ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

མཁན་པོ་ཚུལ་ཁྲིམས་བློ་གྲོས་ན་རེ། བོད་ཡིག་ཞང་ཞུང་གི་ཡི་གེ་ནས་རིམ་འགྱུར་བྱས་པ་སོཊ་བཤད་དཀའ།

2015-03-13 མཁན་པོ་ཚུལ་ཁྲིམས་བློ་གྲོས།
  བོད་གངས་ཅན་གྱི་ཡིག་གཟུགས་ནི་ཞ་ལུ་ལོ་ཆེན་གྱི་བཞེད་པས་ཐུ་མིས་ལཉྩ་ལ་དཔེ་བྱས་ནས་དབུ་ཅན་དང་ཝརྟུ་ལ་དཔེ་བྱས་ནས་དབུ་མེད་མཛད་པར་གསུངས། བུ་སྟོན་སོགས་ཀྱིས་ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་མཛད་པར་བཞེད། དགེ་འདུན་ཆོས་འཕེལ་གྱིས་གུཔྟའི་ཡི་གེ་ལ་དཔེ་བྱས་ནས་མཛད་པར་གསུངས་པ་ལས། དགེ་འདུན་ཆོས་འཕེལ་གྱི་བཞེད་པ་འདི་ཉིད་དོན་ལ་གནས་པར་མངོན་ཏེ། སློབ་དཔོན་ཐུ་མི་རྒྱ་གར་དུ་ཡི་གེ་བསླབ་བའི་ཕྱིར་དུ་བྱོན་པ་ནི་ཡོངས་གྲགས་ཡིན་ལ། བྱོན་པའི་དུས་སྐབས་ཀྱང་དུས་རབས་བདུན་པའི་སྟོད་གུཔྟའི་རྒྱལ་རབས་ཕྱི་མའི་སྐབས་ཏེ། རྒྱ་གར་ན་གུཔྟའི་ཡི་གེ་འདི་ཉིད་སྤྱད་པའི་སྐབས་ཡིན་པ་དང༌། གུཔྟའི་ཡི་གེ་འདི་ཉིད་ཕལ་མོ་ཆེ་ཞིག་བོད་ཡིག་དང་ཧ་ཅང་འདྲ་བ་སྟེ། དུས་གཅིག་པ་དང་ཡིག་གཟུགས་འདྲ་བ་འདི་གཉིས་དགེ་འདུན་ཆོས་འཕེལ་རང་ཉིད་ཀྱིས་བཀོད་པའི་རྒྱུ་མཚན་ཡིན་ལ། རྒྱུ་མཚན་འདི་གཉིས་ལ་རྗེས་དཔག་གི་ནུས་པ་ཅི་བས་ཀྱང་ཆེ། ཡིག་གཟུགས་འདྲ་བ་ལ་བརྟེན་ནས་བརྒྱུད་པ་སྔ་མ་འཚོལ་བར་བྱེད་པ་འདི་ནི་འཛམ་གླིང་གི་སྐད་ཡིག་ཆེད་མཁས་པ་དག་གི་རིགས་པའི་ལམ་སྲོལ་ཀྱང་ཡིན། དེ་ལས་གཞན་དུ་གུཔྟའི་ཡི་གེའང་སྐབས་དེ་དུས་ཀྱི་ན་ག་རའི་ཡི་གེ་ཡིན་པར་དགེ་ཆོས་ཀྱིས་གསུངས་སོ། །དེ་ལྟ་ན་ནི་བུ་སྟོན་སོགས་ཀྱི་དགོངས་པ་དང་ཡང་ཐུན་མོད། འོན་ཀྱང་གུཔྟའི་ཡི་གེ་དང་ན་ག་རའི་ཡི་གེའི་ཟླས་ཕྱེས་པའི་ན་ག་རའི་ཡི་གེ་ནི་དུས་རབས་བདུན་པའི་མཇུག་ཙམ་ན་གུཔྟའི་ཡི་གེའི་རྨང་གཞིའི་ཐོག་ནས་བྱུང་བ་ཡིན་པར་སྐད་རིག་ཞིབ་འཇུག་པ་དག་གིས་གསུངས་པས་ཐུ་མི་རྒྱ་གར་དུ་བྱོན་པའི་དུས་སུ་ད་དུང་ན་ག་རའི་ཡི་གེ་མེད་ལ། ལཉྩ་ནི་དེ་བས་ཀྱང་འཕྱིས་པས་ཐུ་མིས་ཡི་གེ་དེ་དག་ལ་དཔེ་མཛད་ཚུལ་རིགས་པ་དང་མཐུན་པ་ཞིག་གཞག་ཏུ་མེད་པའི་ཕྱིར་རོ། །
  འོ་ན་སློབ་དཔོན་ཐུ་མིས་བོད་ཡིག་མཛད་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་དམ་ཞེ་ན། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་ལས་མེད་པར་བཞེད། རྒྱ་ནག་གི་ཐང་གི་ལོ་རྒྱུས་དང་ཏུན་ཧོང་གི་གཏེར་ཡིག་ལས་ཀྱང་མེད་པར་བཤད། འོན་ཀྱང་བོན་པོ་རྣམས་ཀྱིས་སློབ་དཔོན་ཐུ་མིའི་སྔོན་དུའང་ཡི་གེ་ཡོད་དེ། གལ་ཏེ་ཡི་གེ་མེད་ན་བོན་གྱི་རིག་གནས་བཀའ་བསྟན་དེ་ཙམ་ཞིག་བརྒྱུད་ནས་འོང་ཚུལ་མེད་ལ། དེས་ན་ཞང་ཞུང་གི་ཡི་གེ་ནས་རིམ་པར་གཟུགས་འགྱུར་བ་ལས་བྱུང་བ་ཡིན་ཞེས་བཞེད་དོ། །བཞེད་ཚུལ་འདི་ལ་ཅུང་ཟད་དཔྱད་ན། སློབ་དཔོན་ཐུ་མིས་བོད་ཀྱི་ཡི་གེ་མཛད་པའི་སྔོན་རོལ་དུ་ཡོད་པར་འདོད་པའི་བོད་ཀྱི་ཡི་གེ་དེའི་གཟུགས་བྲག་གམ་རྫའམ་ཡོ་བྱད་གཞན་དག་གི་ངོས་སུ་བྲིས་པ་དག་སྟོན་རྒྱུ་ཡོད་ན་ནི་འཛམ་བུ་གླིང་གི་མི་རིགས་གཞན་པ་དག་གི་གནའ་བོའི་ཡིག་རྙིང་བཞིན་དུ་རྩོད་མེད་དུ་འགྱུར་བ་ཡིན་ཏེ། མི་རིགས་དེ་དག་གིས་རང་གི་གནའ་རབས་ཀྱི་ཡི་གེ་དག་ཡུན་རིང་མོའི་བར་དུ་བརྗེད་པར་གྱུར་པ་སླར་རྙེད་ནས་ལོ་རྒྱུས་ཀྱི་ཕུགས་ཆོད་པ་གོང་དུ་བཤད་པ་ལྟ་བུ་ཡིན་མོད། འོན་ཀྱང་ཕངས་པ་ཞིག་ལ་སློབ་དཔོན་ཐུ་མིའི་ཕྱིས་ཀྱི་ཡི་གེ་ལ་དེ་ཡོད་པ་ལས་སྔོན་དུ་བྲིས་པ་ཡིན་ངེས་ཀྱི་དེ་འདྲའི་ཡིག་གཟུགས་དེ་ད་དུང་རྙེད་པ་མ་མཐོང་བས་མངོན་སུམ་དུ་སྟོན་དཀའ་བར་སྣང་ངོ༌། །དེ་ལྟ་མོད་ཀྱི་རྗེས་སུ་དཔོག་བྱེད་ཀྱི་གཏན་ཚིགས་དེ་ལ་ནི་རྒྱུ་མཚད་ངེས་པ་ཅན་ཡོད་དེ། སྐད་རིག་པའི་ཆེད་ལས་མཁས་པ་དག་གིས་ཀྱང་མི་རིགས་ག་གེ་མོ་ཞིག་ལ་སྔར་ཡི་གེ་ཡོད་མེད་རྟོག་པ་ན། གཏན་ཚིགས་འདི་ཉིད་ཀྱིས་རྗེས་སུ་དཔག་ནས་ཡོད་པར་གཏན་ལ་འབེབ་པར་བྱེད་པ་མཐོང་ངོ༌། །དེའི་ཕྱིར་བོད་ལ་སློབ་དཔོན་ཐུ་མའི་ཡི་གེ་མཛད་པའི་སྔོན་དུ་བོན་པོའི་བཀའ་བསྟན་སོགས་འབྲི་བྱེད་ཀྱི་ཆོས་ཕྱོགས་སུ་བཀོལ་རྒྱུའི་ཡི་གེ་ཞིག་ནི་ཡོད་ལ། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱིས་བཀོལ་ཐུབ་པའི་ད་ལྟའི་ཡི་གེ་ལྟ་བུ་སྟབས་བདེ་བ་ཞིག་ནི་མེད་ཅེས་བརྗོད་ན་རེ་ཞིག་རིགས་པའམ་ལོ་རྒྱུས་དང་མཐུན་པས་དོན་ལ་གནས་པར་འགྱུར་རོ་སྙམ་དུ་སེམས་ཀྱང་ད་དུང་འདི་ལ་ཞིབ་ཏུ་དཔྱད་པར་བྱའོ། །
  དེ་ལྟར་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ནང་དུ་ལོ་ཁྲི་ཕྲག་གཅིག་ཙམ་གྱི་རིང་ལ་ཡུལ་གྲུ་སོ་སོའི་མི་རྣམས་ཀྱིས་ཡི་གེ་སྣ་ཚོགས་པ་བཟོས་ཏེ་བརྒྱ་ཕྲག་ནས་སྟོང་ཕྲག་གི་བར་དུ་འཕེལ་བར་གྱུར། དེ་རྣམས་ཐམས་ཅད་ཚུར་བསྡུ་ན་རིགས་གཉིས་སུ་འདུ་སྟེ། རྒྱ་ནག་དང་ཨེ་ཅིབ་ཀྱི་ཡི་གེ་ལྟ་བུ་བརྗོད་བྱའི་གཟུགས་རིས་འབྲི་བ་དང༌། ཨ་རབ་དང་རྒྱ་གར་གྱི་ཡི་གེ་ལྟ་བུ་སྒྲ་གདངས་མཚོན་བྱེད་ཀྱི་མཚན་མ་སྟེ་དབྱངས་གསལ་ཡི་གེ་གཉིས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག