ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

གསེར་རྟའི་བླ་རུང་གི་རྩིས་རམས་པ་ལ་བརྒལ་ལན་སྦྲང་རྩིའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །[༡]

2015-01-03 ཐུབ་བསྟན་ཕུན་ཚོགས།
ན་མོ་གུ་རུ་དྷརྨ་ཀ་རཱ་ཡེ།
 
གཟའ་ཆེན་བརྒྱད་དང་གོ་ལའི་རང་འགྲོས་སོགས། །
བཅུ་གཉིས་ཁྱིམ་དུ་རླུང་གིས་བསྐྱོད་པའི་ཚེ། །
དུས་བཞིའི་ཁམས་དང་མུན་སྣང་རྣམ་འགྱུར་སོགས། །
རང་བཞིན་ཆོས་ཉིད་གངས་ཅན་རྒན་པོས་རྟོགས། །
 
ཕྱི་སྣོད་འཇིག་རྟེན་ནང་བཅུད་སྐྱེ་འགྲོའི་ཁམས། །
འབྱུང་བཞིའི་རྫས་ལས་གྲུབ་པ་དངོས་པོའི་ཆོས། །
འཕེལ་འགྲིབ་དབང་གིས་བདེ་སྡུག་འགྱུར་བའི་གཤིས། །
ཡོངས་སུ་གསལ་མཛད་བོན་གྱི་སྟོན་པ་མཆོག །
 
ན་ལེནྡྲ་རུ་པཎ་ཆེན་ལྔ་བརྒྱས་བཀུར། །
ཁ་བ་ཅན་འདིར་སྐད་གཉིས་སྨྲ་བའི་དབང་། །
ཙ་མི་པཎ་ཆེན་གྱི་ཇོ་ཟླ་འོད་མགོན། །
ལྗོངས་འདིར་དུས་འཁོར་སྨྲ་བ་ཐོག་མ་ཉིད། །
 
ཕྱི་ནང་གཞན་གསུམ་རང་བཞིན་གཅིག་ཏུ་གཟིགས། །
ལྐོག་གྱུར་གོ་ལའི་མྱུར་བུལ་གྲངས་ཀྱིས་གཞལ། །
སྔོན་མེད་རིག་པའི་འཕྲུལ་གྱི་གནམ་དཔྱད་མཁན། །
ཀུན་མཁྱེན་རང་བྱུང་རྡོ་རྗེས་ལྗོངས་འདི་སྐྱོངས། །
 
གོ་ལའི་ཁྱོན་དང་གཟའ་སྐར་རང་འགྲོས་སོགས། །
ལོ་ཟླ་ཞག་དུས་གྲངས་ཚད་རྣམ་བཞག་ཀུན། །
ཡོངས་སུ་གསལ་བའི་འགྲེལ་མཛད་རྣམ་དཔྱོད་ཅན། །
བུ་སྟོན་རྗེ་དང་གཙུག་ལག་ཕྲེང་བའི་ཞབས། །
 
ལོ་ཟླ་ཞག་དུས་བཟང་ངན་ཁྲ་མར་བཀོད། །
ལྐོག་གྱུར་ཆར་ཞོད་སད་སེར་སྔོན་བརྡ་སྒྲོག །
ཡུལ་གྲུའི་སོ་སོའི་ཁྱད་ཆོས་རང་སྲོལ་འགོད། །
ཕུག་མཚུར་རྩིས་ཀྱི་སློབ་དཔོན་དེ་ཀུན་བསྔགས། །
 
བན་བོན་དབྱེར་མེད་རིག་གཞུང་རང་སོར་འཇོག །
སྐར་འབྱུང་རྩིས་ཀྱི་སྙིང་བཅུད་གཡང་དུ་བླངས། །
བེེ་ཌཱུར་དཀར་པོས་བོད་ཀྱི་རང་ལུགས་བསྐྱངས། །
མི་ཡི་དབང་པོ་སངས་རྒྱས་རྒྱ་མཚོ་རྒྱལ། །
 
དཀར་ནག་རྒྱ་བོད་ཀུན་གྱི་རྩིས་གཞུང་གཟིགས། །
ནམ་ཟླ་དུས་ཀྱི་གཟེར་རྣམས་ཉི་སྐར་གཙོ། །
ལེགས་ཉེས་ལྟས་ཀྱི་བྱེ་བྲག་ཡུལ་སྲོལ་གཅེས། །
རྣམ་དག་རྩིས་ཀྱི་སློབ་དཔོན་ཆོས་འབྱུང་རྗེ། །
 
རང་གི་གཞུང་བཟང་བོན་ལུགས་ཡིན་ཞེས་སྨོད། །
གཞན་ལུགས་རྨོངས་དད་རིན་ཆེན་གསེར་དུ་སྒོམ། །
ལོག་པའི་ལམ་སྟོན་གསེར་རྟའི་རྩིས་རམས་པར། །
ཡེ་ཤེས་དབྱིངས་ནས་སྙིང་རྗེའི་ཆར་གྱིས་བརླན། །
 
ཡིག་ཕྲེང་བཅུ་ཙམ་གོ་དོན་མ་རྟོགས་པ། །
ཡིན་མིན་རྣམ་བཤད་འབྲུག་ལྟར་གྲགས་པ་འདི། །
གདོན་འདྲེ་ཤར་བཞག་མདོས་གླུད་ནུབ་ཕྱོགས་སུ། །
སྐྱེལ་བའི་གཏམ་གྱི་དཔེ་ལས་མ་འདས་སོ། །
 
ནམ་མཁའི་རྒྱུ་སྐར་བར་སྣང་རླུང་པོ་སྤྲིན། །
ས་གཞིར་བྱ་དང་བྱེ་འུས་འཕོ་བསྐྱས་རྟགས། །
གཟའ་སྐར་འཕྲོད་སྦྱོར་འབྱུང་ཁམས་བརྟག་པ་སོགས། །
རང་བྱུང་ཚན་རིག་རྩིས་གཞུང་རང་གི་ལུགས། །
 
ཉི་མ་ནག་ཆེན་ངན་པ་དགུ་འཛོམས་དང་། །
གྱོ་ཁང་ཡན་ཀྭོང་ས་གླང་བརྟག་པ་སོགས། །
རྒྱ་ནག་ཡུལ་དུ་དོར་བའི་རྨོངས་དད་རིགས། །
བོད་ཡིག་ཡོད་ཀྱང་བོད་ཀྱི་རང་ལུགས་མིན། །
 
མེས་པོའི་སྲོལ་ལུགས་འབྲོག་པའི་སོ་ནམ་འགོག །
རྒྱ་ལུགས་ཆོས་སྲོལ་སྔོ་ཟས་བོད་ལ་སྤེལ། །
བོད་མོར་འདྲེ་མཐོང་རྒྱ་མོ་ལྷ་རུ་བཀུར། །
གསེར་རྟར་དར་ཡང་བོད་ཀྱི་རང་ལུགས་མིན། །
 
ཞིང་འབྲོག་འཚོ་བ་དགེ་བཅུའི་ཁྲིམས་ཀྱིས་བཅུན། །
བཙུན་པ་ཕོ་མོ་གདན་ཁྲི་གཅིག་ཏུ་འཚོགས། །
སེར་གོས་གྱོན་ཞིང་འབངས་ལ་མནར་གཅོད་གཏོང་། །
གསེར་རྟར་དར་ཡང་འདུལ་བའི་རང་ལུགས་མིན། །
 
སྲིད་དོན་ཆེད་དུ་སྤྱི་ཚོགས་སྒྲིག་ལམ་སྤེལ། །
རང་འདོད་ཆེད་དུ་བོད་འབངས་སྐྱབས་འོག་ཕུད། །
མཐུན་སྒྲིལ་ཆེད་དུ་བྱམས་བརྩེས་རྒྱ་སློབ་བསྐྱངས། །
གསེར་རྟར་དར་ཡང་སངས་རྒྱས་ཆོས་ལུགས་མིན། །
 
རང་རིགས་རྨོངས་དད་སྤོང་བའི་འབོད་སྐུལ་ཞིག །
ལྷག་བསམ་དར་དཀར་བརྒྱུད་ནས་སྤྲིངས་པ་ལ། །
བོད་འབངས་གཡོ་སྒྱུའི་འོག་ནས་ཐར་དོགས་གིས། །
འོ་དོད་བླ་རུང་སྒར་གྱི་རྩིས་པས་སྤེལ། །
 
དད་ལྡན་ཧམ་པས་འདུལ་བའི་ངན་ལོང་གིས། །
གང་དྲན་ཧོབ་ཚོད་སྨྲ་བའི་ལུང་རིགས་དེ། །
གནས་ལུགས་བདེན་པས་དཔྱད་པའི་དངོས་གཙོ་བ། །
དེང་རབས་རྟོག་གེ་པ་ལ་གད་མོའི་གནས། །
 
ཆོས་སྲིད་ཁྱོད་ཀྱི་རྗེས་སུ་མི་འབྲངས་པའི། །
ཉམས་ཆུང་བོད་འབངས་མནར་བའི་ལང་ཤོར་དེས། །
རང་ཉིད་ཆེ་བར་རློམས་པའི་བཀའ་བཀྱོན་འདི། །
བོད་ཀྱི་རྒྱལ་ཁམས་པ་ལ་བཏང་སྙོམས་སོ། །
 
རྒྱ་ལུགས་སྔོ་ཟས་ཟོས་པའི་རིག་སྟོབས་འོད། །
ས་མཐོ་གསེར་རྟའི་ཕྱོགས་ནས་མཆེད་པ་དང་། །
བོད་ལུགས་ཤ་མར་ཟོས་པའི་ཁྲག་རླངས་སྤྲིན། །
རྒྱ་ནག་པེ་ཅིང་གྲོང་ནས་མཁའ་ལ་འཁྲིགས། །
 
ངན་དགུ་བོད་ལུགས་ཡིན་པའི་བདེན་དཔང་དུ། །
འཇམ་དབྱངས་རིག་པའི་རལ་གྲི་འཕྱོར་མཛོད་དང་། །
གངས་ཅན་འབྱུང་བཞི་རིག་པའི་རང་སྟོབས་ཀྱི། །
རྡུལ་ཕྲན་མཚོན་གྱི་འཁོར་ལོ་འདི་ནས་བསྐོར། །
 
ཕོ་མོ་ཁྲི་སྟོང་འདུས་པའི་དགེ་འདུན་སྡེས། །
ལྗགས་འདབ་སྟོང་དུ་སྤྲུལ་ནས་རྩོད་འདོད་ན། །
གངས་ལྗོངས་མཁས་པ་གཞོན་ནུའི་སྙིང་བཅུད་ཀུན། །
གཅིག་བསྡུས་སློབ་གྲྭའི་རིག་སྒོ་འདི་ན་ཕྱེས། །
 
བཟོད་པའི་གོ་དང་བྱང་ཆུབ་སེམས་དོར་ནས། །
རྡོ་དང་དབྱུག་པའི་མཚོན་ཆས་འཁྲུགས་འདོད་ན། །
ཕ་མེས་བརྒྱུད་པའི་དཔུང་པའི་ཤ་རྒོད་ལ། །
ཆོས་དྲུག་བརྒྱུད་པའི་རླུང་འཁོར་འདི་ནས་བསྐོར། །
 
དེ་ལྟར་མཁས་པ་དགྱེས་པའི་མཆོད་སྤྲིན་འདི། །
གཞོན་ནུ་དགྱེས་བྱེད་གྲོགས་པོ་མཚར་བྱེད་དང་། །
བླ་སྤྲུལ་རྣམས་ལ་བཟོད་པའི་ཡུལ་མཆོག་ཉིད། །
དམ་པའི་གྲོགས་ལ་ལེགས་པའི་སྐྱེས་འདི་འབུལ། །
  ཞེས་པ་མཆོད་པ་བརྗོད་པའི་ཀུ་རེའི་ངག་རྩེད་ཀྱིས་སྣེ་དྲངས་ནས་དམ་པའི་གྲོགས་མཆོག་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྩིས་རིག་སྨྲ་བ་དགེ་དཔལ་ལགས་ལ་བཀའ་ལན་དུ་ཞུ་བར། ཉེ་ཆར་ཁོ་བོས་རང་གི་མི་རིགས་འདི་ཡུན་རིང་པོ་ཞིག་རྨོངས་པའི་གཉིད་ལམ་དུ་སོང་བའི་དོན་རྐྱེན་འདི་ལས་རིམ་བཞིན་སད་པའི་དུས་ལ་བབས་འོས་སྙམ་ཞིང་། གནའ་སྲོལ་གྱི་རིག་གནས་ནང་དུ་གང་ཞིག་ཚན་རིག་ཡིན་པ་དང་། གང་ཞིག་རྨོངས་དད་ཡིན་པ། གང་ཞིག་མི་རིགས་རང་གི་རིག་གནས་ཡིན་པ་དང་། གང་ཞིག་རྒྱ་དཀར་ནག་ནས་བསྒྱུར་བའི་རིག་གནས་ཡིན་པ་སོགས་རེ་རེ་བཞིན་གོ་བདེའི་ངག་གིས་གསལ་བཤད་ཅིག་འགོ་བཙུགས་ནས། བོད་ཀྱི་ལོ་ཐོའི་ནང་དུ་གནའ་བོའི་དུས་སུ་རྒྱ་ནག་ནས་བསྒྱུར་བའི་ཡན་ཀྭོང་དང་། ངན་པ་དགུ་འཛོམས་སོགས་དེང་དུས་རྒྱ་ནག་རང་གིས་ཡུལ་དུའང་བེད་སྤྱོད་སྲོལ་མེད་པ་ཆགས་ཟིན་པའི་རྨོངས་དད་ཀྱི་རིགས་འདི་དག་གསལ་བཤད་ཅུང་ཟད་བྱས་པ་ལ། གསེར་རྟ་བླ་རུང་སྒར་གྱི་རྩིས་པ་དགེ་དཔལ་ཞུ་བ་ཞིག་གིས་ཁོ་བོ་ལ་བཀའ་བཀྱོན་གནང་བའི་གུས་ལན་དུ་ཕུལ་བར། དེ་ཡང་འདིར་སེར་མོ་བ་ལ་གུས་པ་མཚོན་པའི་ཆེད་དུ། བླ་རུང་གི་རྩིས་རམས་པ་དགེ་དཔལ་གྱིས་གསུང་རྣམས་ཡིག་གཟུགས་དམར་པོ་དང་། ཁོ་བོས་ལན་དུ་ཞུས་པ་རྣམས་ཡིག་གཟུགས་ནག་པོ་བྱས་ཡོད།
 
   ༡༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་མ་ཤེས་ཤེས་ཁུལ་གྱི་འདི་འདྲ་བྲིས་འདུག ” ཅེས་ཁོ་བོས་རྨོངས་དད་སེལ་བྱེད་དུ་བཏང་བའི་འཕྲིན་ཡིག་དེ་ཆ་ཚང་འདིར་་བཀོད་ཡོད་འདུག་པར།
   ༡༽ དེ་ལ་ཁོ་བོས་ལན་དུ། ལེགས་སོ། ། འདི་ངས་མི་ཤེས་ཤེས་མདོག་རེད་མི་འདུག ཁྱེད་རང་གིས་མི་གོ་གོ་མདོག་གནང་འདུག ངས་བཤད་པ་བོད་ལུགས་ཀྱི་རྩིས་གཞུང་ནང་དུ་ངན་པ་དགུ་འཛོམས་ཞེས་པ་མ་མཐོང་། ཟེར་བ་ལས་བོད་ཡིག་ནང་ལ་ངན་པ་དགུ་འཛོམས་མ་མཐོང་ཟེར་བའི་ཚིག་གཅིག་ཀྱང་མེད། རྒྱ་ནག་ལུགས་ཡིན་ཟེར་བ་ནི་རྒྱ་ནག་ལུགས་རྙིང་བོད་ཡིག་ཏུ་བསྒྱུར་བའི་རྩིས་རིག་ཡིན་པ་ནི་སུས་ཀྱང་ཤེས་ཐུབ།
   ༢༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “དེའི་ལན་དུ་སྤྱིར་ཁོང་བོད་ཀྱི་ལོ་རྒྱུས་རིག་པར་མཁས་པ་ཆེན་པོ་རེད། ཁོང་གི་ལོ་རྒྱུས་གྱི་ཡིག་ཆ་དེ་ཚོར་ལེགས་ཆ་མང་པོ་ཡོད་དེས་ཆ་ནས་གུས་འདུད་ཡོད། འོན་ཀྱང་ནོར་བ་གཏན་མེད་མ་རེད་ཁྱད་པར་དུ་ཁར་རྩང་ཁོང་གིས་བྲིས་པའི་ཉོག་གཏམ་དེས་རང་ཉིད་ཀྱི་ནང་ཆ་ཕྱིར་བསྟན་པ་ཙམ་མོ།” ཞེས་གསུངས་པར།
   ༢༽ དེ་ལ་ཁོ་བོས་ལན་དུ། འདིར“དེས་ཆ་ནས་”ཞེས་པ་ཡིག་ནོར་རེད། བོད་སྐད་ཡང་དག་ལ་དེའི་ཆ་ནས་ཞེས་འབྲི་དགོས། ཁོ་བོས་མི་ཚེ་གཅིག་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱས་ཤིང་། སློབ་ཁྲིད་བྱས་པའི་མཐར་འབྲས་སུ། གནའ་བོའི་ཆོས་ལུགས་གྲུབ་མཐའི་ཆགས་སྡང་གིས་བོད་ཀྱི་ལོ་རྒྱུས་རྫུན་རྙོག་གི་དྲ་བའི་ནང་དུ་བཅུག་པ་དེ་དག་གང་འཚམ་ཞིག་བདེན་དོན་ཕྱི་གསལ་ནང་གསལ་བྱས་པ་ལས། གསར་གཏོད་ཀྱི་ལེགས་ཆ་གང་ཡང་མེད་ཀྱང་བསྟོད་བསྔགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ལོ་རྒྱུས་ལ་ལེགས་ཆ་ཡོད་པ་དང་། སྐྱོན་གཏན་ནས་མེད་པ་མ་ཡིན་པ་ཞེས་ཧམ་ཚད་ཆེན་པོས་གདེང་འཇོག་གནང་བ་འདི་ནི། དད་ལྡན་བོད་མི་རྣམས་ཀྱི་མིག་ལམ་དུ། གཟན་ཤམ་ཞིག་གྱོན་པ་ཙམ་གྱིས་ཐམས་ཅད་མཁྱེན་པ་ཡིན་པའི་རྨོངས་སེམས་དེ། ང་ཚོ་རྟོག་གེ་པའི་བློ་ལ་མེད་སྟབས། ཁྱེད་ལྟ་བུ་ལོ་རྒྱུས་རིག་པའི་སློབ་གྲྭའི་སྒོ་ཐོན་ཙམ་ཡང་བརྒལ་མ་མྱོང་བ་ཞིག་གིས་བསྟོད་སྨད་གང་བྱས་ཀྱང་དགའ་སྡུག་གི་ཚོར་བ་ཏིལ་འབྲུ་ཙམ་ཡང་སྐྱེ་ག་ལ་སྲིད།
   ནང་ཆ་ཕྱིར་བསྟན་པ་གསུངས་པ་ཡང་ངེད་གཉིས་གོ་ལྡོག་ནས་གོ་བ་ལེན་དགོས་པ་ཞིག་སྟེ། ཀྲུང་གོའི་རྒྱལ་ཡོངས་ལ་སྐད་གྲགས་ཆེ་བའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནང་དུ། མི་མང་བ་ཙམ་ལས་རྩིས་ཤེས་མཁན་མེད་པའི་ནང་ཆ་དངོས་སུ་བསྟན་འདུག ཧ་ཧ་ཧ།
   ༣༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ དེ་ཡང་གོང་དུ་ངན་པ་དགུ་འཛོམ་བོད་ཀྱི་མིན་པའི་རྒྱུ་མཚན་རྩིས་རིག་ཡིག་རྙིང་ལས་མ་མཐོང་བར་བཤད། དེ་ནི་ཁོང་རང་གིས་མ་མཐོང་བར་ཟད་ཀྱི་ཤིན་ཏུ་གྲགས་ཆེན་གྱི་རྩིས་ཡིག་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནས་ཡོད་པའི་རྩིས་ཡིག་ཕྱིས་སུ། ཕྱི་ལོ ༡༣༤༠ ལྕགས་འབྲུག་ལོར་འཁྲུངས་པའི་ཨོ་རྒྱན་སངས་རྒྱས་གླིང་པས་གཏེར་བྱོན་དགོང་འདུས་སྐར་མཛོད་ལས། དཔྱིད་ར་སྟག་ཟླའི་ཚེས་བདུན་ཉིན་གཟའ་ཉི་མ་ནག་པོ་དང་༔ ཞེས་དང་།” ཞེས་པར།
   ༣༽ དེ་ལ་ཁོ་བོས་ལན་དུ། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ། ཞིབ་པར་མཁྱེན་འདོད་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《བཻ་དཀར》དང་། དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི《ཉེར་མཁོ་བུམ་བཟང》སོགས་ལ་གཟིགས་པར་ཞུ། རྒྱ་རྩིས་འཁྲུལ་པ་ཅན་བོད་དུ་བྱུང་ཚུལ་སྐོར། དབོན་པོ་ཀརྨ་ངེས་ལེགས་ཀྱིས་མཛད་པའི་རྩིས་གཞུང《ཉེར་མཁོ་བུམ་བཟང》དཔལ་སྤུངས་ཤིང་སྤར་མའི་ཤོག་ངོས ༤༧ པར། “དོན་དུ་བོད་དུ་མེས་ཨོག་ཚོམ། །ཡན་ལ་འཁྲུལ་པ་མེད་མོད་ཀྱང་། །དེ་སྲས་ལ་བསུས་རྒྱ་མོ་བཟས། །སྲས་གྲོངས་མེས་དང་འདུས་པ་ལས། །སྲས་པོ་འཁྲུངས་པ་ཚེ་སྤོང་བཟས། །འཕྲོག་པའི་ཡི་མུག་ལ་བརྟེན་ནས། །ས་དཔྱད་ཉམས་བཅུག་རྩིས་ཀྱི་གཞི། །ལོ་སར་ཟླ་བ་གང་ཡིན་པ། །ང་ལ་མ་འདྲི་རྒྱལ་ལ་དྲིས། །ཞེས་པའི་མདོ་སྡེ་ཀོལ་བུ་ཆུང་། །བརྩམས་ནས་ཐམས་ཅད་འཕྱུགས་བཅུག་པས། །རྗེས་སུ་བུས་མ་ངོ་ཤེས་དུས། །ལེགས་པར་བཅོས་ཀྱང་འཕྲོ་ལུས་པའི། །རྗེས་འབྲང་ཧོར་ཟླ་བཅུ་གཉིས་པ། །སྟག་ཟླར་འདོད་པ་འདི་བྱུང་ཞིང་། །” ཞེས་སོགས་ཁྲི་སྲོང་སྐབས་སུ་རྒྱ་རྩིས་བྱུང་བ་མ་ཟད་རྫུན་བཅོས་བྱས་པའི་རྒྱ་རྩིས་ཀྱང་བྱུང་ཡོད་པ་རེད། བོད་རྩིས་ནང་དུ་གཟའ་ཉི་མ་ནག་པོ་ཟེར་བ་ཞིག་མ་མཐོང་ཡང་། ཁྱོད་ཀྱིས་གསུངས་པ་དེ་ཕལ་ཆེར་ཉི་ནག་ཡིན་པ་འདྲ། དེ་ལྟར་ན། དཔྱིད་ར་སྟག་ཟླའི་ཚེས་བདུན་ཉི་ནག་ཡིན་ཀྱང་དེ་ནི་རྒྱ་ནག་ནས་བསྒྱུར་བའི་རྩིས་རིག་ཡིན་པ་བོད་ཀྱི་རྩིས་དཔེ་ཐམས་ཅད་ནང་གསལ་པོར་གསུངས་ཡོད་པ་རེད། ཁྱེད་ཀྱིས་ཁུངས་སུ་དྲང་བའི《དགོངས་འདུས་སྐར་མཛོད》ནི། སྤྲུལ་སྐུ་ཨོ་རྒྱན་གླིང་པས་རྒྱ་གར་དང་། རྒྱ་ནག བོན་ལུགས་རྣམས་ཉ་ཉོག་ཏུ་བསྲེས་ནས་བསྒྲིགས་ཤིང་གཏེར་མ་ཡིན་པར་བརྫུས་ཏེ། བོད་ཟླ་བཅུ་གཉིས་པ་དཔྱིད་ར་སྟག་ཟླ་འཛིན་པའི་དཔེ་ཆ་དེ། དུས་ཕྱིས་བོད་ཀྱི་ཡོངས་གྲགས་ཕུག་མཚུར་གཉིས་སུ་གྲགས་པ་གང་གིས་ཀྱང་དང་ལེན་མེད་པའི་རྩིས་དཔེ་ཞིག་རེད། སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི། རྒྱལ་བ་བཀའ་བརྒྱུད་པའི་མཁས་པ་ཆེན་པོ་འབྲི་གུང་དཔལ་འཛིན་གྱིས། 《ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ཞེས་བྱ་བ་བཞུགས་སོ། །》 ཞེས་པ་ལས། ཆོས་རྒྱལ་རིན་ཆེན་གླིང་པ་དང༌། །སྤྲུལ་སྐུ་ཨོ་རྒྱན་གླིང་པ་དང༌། །ཚེ་བརྟན་རྒྱལ་མཚན་ལ་སོགས་པ། །རྫུན་གྱི་གཏེར་སྟོན་མང་པོར་བྱུང༌། །ཞེས་ཨོ་རྒྱན་གླིང་པ་གང་ཉིད་ཀྱང་གཏེར་སྟོན་རྫུན་མའི་གྲས་སུ་བཞག་ཡོད་པ་ཁྱེད་ཀྱིས་མ་མཁྱེན་ནམ། །[མུ་འགོད](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག