ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

རང་རྒྱལ་གྱིས་སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་འཚོལ་སྡུད་དང་ལེགས་སྒྲིག་གི་བྱ་བའི་འགོ་རྩོམ་རྒྱུ་རེད།

2015-01-07 སྙིང་མོ།
   ཉེ་ལམ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཙོ་བོ་སྟེ“ཡོན་མིང་ཆིང་སྐབས་ཀྱི་སོག་པོའི་བོད་ཡིག་གི་བསྟན་བཅོས་སྔོག་འདོན་ལེགས་སྒྲིག་དང་ཞིབ་འཇུག”གི་ལས་གཞི་ཕྱོགས་ཡོངས་ནས་འགོ་བཙུགས་པ་དེས། གཞི་རྒྱ་ཆེ་བའི་ངང་སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་འཚོལ་སྡུད་ལེགས་སྒྲིག་གི་བྱ་བའི་འགོ་དངོས་སུ་བརྩམས་པ་མཚོན།
   སོག་པོའི་དགེ་བཤེས་དག་གིས་བོད་ཡིག་གི་ལམ་ནས་བསྟན་བཅོས་རྩོམ་པའི་སྲོལ་ནི་ལོ་རྒྱུས་སྟེང་སྔ་མོ་ནས་ཡོད་པ་ཞིག་ཡིན་ཞིང་། བོད་ཡིག་གི་བསྟན་བཅོས་འདི་དག་ནི་སོག་ཡིག་གི་བསྟན་བཅོས་མང་དུ་བྱུང་བའི་དུས་དང་ཕལ་ཆེར་དུས་མཉམ་དུ་བྱུང་ཡོད་ལ། ལྷག་ཏུ་དུས་རབས ༡༨ དང ༡༩ ནང་རྩེར་སོན་པའི་དུས་ལ་བབ་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།
   “ཡོན་མིང་ཆིང་སྐབས་ཀྱི་སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་སྔོག་འདོན་ལེགས་སྒྲིག་དང་ཞིབ་འཇུག”གི་ལས་གཞི་འདིའི་ནང་ཀྲུང་གོ་དང་སོག་ཡུལ། ཨུ་རུ་སུ་ལ་སོགས་པ་གཙོར་བྱས་པའི་རྒྱལ་ཁབ་དག་གིས་ཡོན་མིང་ཆིང་སྐབས་ཀྱི་སོག་པོའི་བོད་ཡིག་གི་བསྟན་བཅོས་དག་སྔོག་འདོན་ལེགས་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། སོག་པོའི་བོད་ཡིག་གི་བསྟན་བཅོས་མཛོད་ཅིག་ཀྱང་དུས་མཉམ་དུ་བསྐྲུན་རྒྱུའི་འཆར་གཞི་འཐེན་ཡོད།
   ལས་གཞི་འདི་གར་ནང་སོག་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ བོད་ལྗོངས་སློབ་ཆེན་ལ་སོགས་པའི་ཀྲུང་གོ་ནང་ཁུལ་གྱི་སློབ་ཆེན་དང་ཞིབ་འཇུག་སྡེ་ཁག་དག་ཞུགས་ཡོད་པ་ལས་གཞན། དབྱིན་ཇིའི་ཁམ་ཟམ་སློབ་ཆེན་དང་སོག་པོའི་ཚན་རིག་སློབ་གླིང་། སོག་པོའི་རྒྱལ་བཙུགས་སློབ་ཆེན། ཨུ་རུ་སུ་བྷིར་ཡ་ཐིའི་རྒྱལ་བཙུགས་སློབ་ཆེན་དང་བཅས་པའི་རྒྱལ་ཕྱིའི་རིག་གཞུང་སྡེ་ཚན་ཁག་ཀྱང་ཞུགས་ཡོད་འདུག
   རྒྱུས་ལོན་པ་ལྟར་ན། སོག་པོའི་བོད་ཡིག་གི་བསྟན་བཅོས་ཁག་ལེགས་སྒྲིག་བྱ་རྒྱུ་ནི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ལས་གཞི་ཞིག་ཡིན་ལ། དེས་ཡིག་ཚགས་རྒྱུ་ཆ་དག་ལ་དགོས་ངེས་ཀྱི་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་པའི་རྨང་གཞིའི་སྟེང་མི་རིགས་ཁག་བར་གྱི་རིག་གནས་བརྗེ་རེས་ལའང་ཕན་ཐོགས་པ་མ་ཟད། སོག་པོ་རིག་པ་དང་སོག་བོད་རིག་གནས་འབྲེལ་བའི་ཞིབ་འཇུག་ཐད་རྒྱུ་ཆ་གལ་ཆེན་འདོན་སྤྲོད་བྱེད་ཐུབ་པས་རིག་གཞུང་དང་ཉེར་སྤྱོད་གང་གི་ཆ་ནས་ཀྱང་རིན་ཐང་འགངས་ཆེན་ལྡན་ཡོད་དོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག