ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

གསེར་རྟའི་བླ་རུང་གི་རྩིས་རམས་པ་ལ་བརྒལ་ལན་སྦྲང་རྩིའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །[༢]

2015-01-03 ཐུབ་བསྟན་ཕུན་ཚོགས།
  ༤༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ ཕྱི་ལོ་༡༦༨༧་མེ་ཡོས་ལོར་བརྩམས་པའི་བསྟན་བཅོས་བཻ་དཀར་གྱི་འབྱུང་རྩིས་ཚེས་རྒྱུའི་ས་བདག་སྐབས། ཉི་མ་ནག་ཆེན་ཞེས་གྲགས་པ། །ཡ་བདུད་རྡོ་རྗེ་གློག་ཕྲེང་དང་། །ས་སྲིན་འབར་མ་བྱ་བ་ལ། །བུ་ནི་རཱ་ཧུ་ལ་ཞེས་དང་། །བུ་མོ་འབྲོག་སྲིང་ཆུ་སྲིན་གདོང་། །དེ་འོག་སྟག་སྲིང་ཟོར་གདོང་དང་། །དེ་འོག་ཀོང་སྲིང་བ་ཡང་གདོང་། །ཆུང་བ་བམ་སྲིང་དྲེད་གདོང་བཞི། །དེ་ནས་རཱ་ཧུས་རི་རབ་ལ། །གཡས་བསྐོར་བམ་སྲིང་གཡོན་བསྐོར་བས། །དཔྱིད་རའི་ཚེས་བདུན་མནོལ་ཤོར་དུས། །འདི་ལ་ངན་པ་དགུ་འཛོམ་ཞེས། །འོག་རླུང་སྟེང་དང་སྟེང་རླུང་འོག །ཐད་རླུང་འཁྱུག་ཅིང་འབྱུང་ལྔ་འཁྲུག །བཙན་དུག་ལྟ་བུའི་ཉི་འཆར་ཞེས། །ཞེས་ངན་པ་དགུ་འཛོམ་ནི་ཉི་ནག་གིས་འབྲས་བུར་གསལ་བར་གསུངས་པ་དང་། ” ཞེས་པར།
  ༤༽ དེ་ལ་ཁོ་བོས་ལན་དུ། དེང་དུས་ལུགས་ཀྱི་བསྟན་བཅོས་རྩོམ་པ་པོ་ངོས་འཛིན་ལྟར་ན། 《བཻ་དཀར》ནི་སྡེ་སྲིད་ཀྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་རེད་མ་གཏོགས། གསར་རྩོམ་བྱས་པ་ཞིག་མ་ཡིན་པ་སུས་ཀྱང་ཤེས་སླ། འདིའི་ནང་དུ་མང་ཆེ་བ་ནི་གནའ་བོའི་བོན་ལུགས་ཀྱི་འབྱུང་རྩིས་ཡིན་པ་ད་ལྟ་པོ་ཏཱ་ལའི་དཔེ་མཛོད་དུ་བཞུགས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས《བཻ་དཀར》རྩོམ་སྒྲིག་བྱེད་སྐབས་ཀྱི་དཔྱད་ཡིག་ཡིན་པར་གྲགས་པ་འདི་དག་ལ་གཟིགས་དང་། དེ་དག་ཕལ་ཆེར་བོན་གྱི་ཡིག་ཆ་བསྒྱུར་བཅོས་གང་ཡང་མ་བྱས་པ་ད་ལྟར་ཡང་བཞུགས་ཡོད་པ་འདི་དག་ཡིན་ཞིང་། 《བཻ་དཀར》ནང་དུ་གཙོ་བོ་བོན་གྱི་འབྱུང་རྩིས་དང་། དུས་འཁོར་སྐར་རྩིས། རྒྱ་རྩིས་རྙིང་མ་རྣམས་ཕྱོགས་བསྒྲིགས་མཛད་པ་ཡོངས་གསལ་རེད། འོན་ཀྱང་རྒྱ་རྩིས་རྙིང་མ་འདི་དག་ཁུངས་བཙུན་མ་ཡིན་པའི་ཚུལ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས《ཤེས་བྱ་ཀུན་ཁྱབ》མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་༢༩༩ པར། “བོད་འདིར་ཐོག་མར་ཀོང་ཇོ་སྔ་ཕྱིས་རྒྱ་ནག་གི་རྩིས་གཞུང་བསྣམས་ཏེ་སྲོལ་ཕྱེས། ཕྱི་དར་ལ་ལོ་ཙཱ་བ་ཁམས་པ་ཁྲ་མོ་དང་། པཎྜི་ཏ་ཟླ་བ་ནག་པོ། ཁྱུང་ནག་ཤཱཀྱ་དར་རྒྱས་སོགས་ཀྱིས་གསལ་སྒྲོན་གྱིས་མཚོན་པའི་གཞུང་མང་པོ་བསྒྱུར་བཤད་མཛད། སྔ་འགྱུར་རྣམས་ཀོང་ཇོ་ཕྱི་མས་བསྐོར་མགོ་བསྒྱུར་བ་དང་། འགའ་ཞིག་བོད་བསོད་ནམས་དམན་ཞིང་། རྒྱ་ནག་གི་མི་ཞེ་གནག་པས་གནད་གསང་གི་སྐོར་མགོ་རྣམས་སྤས་པ། མིན་པ་ལ་ཡིན་པར་བཟུང་། རང་བཟོའི་རིགས་པ་གསེར་དུ་རློམས། སྙིང་པོའི་འབྲས་བུས་སྟོངས་པའི་བཤད་ཡམས་ལོ་མ་མང་པོས་ཤིན་ཏུ་བསླད་ཆེ་བར་རྒྱ་ནག་དངོས་དང་མཐུན་པའི་གཞུང་མ་མཆིས།” ཞེས་རྒྱ་རྩིས་རྙིང་མའི་ནང་དུ་རྩིས་རྫུན་ཡོད་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་གསལ་པོར་གསུངས་འདུག །
  དེ་ལས་གོང་དུ་ཉིད་ཀྱིས་དྲངས་པའི《བཻ་དཀར》གྱི་ལུང་འདི་ནི་གནའ་དུས་རྒྱ་རྩིས་བོད་དུ་བསྒྱུར་བའི་ས་བདག་ཤོག་ཁྲའི་ལེའུ་ཡིན་ཏེ། ས་བདག་ཁ་ཤས་ཀྱི་མིང་རྒྱ་སྐད་རང་སོར་བཞག་ཡོད་པ་དཔེར་ན། ཝང་གི་དང་། པི་ལིང་ལྟ་རྣམས་སོ། །དེའང་ཁྱོད་རང་གིས་ལུང་དྲངས་པའི་ལེ་ཚན་དེའི་ཤོག་ངོས ༢༠༤ ལ་གཟིགས་དང་། “རྒྱ་ནག་སྐད་དུ་འབྲུག་རྗེ་ཟེར། །བོད་དུ་ནང་ལྷ་ཞེས་པ་ནི།” ཞེས་དང་། ཡང་། ཤོག་ངོས ༡༩༧ པའི་ངོས་སུ། “ཡང་ནི་གནམ་ཁྱི་ནག་པོ་འདིར། །རྒྱ་རྩིས་གསར་རྙིང་རྣམ་པ་གཉིས། །རྙིང་མ་ཟླ་བ་གང་ཤར་འཇུག །མདུན་ཟུར་ཁ་རུ་མགོ་བོ་ཡང་། །གསར་མ་དེ་ལས་ལྡོག་པ་སྟེ།” ཅེས་སོགས་རྒྱ་སྐད་ནས་བོད་ཡིག་ཏུ་བསྒྱུར་བའི་སྐོར་གསལ་པོར་གསུངས་ཡོད་པ་རེད། དེས་ན་ཁོ་བོས་ཀྱང་ཉི་མ་ནག་པོ་དང་། ངན་པ་དགུ་འཛོམས་ཟེར་བ་དེ་རྣམས་རྒྱ་ནག་ལུགས་ཡིན་པ་སྒྲུབ་བྱེད་ཁྱེད་ཀྱིས་དྲངས་པའི་ལུང་འདི་དག་ཡིན་ནོ། །ཐུགས་རྗེ་ཆེ། ཐུགས་བསམ་བཞེས་ཤིང་བཀའ་མོལ་གནང་ན་ལེགས་སོ། །
  ༥༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ གཞན་ཡང་། ཉིན་སྣང་བུ་ཡིག་དང་། རྩིས་མགོ་བརྒྱ་པའི་ས་བདག་ཤོག་ཁྲ་དང་། ས་སྐྱའི་རྩིས་མཛོད་ཤོག་ཁྲ་དང་། ཆག་མེད་ཁྲ་ལེབ་སོགས་སུ་དཔྱིད་རའི་ཚེས་བདུན་ལ་ཉི་མ་ནག་ཆེན་རྒྱུ་བར་གསུངས་ཡོད་པས་ཁྱོད་ཀྱིས་ཡོངས་གྲགས་ཀྱི་ཆེས་སྔ་མོའི་རྩིས་གཞུང་དེ་དག་ཀྱང་མ་མཐོང་བར་ཟད་དོ།” ཞེས་པར།
  ༥༽ དེ་ལ་ཁོ་བོས་ལན་དུ། འདི་དག་རྒྱ་ནག་གི་ལུགས་རྙིང་ཡིན་པ་དང་། དེ་དག་བོད་སྐད་བསྒྱུར་བའི་སྐོར་གོང་གི་ལན་བཞི་པའི་སྐབས་སུ་བཤད་ཟིན་པས་དེས་མ་འཐུས་པ་མི་འདུག །
  ༦༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “གཞན་ཡང་རྒྱ་ནག་ཞིང་རྩིས་ལུགས་ལ་ས་བདག་དེ་ལྟ་བུ་ཞིག་ཡོད་ན་ཁུངས་སྟོན་དགོས་སོ།” ཞེས་པར།
  ༦༽ དེ་ལ་ཁོ་བོས་ལན་དུ། རྒྱ་བླ་དང་། རྒྱ་སློབ་ཀྱིས་གང་བའི་གསེར་རྟའི་བླ་རུང་ནང་དུ། རྒྱ་ནག་ཞིང་རྩིས་རྙིང་པའི་ས་བདག་ཤོག་ཁྲ་ཡོད་པ་ཙམ་ཡང་མི་མཁྱེན་པ་ནི་ཧ་ཅང་ཡ་མཚན། འདི་དག་སྔ་མོ་ཉིད་ནས་རྨོངས་དད་ཀྱི་ཁོངས་སུ་བོར་ཟིན་སྟབས། རྒྱ་ནག་ཡོངས་ཁྱབ་ཀྱི་དཔེ་ཁང་ནང་དུ་བཙོང་རྒྱུ་མེད་ནའང་། རྒྱ་ནག་གྲོང་གི་སྲང་ལམ་ཁག་ཏུ་དངོས་འགྲེམས་མ་ཡིན་པའི་དཔེ་ཆའི་ཚོང་ར་ན་ག་ས་ག་ལ་རྙེད་ཐུབ་པ་མ་ཟད། ས་བདག་ཤོག་རིས་འགའ་ཞིག་ནི་པེ་ཏུའུ་དྲྭ་རྒྱ་ལས་ཀྱང་བཙལ་ཐུབ། དཔེར་ན།
  土地爷是古代汉族传说中掌管一方土地的神仙,住在地下,是神仙中级别最低的。俗话说“别拿土地爷不当神仙”。在汉族民间土地神的形象千姿百态,性格各异。作为地方保护神,流行于全国各地,旧时凡有人群居住的地方就有祀奉土地神的现象存在。
  དེ་ཙམ་དུ་མ་ཟད་ཁྱོད་རང་གི་ལུང་དྲངས་པའི་མ་དཔེ《བཻ་དཀར》ཤོག་ངོས ༢༤༣ པའི་ངོས་སུ། རྒྱ་རྩིས་གབ་རྩེ་བཅོ་ལྔ་བོད་ཡིག་ཏུ་བསྒྱུར་བའི་དཀར་ཆག་ནང་དུ་ས་བདག་ཤོག་ཁྲ་ཡོད་པར། “ལྔ་པ་ཁྲ་མོ་སྟོང་སྐོར་ནི། །འཕྲུལ་གྱི་མེ་ལོང་ཕྱི་ཤོག་ཁྲ། །མ་བུ་དང་ནི་བཅོ་ལྔ་བསྒྱུར། ” ཞེས་གསུངས་པ་ལ་གཟིགས་རོགས།
  གླང་རྩིས་དང་། ས་བདག་ཤོག་ཁྲ་རྣམས་བོད་ཡིག་ཏུ་བསྒྱུར་རྗེས་རི་མོ་ཕལ་ཆེར་བོད་ལུགས་དང་བོད་ཆས་སུ་བསྒྱུར་བའི་ཁྱད་ཙམ་ལས། རྣམ་བཤད་ཕལ་ཆེར་གཅིག་མཐུན་ཡིན་འདུག །
  འོན་ཀྱང་གསལ་བཤད་དགོས་པ་ཞིག་ལ། འབྱུང་རྩིས་ཀྱི་གཞུང་དངོས་དང་། གཏོ་མདོས་སོགས་ཀྱི་སྐོར་གནའ་བོའི་བོན་ལུགས་ཡིན་པ་ལས། རྒྱ་ནག་ནས་བསྒྱུར་བ་ཡིན་པའི་བཤད་ཚུལ་དེ་ནི་གྲུབ་མཐའི་ཆགས་སྡང་གིས་བོན་ལུགས་རྒྱ་ལུགས་ཡིན་པར་བསྒྲགས་པ་ཙམ་ལས། རྒྱ་ནག་ཡུལ་དུ་དེ་དག་དང་འབྲེལ་བའི་མ་ཡིག་རྩ་བ་ནས་རྙེད་རྒྱུ་མི་འདུག །
  ༧༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “ གལ་ཏེ་ཁྱོད་ཀྱི་ལོ་ཐོའི་ནང་དུ་འདི་རིགས་མི་བཀོད་ན་ས་བདག་ཤོག་ཁྲའི་ལེའུར་བཤད་པའི་སྣང་བརྒྱད་དང་རྡོ་རྗེ་གཙུག་ལག་དང་འབྱུང་རྩིས་དང་ས་བདག་འཁྲུག་བཅོས་སོགས་གཏོ་འབུམ་ལས་བྱུང་བའི་ས་བདག་གནས་པ་དོན་གཉིས་དང་འཕོ་བ་རྗེ་བློན་བཅུ་བདུན་ས་འོག་རིམ་དགུའི་ས་བདག་འགོག་གུ་ཞེ་ལྔ་ལོ་འཁོར་དང་ཟླ་འཁོར་ལོ་ཟླའི་ནག་མོ་དགུ་སྐོར་དང་སིལ་མའི་ས་བདག་སོ་བཞི་དང་ལོ་ཟླ་ཞག་དུས་ཀྱི་ཚེས་རྒྱུ་ས་བདག་སྤར་སྨེ་སྡེ་བརྒྱད་ཀླུ་ཐེབས་བཟློག་སོགས་ཡང་འགོད་མི་དགོས་པར་ཐལ་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། དེ་ལྟ་ན་ཁྱོད་ཀྱི་ལོ་ཐོ་དེ་བོད་ཀྱི་སྲོལ་རྒྱུན་དང་མི་མཐུན་པའི་གསར་བཟོ་དང་ཁུངས་མེད་བོད་ཀྱི་རིག་གཞུང་བརླག་པའི་གཤེད་མར་འགྱུར་རོ། ” ཞེས་པར།
  ༧༽ དེ་ལ་ཁོ་བོས་ལན་དུ། འདི་ཁུངས་ལུང་མེད་པའི་ཧམ་བཤད་ལོང་ཤོར་དུ་སོང་བའི་གཏམ་སྟེ། དཔེར་ན། ཁྱོད་ཀྱིས་ཁྱི་ཤ་མ་ཟ། དེ་བོད་ཀྱི་བཟའ་བྱའི་ཟས་མ་ཡིན། ཞེས་སྨྲས་པའི་ལན་དུ། འོ་ན། གཡག་ཤ་དང་། ལུག་ཤ་དང་། ཕག་ཤ་དང་། ཇ་དང་། རྩམ་པ་དང་། མར་ལ་སོགས་ཁྱོད་ཀྱིས་མི་ཟ་བར་ཐལ། ཁྱོད་ཀྱིས་ཁྱི་ཤ་མི་ཟ་བའི་ཕྱིར། ཞེས་ཟེར་བ་དང་རྣམ་པ་ཀུན་ཏུ་མཚུངས་སོ། ། འདི་ལྟ་བུ་རིགས་ལོག་ནི་མི་སེར་ལ་བརྙས་བཅོས་གོམས་པའི་ཧམ་བཤད་དང་། ཀླད་པར་རྩ་སྐྱོན་ཤོར་བའི་སྨྱོན་པ་མིན་པ་སུས་སྨྲ། ངན་པ་དགུ་འཛོམས་ལོ་ཐོའི་ནང་དུ་མ་བཀོད་ན། རྩིས་འབྲས་གཞན་དག་བཀོད་མི་རུང་པའི་རྒྱུ་མཚན་ཡང་དག་གང་ཡོད་ཞིབ་པར་སྨྲོས་ཤིག གསར་བཟོ་བྱས་ཚད་ཁུངས་མེད་ཡིན་ན། ཚན་རིག་གི་གྲུབ་འབྲས་ཐམས་ཁུངས་མེད་ཡིན་པར་ཐལ། དེ་དག་གསར་བཟོ་ཡིན་པའི་ཕྱིར། ཟེར་ན་ལན་དུ་ཅི་སྨྲ། ཚན་རིག་གསར་པའི་འབྲས་བུ་མི་འདོད་ན། འོ་ན་ངན་པ་དགུ་འཛོམས་དེ་བླ་རུང་རིག་གནས་ཀྱི་རྒྱན་དུ་ལེགས་པར་ཉར་ཚགས་མཛོད་ཅིག །
  ༨༽ གསེར་རྟའི་བླ་རུང་གི་རྩིས་རམས་པ་དགེ་དཔལ་ན་རེ། “བོད་རབ་རྒྱན་ཤིང་རྟ་ལོའི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྩིས་རིག་སྨྲ་བ་དགེ་དཔལ་གྱིས་སོ། ” ཞེས་པར།
  ༨༽ དེ་ལ་ཁོ་བོས་ལན་དུ། གང་ཉིས་ཀྱིས་བོད་ཀྱི་རྩིས་གཞུང་དང་རྩིས་རིག་ལོ་རྒྱུས་ལ་རྒྱུས་མངའ་ཆེར་མེད་པའི་གསུང་ཚུལ་འདི་དག་ལ་བརྟག་ན། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྩིས་རིག་གི་སྒོར་ཐོག་མར་འཇུག་པའི་དགེ་དཔལ་གྱིས་སོ། །ཞེས་གསུང་ན་འཐད་ལྡན་དུ་མཐོང་ངོ་། ཟླ་བཅུ་གཅིག་པ་ཞེས་པ་ནི་ཟླ་བ་ཞེས་པའི་བ་ཡིག་ཆད་ཡོད་པ་འདྲ། །
  འདིར་གསལ་བཤད་ཟུར་མཆན་དུ།
  བོད་ཀྱི་རྩིས་དང་རྒྱ་རྩིས་བར་གྱི་འབྲེལ་བ་མདོར་བསྡུས་གོ་བདེ་ཞིག་ཞུ་བར། སྤྱི་ལོའི་སྔོན་གྱི་དུས་རབས་སུམ་ཅུ་པའི་དུས་ཙམ་ན་བོད་དུ་འབྱུང་རྩིས་དར་ཚུལ《བཻ་དཀར》ལས་གསལ་བ་ལྟར་དང་། དེ་ནས་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྔོན་རྗེས་སུ་བྱུང་བའི་འབྱུང་རྩིས་ཀྱི་སྐོར། 《ཚངས་པ་ལྷ་ཡི་ཡོ་བཅོས》དང་། 《སྲིད་པ་ཡ་ལྷ་གདལ་དྲུག་གི་གཏོ་རབས》 《སྲིད་པ་རང་སངས་ཀྱི་སྙེགས》 《གཡུང་དྲུང་སྲིད་པའི་མེ་ལྷ》 《མཁའ་ཀློང་གསང་བའི་མདོས་ཆེན》ལ་སོགས་པ་བོན་གྱི་ཡིག་ཆ་མང་པོ་ཞིག་ཡོད་པ་འདི་དག་གི་རྩོམ་པ་པོ་སྟོན་པ་གཤེན་རབ་མི་བོ་དང་། གཏོ་གཤེན་འབྲང་དཀར། ལྷ་བོན་ཐོད་དཀར། མུ་ཆོ་ལྡེམ་དྲུག་སོགས་ཀྱི་མཚན་བྱང་འཁོད་པའང་ཡོད་འདུག བོན་གྱི་ཡིག་ཆ་འདི་དག་གི་ནང་དོན་གཙོ་བོར་འབྱུང་བ་སྤར་སྨེའི་ལོ་ཐོ་བརྩིས་ནས་ལོ་ཟླ་ཞག་དུས་བརྟག་པ་མ་ཟད། ནམ་མཁའི་རྒྱུ་སྐར་དང༌། བར་སྣང་གི་རླུང་དང་སྤྲིན་པ། ས་གཞི་ན་བྱ་བྱིའུ་དང༌། ཉི་ཐིག་སོགས་རང་བྱུང་ཁམས་ཀྱི་འགྱུར་བ་ལ་བརྟགས་ནས་དུས་ཚིགས་ངོས་འཛིན་དང༌། ཆར་ཞོད། གངས་རླུང༌། ཚིག་ཐན་སོགས་བརྟག་སྲོལ་བྱུང་ཡོད། དེ་ནས་བོད་རྒྱལ་མཐའ་མ་གླང་དར་མའི་བར་གྱི་སྤུ་རྒྱལ་རིམ་བྱོན་གྱི་སྐབས་སུ་སྔར་གྱི་རྩིས་རིག་དེ་དག་བེད་སྤྱོད་བྱས་པ་གསལ་ཞིང་། ལྷག་པར་དུ་གནམ་རིག་དུས་རྟགས་སྐོར་ལ《ཞང་ཞུང་རྒན་པོའི་ངག་རྩིས》ཞེས་པ། དེ་བཞིན་དུ་ལྷོ་ཁ་གཡའ་བཟང་གི་ཕྱོགས་སུ་དར་བའི《རྒན་མོ་བལ་མའི་ཟླ་རྩིས》ཞེས་པ་འདི་དག་ནི་བོད་རང་གི་ལུགས་སྲོལ་ཡང་དག་ཡིན་འདུག །
  རྒྱ་ནག་གི་རྩིས་བོད་དུ་འགྱུར་བ་ལ་སྔ་འགྱུར་དང་ཕྱི་འགྱུར་གཉིས་ཡོད་པ་ལས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་རྒྱ་ནག་ནས་འབྱུང་རྩིས་བསྒྱུར་བའི་སྐོར་མང་པོ་ཞིག་བཤད་ཡོད་པ་ཡོངས་གྲགས་ཡིན་ཀྱང་དེ་དག་གི་མ་ཡིག་ངོ་མ་ནི་ད་ལྟ་བཻ་དཀར་སོགས་རྩིས་གཞུང་ཁག་ལས་རྒྱ་རྩིས་རྙིང་པ་ཞེས་པའི་ལུང་ཐར་ཐོར་ལས་དཔེ་ཆ་གླེགས་བམ་ཡོད་པ་ནི་མ་མཐོང་། སྐབས་དེར་གང་ཞིག་བསྒྱུར་ཡོད་པའི་དཀར་ཆག་ཙམ་ནི། བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《བཻ་དཀར》ལེའུ་ཉི་ཤུ་པའི་ཤོག་ངོས ༢༤༣ པའི་ངོས་སུ། རྒྱ་རྩིས་སྔ་འགྱུར་གབ་ཙེ་བཅོ་ལྔ་བསྒྱུར་བའི་དཀར་ཆག་བཀོད་འདུག་པ་དེར་གཟིགས་པས་འཐུས། རྨོངས་དད་དང་འབྲེལ་བའི་རྒྱ་རྩིས་སྐོར་འདི་དག་བོད་ཀྱི་ལོ་ཐོ་ནང་དུ་བཀོད་སྲོལ་མང་ཆེ་བ་དེ་དགའ་ལྡན་ཕོ་བྲང་གི་རྗེས་སུ་དུས་རབས་བཅོ་བརྒྱད་མཇུག་ཙམ་ན་མཐོང་རྒྱུ་འདུག རྒྱ་རྩིས་སྔ་འགྱུར་སྐོར་གྱི་ཡན་ཀྭོང་དང་། ཉི་ནག་ལ་སོགས་པ་འདི་དག་རྩིས་རིག་ཡང་དག་མ་ཡིན་པ་གོང་དུ་ཀོང་སྤྲུལ་གྱི《ཤེས་བྱ་ཀུན་ཁྱབ》ཀྱི་ལུང་ལས་གསལ་བ་ལྟར་རོ། །
  རྒྱ་རྩིས་ཕྱིས་འགྱུར་ལ་སི་ཏུ་ཆོས་འབྱུང་གིས་སྤྱི་ལོ ༡༧༥༠ ལོ་ཡས་མས་ཙམ་ན་བསྒྱུར་བའི་གྱོ་ཁང་དང་། གླང་རྩིས་སོགས་རྒྱ་ལུགས་ཞིང་རྩིས་ཚན་པ་ཁ་ཤས་དང་། ཨ་མདོ་དཔའ་རིས་མཱ་ཡང་དགོན་གྱི་རྩིས་རམས་པ་བཟོད་པ་རྒྱ་མཚོས་ཆན་ལུང་ཁྲི་ལོ་དགུ་པ་སྤྱི་ལོ ༡༧༤༤ ལོར་བསྒྱུར་བའི《རྒྱ་རྩིས་སྙིང་བསྡུས》ཞེས་པ་འདི་དག་རེད། བོད་དུ་འགྱུར་བའི་རྒྱ་རྩིས་ཞེས་སྐད་གྲགས་ཆེ་བའི་ཉི་ཟླ་གཟའ་འཛིན་བརྟག་ཐབས་དེ་ནི། དོན་དངོས་རྒྱ་རྩིས་མ་ཡིན་ཞིང་། ནུབ་ཕྱོགས་ཡོ་རོབ་པའི་རྩིས་ལུགས་འདི་རེད། དེ་ནི་རྒྱ་ནག་ཏཱ་མིང་རྒྱལ་རབས་སྐབས་སུ་ནུབ་ཕྱོགས་པའི་ཡེ་ཤུའི་ལུགས་ཀྱི་སྐར་རྩིས་མདོར་བསྡུས་རྒྱ་ནག་ཏུ་བསྒྱུར་བ་དང་། གོང་མ་ཁང་ཞིའི་རྒྱལ་པོའི་སྐབས་སུ་ལུགས་དེ་དར་ཁྱབ་ཆེན་པོ་བཏང་པ་རེད། དེ་ལ་རྒྱ་ནག་པ་རྣམས་ཀྱིས《ནུབ་ལུགས་རྩིས་གསར》དང་། 《ཧྲི་ཞན་ལི》 ཞེས་ཟེར་ཞིང་། བོད་སྐད་དུ་བསྒྱུར་རྗེས《རྒྱ་རྩིས་ཆེན་མོ》 《འཇམ་དབྱངས་བདེ་ཆེན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་སྐད་དུ་བསྒྱུར་བ》 སོགས་ཁ་བྱང་འགའ་ཞིག་འདུག དོན་དུ་བོད་ལ་ཕན་ངེས་པ་རྒྱ་ནག་ནས་བསྒྱུར་བའི་ནུབ་ལུགས་རྩིས་རིག་རྣམས་ལས《རྒྱ་རྩིས་སྙིང་བསྡུས》ཟེར་བ་འདི་ཡིན་ཞིང་། དེ་ནི་ཨ་མདོ་དཔའ་རིས་མཱ་ཡང་དགོན་གྱི་རྩིས་རམས་པ་བཟོད་པ་རྒྱ་མཚོས། རྒྱ་ནག་གི་རྩིས་ཀྱི་སློབ་དཔོན་མཁས་པའི་ཞལ་རྒྱུན་ལྟར་དོན་བསྒྱུར་བྱས་པ་ཡིན་ཞེས་དེབ་དེའི་མཇུག་བྱང་དུ་བྲིས་འདུག དེ་ཉིད་བོད་ཡིག་ཏུ་བསྒྱུར་བའི་སྐོར་རྒྱས་པར་ཤེས་འདོད་ན་ཁོ་བོའི་སློབ་མ་འབུམ་རམས་པ་སྙིང་མོ་རྒྱལ་གྱིས་མཐའ་ཕྱིན་དཔྱད་རྩོམ《བོད་ཀྱི་སྐར་རྩིས་རིག་པའི་ལོ་རྒྱུས་དང་གནས་བབས་ལ་དཔྱད་པ》ཞེས་པ་དེར་གཟིགས་ན་འཐུས།
  རྒྱ་གར་གྱི་དུས་འཁོར་བོད་ཡིག་ཏུ་བསྒྱུར་བའི་སྐོར། སྤྱི་ལོ ༡༠༢༧ པའི་མེ་ཡོས་ལོར་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དཔལ་དུས་ཀྱི་འཁོར་ལོའི་གཞུང་བོད་ཡིག་ཏུ་ཐོག་མར་བསྒྱུར་བ་དང་། དེ་རྗེས་ཙ་མི་སངས་རྒྱས་གྲགས་ཀྱིས་དུས་འཁོར་ཙ་མིའི་རྒྱུད་གསུམ་སོགས་བོད་ཡིག་ཏུ་བསྒྱུར་ཚུལ་ཡོངས་གྲགས་ཡིན་པས་འདིར་ངོ་སྤྲོད་བྱ་བའི་དགོས་གལ་མ་མཐོང་། །
  སླར་སྨྲས་པ།
བོད་ཀྱི་དམངས་སྲོལ་སྐར་ནག་རྩིས་ཀྱི་གཞུང་། །
གདམས་ངག་འབྱུང་ཁུངས་དཔལ་སྤུངས་ཆོས་ཀྱི་སྡེ། །
བསླབས་པའི་དུས་ནི་རིག་གནས་གསར་བརྗེའི་སྐབས། །
འཆད་པའི་དགོས་པ་དེང་གི་དུས་འདིར་མཐོང་། །
 
ལྷག་པའི་བསམ་པས་བོད་འབངས་གཉིད་ལས་སློང་། །
སྡང་བའི་ཐོག་སེར་གསེར་རྟའི་མཁའ་ནས་འཁྲིགས། །
དྲག་སྔགས་མེ་དཔུང་དབྱངས་སུ་གྱེར་བ་ཡི། །
སྙིང་རྗེའི་སྡིགས་མཛུབ་རྒྱལ་ཁམས་པ་དེས་འཕྱར། །
 
བསམ་པའི་སྐུལ་སློང་གདོང་དམར་བོད་ཀྱི་ཆེད། །
སྨྲས་པའི་ཚིག་སྦྱོར་འཇམ་རྩུབ་མ་ངེས་པས། །
འགལ་འཁྲུགས་བྱུང་ན་བཟོད་གསོལ་སྙན་ཚིག་འདི། །
རང་རེ་སྐྱ་སེར་ཁྱད་པའི་གུས་དར་ཡིན། །
   ཞེས་ཤར་དཔལ་སྤུངས་པའི་གྲོང་འདབས་སུ་སྐྱེས་ཤིང་མི་ཚེ་གྱི་ནར་འཁྱར་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྱི་ལོ ༢༠༡༥ ལོའི་ཟླ་བ་དང་པོའི་ཚེས ༡ ཉིན་སྤྲིངས། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག