ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཉིང་ཁྲིའི་མི་ནག་འཆམ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སུ་ཚུད།

2014-12-12 ཀླུ་མོ་སྐྱིད།

  ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པའི་ཐེངས་བཞི་བའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཀྱི་མིང་ཐོ་ལས་སྲོལ་རྒྱུན་ཞབས་བྲོའི་རིགས་ཀྱི་གྲས་སུ་བོད་ལྗོངས་ཉིང་ཁྲིའི་མི་ནག་འཆམ་ཚུད་ཡོད།
   མི་ནག་འཆམ་ནི་སོ་སྐྱེས་ཕལ་བའི་འཁྲབ་པའི་འཆམ་ལ་ཟེར་བ་ཡིན་ཏེ། དེ་ནི་གར་གྱི་སྟངས་སྟབས་གཙོར་འཛིན་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ཕལ་ཆེར་ལོ་ངོ ༡༣༠༠ ལྷག་གི་ལོ་རྒྱུས་ཡོད། 《སྦ་བཞེད》དུ། དུས་རབས་བརྒྱད་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་སྐབས་སུ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གདོན་འདྲེ་བཏུལ་བར་སྔོན་ཁྲིད་ནས་བྲོ་གར་འཁྲབ་པ་འཁོད་ཡོད། མི་ནག་འཆམ་ནི་དང་ཐོག་ཉིང་ཁྲི་རྫོང་རྨེ་རུ་ཤང་ནས་དར་བ་དང་། རྗེས་སུ་ཀོང་པོའི་ས་ཁུལ་དུ་དར་ཁྱབ་བྱུང་བ་རེད། ལོ་རེའི་བོད་རྩིས་ཀྱི་ཟླ ༢ པའི་ཚེས ༢༨ ཉིན་ནས ༢༩ བར་ཏེ་ཞིང་རྨོས་ཚར་རྗེས་དང་། ཟླ ༨ པའི་ཚེས ༢༨ ནས་༢༩ བར་ཏེ་ལོ་ལེགས་བསྡུས་རྗེས། ས་གནས་ཀྱི་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ནས་མི་ནག་འཆམ་ལ་རོལ་ཏེ་སྨོན་ལམ་དང་རྟེན་འབྲེལ་ཞུ་བཞིན་ཡོད། དེ་ནི་མི་རྣམས་ཀྱིས་གདོན་འགོག་པ་དང་། ཆར་ཆུ་དུས་སུ་འབབ་པར་རེ་སྨོན་དང་། ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བ་ཡིན།
   མི་ནག་འཆམ་ནི་བོད་ལྗོངས་ཀྱི་གནའ་བོའི་གར་གྱི་རིགས་ཤིག་སྟེ། འཁྲབ་མཁན་ནི་སྐྱེས་པ་དག་ཡིན་ལ། ཁོ་ཚོས་མགོ་རུ་རྒྱལ་བ་རིགས་ལྔའི་ཞལ་འབག་གྱོན་པ་དང་། ལག་གཡོན་ཏུ་རྔ་དང་གཡས་སུ་རྔ་དབྱུག་བཟུང་ནས་བརྡུང་ཞོར་དུ་གར་འཁྲབ་པ་ཡིན། ཁོ་ཚོས་གར་གྱི་སྟངས་སྟབས་ནི་བརྗིད་ཅིང་སྟོབས་ཤུགས་ཀྱིས་ཁེངས་ཡོད་ལ། གཞི་རྒྱ་ཆེ་ཞིང་བྱུང་རིམ་ཁ་ཚང་བས་འཆམ་གྱི་ཁྱད་ཆོས་མངོན་པར་རྫོགས་ཡོད་ལ། ཐུན་མོང་མ་ཡིན་པའི་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་ལ་ཧ་ཅང་དཀོན་པའི་མི་རིགས་ཀྱི་གར་གྱི་རིགས་ཤིག་ཡིན། མིག་སྔར་ཉིང་ཁྲི་རྫོང་དུ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞགརིག་གནས་ཀྱི་ཚབ་བྱེད་རྣམ་གྲངས་ཀྱི་མིང་ཐོར་ཚུད་པ ༤ དང་། རང་སྐྱོང་ཁུལ་གྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་བྱེད་རྣམ་གྲངས་ཀྱི་མིང་ཐོར་ཚུད་པ ༣༧ དང་། རྫོང་རིམ་པའི་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་བྱེད་རྣམ་གྲངས་ཀྱི་མིང་ཐོར་ཚུད་པ ༢༢ ཡོད་དོ། །(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག