ཤིན་ཧྭ་དྲ་བའི་ལྷ་ས་ནས་འབྱོར་བའི་ཟླ ༡ ཚེས ༢༣ ཉིན་གྱི་གློག་འཕྲིན་ལྟར་ན། གསར་འགོད་པས་ཚེས ༢༢ ཉིན་བོད་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ནས་རྒྱུས་ལོན་བྱུང་གསལ། བོད་ལྗོངས་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཞིབ་ལས《བོད་རང་སྐྱོང་ལྗོངས་བྱ་གཏོར་བདག་དམ་ཁྲིམས་སྲོལ》གཏན་འབེབས་དང་འབྲེལ་བའི་གྲོས་གཞི་ལ་གྲོས་འཆམ་བྱུང་། འདི་ནི་བོད་ལྗོངས་ནས་ཐོག་དང་པོར་ཁྲིམས་འཛུགས་རྣམ་པས་བྱ་གཏོར་བདག་དམ་བྱས་པ་རེད།
རྒྱུས་ལོན་བྱས་ཏེ་ཤེས་གསལ། 《བོད་རང་སྐྱོང་ལྗོངས་བྱ་གཏོར་བདག་དམ་ཁྲིམས་སྲོལ》ཁྲོད་དུ་བྱ་གཏོར་གྱི་ཆོ་ག་དང་། དུར་ཁྲོད་བདག་དམ་དང་ཉེ་འཁོར་ཁོར་ཡུག་སྲུང་སྐྱོབ། རྟོག་ལྡན་ཐག་གཅོད་བཅས་ཀྱི་ནང་དོན་འདུས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱེད་མི་དོན་འདེམས་བསྐོ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་བསམ་གྲུབ་ཀྱིས་ངོ་སྤྲོད་བྱེད་རྒྱུར། ཁྲིམས་སྲོལ་འདིའི་གྲོས་གཞི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཆོས་ལུགས་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་ལ་ཕུལ་ནས་གྲོས་ཞིབ་བྱ་རྒྱུ་ཡིན་ཅིང་། དེ་ནས་རང་སྐྱོང་ལྗོངས་དམངས་ཆེན་ཨུ་ལྷན་ལ་གྲོས་ཞིབ་མཇུག་འབྲས་སྤྲོད་རྒྱུ་རེད།
བསམ་གྲུབ་ཀྱིས“བོད་ལྗོངས་ཀྱིས་ཐོག་དང་པོར་ཁྲིམས་འཛུགས་རྣམ་པས་བྱ་གཏོར་གྱི་བྱ་བ་བདག་དམ་བྱ་རྒྱུ་ཡིན་པ་དང་། འདི་ནི་བྱ་གཏོར་ལྟ་བའི་བོད་རང་གི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་འདས་མཆོད་སྒྲུབ་སྟངས་ལ་བརྩི་མཐོང་དང་བདག་སྐྱོང་བྱས་པ་རེད”ཅེས་བཤད།
འདིའི་སྔོན་ལ། བོད་ལྗོངས་ནས་སྔོན་ཆད ༡༩༨༥ ལོར་བྱ་གཏོར་བདག་དམ་ཕྱོགས་ཀྱི་བསྒྲགས་ཡིག་སྤེལ་མྱོང་། ༢༠༠༥ ལོར་བོད་ལྗོངས་ནས《བྱ་གཏོར་བདག་དམ་གྱི་གནས་སྐབས་གཏན་འབེབས》ཞེས་པ་སྤེལ། ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ནས་ཐེངས་གཉིས་ལ《བྱ་གཏོར་བདག་དམ་བྱ་བའི་བརྡ་སྦྱོར》སྤེལ།
༢༠༠༥ ལོའི《གཏན་འབེབས》ལས་བསྟན་དོན། བྱ་གཏོར་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་འདས་མཆོད་སྒྲུབ་སྟངས་ཤིག་ཡིན་པས། རྒྱལ་ཁབ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐེབས་ཡོད། བྱ་གཏོར་ཆོ་གའི་ཡུལ་དངོས་ནས་ལྟད་མོ་བལྟ་མི་ཆོག་པ་དང་། པར་ལེན་པ་དང་། བརྙན་ལེན་པ། གཟིགས་འཕབ་པ་སོགས་བྱེད་མི་ཆོག་པ། དུས་དེབ་དང་ཚགས་པར། རྒྱང་བསྒྲགས་དང་བརྙན་འཕྲིན། དྲ་རྒྱ་བཅས་སུ་འགོད་མི་ཆོག་པ་དང་། བྱ་གཏོར་གྱི་ཆོ་ག་དང་འབྲེལ་བའི་ཡི་གེ་དང་པར་རིས། བརྡ་འཕྲིན་ཕྱིར་གཏོང་མི་ཆོག་པ་བཅས་སོ། །
རྒྱུས་ལོན་བྱས་ཏེ་ཤེས་གསལ། ཉེ་བའི་ལོ་དག་ལ། བོད་ལྗོངས་དམངས་སྲིད་ཐིང་ནས་མ་རྩ་སྒོར་ཁྲི ༡༠༠ བཏང་ནས་བོད་ལྗོངས་ཀྱི་བཀོལ་སྤྱོད་ཚད་ཅུང་ཆེ་བའི་དུར་ཁྲོད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་ཞིག་གསོ་བྱས། ལྷ་ས་གྲོང་ཁྱེར་སེ་ར་ཤར་གྱི་དུར་ཁྲོད་སླར་གསོ་བྱུང་། བརྟག་དཔྱད་འབྲས་བུར་གསལ་དོན། བོད་ལྗོངས་སུ་མིག་སྔར་བེད་སྤྱོད་བྱེད་བཞིན་པའི་དུར་ཁྲོད ༡༦༣༨ དང་། རྟོགས་ལྡན ༡༠༩༣ ཡོད་པ་རེད།
ཀུན་གྱིས་ཤེས་གསལ། བྱ་གཏོར་ནི་བོད་རང་གི་སྲོལ་རྒྱུན་གྱི་འདས་མཆོད་སྒྲུབ་སྟངས་ཤིག་ཡིན་པ་དང་། ད་ལྟའི་བར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད། འདིར་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཞིག་ཡོད་ཕྱིར། ཉེ་བའི་ལོ་འདི་དག་གི་རིང་ལ། ནང་ལོགས་དང་ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་བ་མི་ཉུང་བ་ཡ་མཚན་གྱི་འདས་མཆོད་དེའི་ངོ་བོ་རྟོགས་པའི་འདོད་བློ་སྐྱེས་ཏེ་བྱ་སྤྱོད་མི་རུང་བ་སྣ་ཚོགས་སྤེལ་བས། སྲོལ་རྒྱུན་གྱི་འདས་མཆོད་སྒྲུབ་སྟངས་དེར་ཕྱོགས་མང་པོ་ནས་གནོད་པ་ཐེབས། ན་ནིང་། བོད་ལྗོངས་དམངས་ཆེན་དང་། སྲིད་གྲོས་སྡེ་ཁག་གི་བརྟག་དཔྱད་ཚོ་ཆུང་བོད་ལྗོངས་ཀྱི་ས་གནས་སོ་སོར་ཕྱིན་ནས་བརྟག་དཔྱད་ཞིབ་མོ་བྱས་ཤིང་། ཞིབ་ཅིང་ཁུངས་འཕེར་བའི་བོད་ལྗོངས་བྱ་གཏོར་བདག་དམ་གནས་ཚུལ་གྱི་བརྟག་དཔྱད་སྙན་ཞུ་ཞིག་གྲུབ་པ་རེད།(རྩོམ་འགན་པ། རྟ་མགྲིན)