབས་སུ་འཇུག་དཀའ། འོན་ཀྱང་ད་ལྟའི་སློབ་གྲྭ་ཕལ་མོ་ཆེས་སློབ་མ་ཚོར་བཙན་གྱིས་ནུས་པ་འདི་ལོབས་སུ་འཇུག་གི་ཡོད། མདོར་ན་གོང་ལྟར་བརྗོད་པ་ནི་སློབ་སྔོན་གྱི་སློབ་གསོ་མྱོང་བའི་གོ་སྐབས་སྒྲུན་མི་ཆོག་དང་། བྱིས་པ་དབུལ་ཕོངས་ཀྱིས་དུས་སྔ་མོའི་སློབ་གསོ་ལེགས་པོ་མྱོང་མི་ཆོག་ཟེར་བ་མིན་པར། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་གང་འདྲ་ཡིན་ནའང་བྱིས་པས་མྱངས་པའི་དུས་སྔ་མོའི་སློབ་གསོ་ཡིས་ཁོ་ཚོའི་གོང་འཕེལ་ལ་ཕན་ཐོགས་པ་ཞིག་དགོས། དེའི་ཕྱིར་སློབ་གསོའི་སྲིད་ཇུས་བཟོ་མཁན་ཚོས་ཀྱང་འདི་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་གི་འབྲས་བུ་ལ་དོ་སྣང་བྱ་དགོས་པ་ནི་རེ་བའོ།།

སྒྱུར་བ་བོའི་མཆན། རྩོམ་འདི་ནི་ཨ་རིའི་ཚགས་ཤོག་ཅིག་ཏུ་བཀོད་པའི་སློབ་སྔོན་སློབ་གསོ་དང་འབྲེལ་བའི་དཔྱད་གཏམ་ཞིག་ཡིན། ང་ཚོས་རང་དབང་དང་ཤེས་རིག་དར་བའི་དཔེར་འགོད་པའི་ཨ་རིའི་སྤྱི་ཚོགས་སུའང་འདི་ལྟ་བུའི་བསམ་བློ་དང་གླེང་ཕྱོགས་ཐོན་བཞིན་ཡོད་ཅིང་། འདི་འབྲེལ་གྱི་ཞིབ་འཇུག་དང་འཚོལ་ཞིབ་བྱ་བཞིན་ཡོད་ན། སློབ་གྲྭར་འཛུལ་བ་ནས་འབྲི་ཀློག་ཙམ་ལ་འབད་བཞིན་པའི་འུ་ཅག་བོད་ཀྱི་སློབ་གསོའི་སྡེ་ཡིས་དོ་སྣང་དེ་བས་མང་པ་གནང་དགོས་པ་ནི་སྨོས་མེད་རེད། རྩོམ་འདིའི་དཔེར་བརྗོད་དང་ཡུལ་དུས་སོགས་མང་ཆེ་བ་ཨ་རི་ཡིན་མོད། སློབ་སྔོན་གྱི་སློབ་གསོ་ལ་གསོན་ཤུགས་མེད་པའི་གནས་བབས་ནི་འུ་ཅག་སྡུག་པ་མངོན་གསལ་ཡིན་པས། དགེ་རྒན་རྣམ་པ་དང་སློབ་གསོའི་ལས་གནས་སུ་འབད་པ་གནང་བཞིན་པའི་མཁྱེན་ལྡན་དག་གིས་གཟིགས་ཤིང་དཔྱད་འཚལ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག